ང་ཚོ་སྐྱབས་བཅོལ་བ་ཚོ།(གཉིས་པ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧན་ནཱ- ཨ་རེན་རྡུ་ཁྲི།

ཕྱོགས་གཞན་ཞིག་ནས་བཤད་ན་ང་ཚོ་ཇོས་ཤུ་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་ཀྱི་མི་ཚེའི་སྤྲོ་སྣང་ཕྱོགས་དང་ལེགས་ཕྱོགས་སུ་སྙེག་པའི་ལྟ་ཚུལ་དེར་ཡང་མཚམས་ལན་རེར་ནོར་འཁྲུལ་འདྲ་མིན་ཤོར་བཞིན་ཡོད། ང་ཚོའི་ཁྲོད་དུ་མི་ཚེའི་སྤྲོ་སྣང་རིང་ལུགས་པར་འདོད་མཁན་གྱི་མི་སྣ་གལ་ཆེན་གང་མང་གིས་མི་མང་ལ་མི་ཚེའི་སྤྲོ་སྣང་གི་ཕྱོགས་སུ་འཚོལ་སྙེགས་དང་འབད་བརྩོན་བྱེད་དགོས་པའི་གཏམ་བཤད་དང་བསླབ་བྱ་གང་མང་གནང་རྗེས། ཐ་མར་ཁོ་ཚོ་རང་ཉིད་སོ་སོའི་ཁྱིམ་དུ་རླངས་སྣུམ་དུག་རྫས་སྤར་ནས་རང་སྲོག་བཅད་པ་དང་ཡང་ཁ་ཤས་ཁང་བརྩེགས་ཆེན་པོའི་ཐོག་ཁ་ནས་གཡང་དུ་མཆོང་མཁན་སོགས་མཚམས་ལན་རེར་ཡིད་ཆེས་དཀའ་བའི་གནད་དོན་དེ་འདྲ་ཡང་མང་དུ་བྱུང་བ་རེད། དེར་བརྟེན། གནད་དོན་དེས་ག་ལེར་གང་ཞིག་གསལ་བཤད་བྱེད་བཞིན་འདུག་ཟེར་ན་ཁོ་ཚོའི་མི་ཚེའི་མཇུག་ཏུ་སོ་སོ་འཇིགས་སྣང་དང་ཉམ་ང་མེད་པར་འཆི་བ་ལ་གྲ་སྒྲིག་ཡོངས་སུ་ཟིན་པ་དེ་ནི་ཁོ་ཚོའི་ཆེས་མཐའ་མའི་བདེ་སྐྱིད་ཅེས་པའི་འཚོལ་སྙེགས་ཀྱི་ཁ་ཕྱོགས་ལྟ་བུ་ཞིག་ཏུ་མངོན་སོང་།

ཡང་ཕྱོགས་གཞན་ཞིག་ནས་ཁོ་ཚོས་མི་ཚེ་ནི་ཆེས་རིན་ཐང་ལྡན་པ་ཞིག་དང་འཆི་བ་ནི་ཆེས་ཆེ་བའི་བོར་བརླག་ལྟ་བུ་ཞིག་ཏུའང་འགྲེལ་བཤད་བསྐྱོན་མྱོང་ཡོད་པ་རེད། ང་ཚོ་སོ་སོའི་མི་ཚེའི་མཐར་ཐུག་གི་ཕུགས་བསམ་དང་མི་ཚེའི་མཛེས་སྡུག་ལ་ངེས་པ་མ་རྙེད་པའི་དུས་ཚོད་ནང་དུ་མི་འདོད་བཞིན་དུ་འཇིགས་སྔངས་ཅན་གྱི་གནད་དོན་གང་མང་གི་གདོང་དུ་འབུད་དགོས་བྱུང་བ་རེད། མནར་གཅོད་དང་སྡུག་བསྔལ་གང་མང་གི་རྗེས་སུ་ང་ཚོས་ཀྱང་རིམ་བཞིན་འཆི་བ་ཞེས་པའི་འཇིགས་སྔངས་ཅན་གྱི་གནད་དོན་དེ་ཡོངས་སུ་བརྗེད་པར་གྱུར་བ་མ་ཟད་འཆི་བ་ནི་རིམ་བཞིན་དུ་མི་ཚེ་འདིའི་སྡུག་བསྔལ་དང་མནར་གཅོད་ཡོངས་སུ་སེལ་ཐབས་ཀྱི་ལམ་ཀ་གཅིག་བུར་ངོས་འཛིན་མི་བྱེད་ག་མེད་འབྱུང་བཞིན་ཡོད། འོན་ཀྱང་། སྐབས་དེ་དག་ཏུའང་ང་ཚོར་ཕྱིར་འཁོར་ནས་དགྲ་བོ་དང་དམར་འཛིང་བྱེད་པའི་འཇོན་ཐང་མེད་ལ་འཐབ་འདོད་ཀྱང་མེད་པར་གྱུར། ང་ཚོ་དགྲ་བོའི་ཁ་གཏད་དུ་ལངས་ནས་འཐབ་འཛིང་བྱེད་རྒྱུ་དང་འཐབ་འཁྲུག་གི་གོ་རིམ་ལ་བསམ་བློ་གཏོང་རྒྱུའི་ཚབ་ཏུ་ང་ཚོས་རིམ་བཞིན་ཁུ་སིམ་མེར་རང་ཉིད་དང་རང་ཉིད་ཀྱི་ཉེ་འབྲེལ་གྲོགས་པོ་དག་སྡུག་བསྔལ་གང་མང་མྱང་མ་དགོས་པར་མགྱོགས་མྱུར་ངང་དུ་ཤི་ཐུབ་ན་ཅི་མ་རུང་སྙམ་གྱིན་ཡོད། གང་ཡིན་ཟེར་ན་སྐབས་དེའི་གནས་སྟངས་འོག་ཏུ་འཆི་བ་ནི་གནད་དོན་དང་དཀའ་ངལ་ཡོད་ཚད་སེལ་བྱེད་ཀྱི་ལྡེ་མིག་གཅིག་བུ་ཡིན་ལ་ང་ཚོ་ལ་ཁོ་ཚོ་སྐྱོབས་པའི་ནུས་པ་ཡོངས་སུ་ཉམས་ཡོད་པས་སོ།། ནམ་རྒྱུན་ང་ཚོས་ངོ་ཤེས་དང་གྲོགས་པོ་གང་རུང་ཤི་བ་མཐོང་ཐོས་བྱུང་ཚེ། ང་ཚོས་དགའ་སྤྲོའི་ངང་ཁོ་གཞི་ནས་དཀའ་སྡུག་གང་མང་གི་འོག་ནས་ཐར་ཟིན་པར་ངོས་འཛིན་བྱེད་བཞིན་ཡོད་ལ། ཐ་མར་ང་ཚོ་ཚང་མས་རང་ཉིད་སོ་སོ་ཡང་མགྱོགས་མྱུང་ངང་དུ་ཤི་ཐུབ་ཚེ་མནར་གཅོད་ཀྱི་སྡུག་བསྔལ་འདི་ལས་རེ་ཞིག་ཐར་ཐུབ་པའི་རེ་སྨོན་བྱེད་བཞིན་ཡོད་པར་བརྟེན་ང་ཚོའི་ཉེ་འབྲེལ་དང་གྲོགས་ཕོ་མོ་མང་བོ་ཞིག་གིས་ཐབས་ལམ་འདྲ་མིན་བརྒྱུད་ནས་ལམ་ཁ་དེ་བསྙེགས་སོང་བ་རེད།

ཕྱི་ལོ་༡༩༣༨ ལོར་ཧིས་ཏི་ལིར་(Hitler)གྱིས་ཨོ་སི་ཁྲིརེ་ཡར་(Austria)དབང་བསྒྱུར་བྱས་པ་ནས་བཟུང་རིམ་བཞིན་ང་ཚོའི་སྤྲོ་སྣང་རིང་ལུགས་ཀྱི་མི་ཚེའི་ལྟ་ཚུལ་དེ་སྨྲ་བརྗོད་ཀྱིས་གཞལ་ཐབས་བྲལ་བའི་སྐྱོ་སྣང་དྲག་པོའི་ངོ་བོར་གྱུར་སོང་བ་རེད། གང་ཡིན་ཟེར་ན་དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་ཕྱོགས་ཡོངས་ཀྱི་གནད་དོན་དེ་ཇེ་སྡུག་ཏུ་སོང་བ་རེད། དེ་ལ་བརྟེན་ནས་རང་ཤི་རྒྱག་མཁན་གྱི་གྲངས་འབོར་ཡང་མང་དུ་ཕྱིན་ཅིང་ལྷག་པར་དུ་ཁོ་ཚོ་མང་ཆེ་ཤོས་སྔོན་ཆད་ཀྱི་སྤྲོ་སྣང་རིང་ལུགས་པ་དག་གི་ཁྲོད་དུ་བྱུང་བ་རེད། སྤྱིར་བཏང་ཨོ་སུ་ཁྲི་རེ་ཡའི་ཇེའུ་མི་རིགས་རྣམས་སྣང་བ་སྐྱིད་པོ་དང་སྤྲོ་སྣང་ཅན་ཞེ་གཅིག་ཡིན་ཞེས་ཕྱོགས་ཚང་མར་སྐད་གྲགས་ཡོད་པ་རེད། འོན་ཀྱང་། གནད་དོན་ཡ་མཚར་བ་ཞིག་ལ་ཧིས་ཏི་ལིར་གྱི་དམག་མིས་ཁོ་ཚོར་དྲག་པོས་དབང་བསྒྱུར་བྱས་རྗེས་ཇོའུ་མི་རིགས་མ་ཡིན་པའི་གྲོང་བ་ཁྱིམ་མཚེས་དག་གིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ཁོ་ཚོའི་ཁྱིམ་དུ་རྒོལ་རྡུང་དང་བརྙས་བཅོས་འདྲ་མིན་བྱེད་འགོ་ཚུགས་པ་རེད། དེར་བརྟེན། ཨོ་སུ་ཁྲི་རེ་ཡའི་ཇོའུ་ཤུ་རྣམས་ཀྱིས་སྔ་རྗེས་སུ་རང་ཤི་གང་མང་བརྒྱབས་པ་རེད།

ང་ཚོའི་གྲོགས་པོ་དང་ཉེ་འབྲེལ་རང་ཤི་རྒྱག་མཁན་རྣམས་ནི་འཛམ་གླིང་གི་རང་ཤི་རྒྱག་མཁན་གཞན་དག་དང་མི་འདྲ་བར་ཁོ་ཚོ་རང་ཤི་རྒྱག་དགོས་པའི་རྒྱུ་མཚན་དང་དགོས་པ་ཁ་གསལ་གང་ཡང་མ་བཀོད་པར་ཤི་མཁན་རྐྱང་རྐྱང་རེད་འདུག ཁོ་ཚོས་ཐབས་ཟད་འུ་ཐུག་གི་ངང་དུ་རང་ཤི་རྒྱག་དགོས་པའི་རྒྱུ་མཚན་ཡང་བགྲང་མེད་ལ་དེ་བཞིན་སྡུག་བསྔལ་དག་ལས་གཡོལ་ཆེད་དགའ་སྤྲོའི་ངང་འཆི་བའི་ལམ་ཁ་དེ་བདམས་ཚུལ་གྱི་ཁ་ཆེམས་ཀྱང་བཞག་མྱོང་མེད། དེར་བརྟེན། ཁ་ཤས་ཀྱིས་ཁ་ཆེམས་ཡི་གེར་བྲིས་པ་དེ་དག་ཀྱང་ཁ་གསལ་གཏིང་གསལ་དང་རྒྱུ་མཚན་ལྡན་པ་ཞིག་བྱུང་མེད་པ་རེད། གནས་སྟངས་དེ་འདྲའི་འོག་ཏུ་ང་ཚོའི་གཤིན་པོའི་འདས་མཆོད་ཀྱི་བྱེད་སྒོ་ཡང་ཧ་ཅང་སྟབས་བདེ་དང་དཀྱུས་མ་ཡིན་ལ་བལྟས་ཚོད་ལ་འདས་མཆོད་ཀྱི་བྱེད་སྒོ་རེ་རེ་ཡང་ངོ་ཚ་དང་རེ་བཞག་གཉིས་ཀྱི་རྣམ་པས་ཡོངས་སུ་ཁེངས་ནས་འདུག གང་ཡིན་ཟེར་ན་གཤིན་པོ་དེ་དག་གིས་རང་ཤི་རྒྱག་དགོས་པའི་གནད་དོན་གཙོ་བོ་དེ་སུ་ལ་ཡང་གསལ་བཤད་མི་དགོས་པར་ཚང་མའི་སེམས་ན་གསལ་བོ་གསལ་རྐྱང་ཡིན་པ་རེད། འོན་ཀྱང་། ཁོ་ཚོས་ཅིའི་ཕྱིར་འཆི་བ་ལས་གསོན་པ་དོན་སྙིང་དུ་བཟུང་ནས་མུ་མཐུད་དུ་སྤྲོ་སྣང་རང་ལུགས་ཀྱི་ཕྱོགས་སུ་འཐབ་རྩོད་བྱེད་མ་ཐུབ་པའི་གནད་དོན་དེ་རེད།

སྐབས་འདིར་ངས་དངོས་ཡོད་ཀྱི་གཏམ་མི་སྙན་པ་ཁ་ཤས་མི་བཤད་ཐུ་མེད་བྱུང་གནད་དོན་དེས་ངས་བཤད་དགོས་པའི་གནད་དོན་གང་ཞིག་གོ་དཀའ་རུ་གཏོང་སྲིད་ལ་ད་དུང་གནད་དོན་འདི་ནི་དེང་རབས་ཀྱི་མི་ཚོའི་ཡིད་དབང་འགུགས་པའི་གཏམ་རྒྱུད་འུར་བོ་ཆེ་དེ་འདྲ་ཡང་མིན། གང་ལྟར། ད་ལྟ་ཇོས་མི་རིགས་ཁ་ཤས་ཀྱིས་ཤུགས་ཆེན་པོས་ད་ལྟ་ཇོས་མི་རིགས་དག་རྩ་མེད་དུ་འགྲོ་བཞིན་པའི་གནད་དོན་གླེང་བཞིན་པའི་སྐབས་ངས་ཇོས་མི་རིགས་ཀྱི་མི་གྲངས་དང་ཁོ་ཚོའི་ཤི་གསོན་གྱི་གྲངས་ཀར་དོ་སྣང་དང་ཞིབ་འཇུག་བྱེད་དགོས་བྱུང་བར་བཤད་བཞིན་ཡོད། འཇར་མན་པ་དག་གིས་ཅིའི་ཕྱིར་ཇོས་མི་རིགས་རྣམས་ནི་ཉེས་ཅན་པ་བྱས་ནས་ཚེ་སྲོག་ཤོར་བ་དང་རང་ཤི་བརྒྱབས་ནས་རྫོགས་པ་རེད་ཅེས་བཤད་བཞིན་ཡོད་དམ། ད་དུང་གཞན་ཇོས་མི་རིགས་མང་བོ་ཞིག་རྒྱལ་གཅེས་དཔའ་བོ་ཚོ་བཞིན་གཡུལ་སར་བསད་ནས་རྫོགས་པ་རེད་ཅེས་ཇི་ལྟར་བདེན་དཔང་བྱེད་ཐུབ་བམ། ཁོ་ཚོས་དཀའ་སྤྱད་ཆེན་པོས་བདག་ཉར་བྱས་པའི་གྲངས་ཐོ་ལྟར་ན་ཇོས་ཤུ་མི་རིགས་དག་ནི་སྤྱི་ཡོངས་ནས་སྐབས་དེར་རང་ཤི་རྒྱག་མཁན་གྱི་གྲངས་འབོར་ཆེས་མང་ཤོས་དེ་མ་རེད། འོན་ཀྱང་། ངས་ཕལ་ཆེར་བློ་ཐག་བཅད་ནས་བཤད་ཐུབ་པ་ནི་ད་ལྟ་ཁོ་ཚོས་ཡིག་ཆ་དེ་དག་ཡོད་ཚད་བརྗེས་ཟིན་པས་ཡིད་ཆེས་ཐུབ་པ་ཞིག་ལྷག་མེད་པར་ད་ལྟའི་གྲངས་གནས་གསར་བ་དག་བརྒྱུད་ནས་སྔོན་གྱི་གྲངས་གནས་ངོ་མ་དེ་ར་སྤྲོད་དང་བདེན་དཔང་གང་ཡང་བྱེད་མི་ཐུབ།

གལ་སྲིད། མིས་རུས་པའི་གྲངས་འབོར་གྱིས་མི་འདས་གྲངས་ལ་ཁ་ཚོད་གཅོད་མི་ཐུབ་པར་འདོད་མཁན་དང་ཡང་ན་ཉེས་ཅན་པའི་གྲངས་འབོར་ཁོ་ནས་མི་རིགས་དེ་སྤྱིའི་གྲངས་གནས་ངེས་ཅན་སྟོན་ཐུབ་པར་འདོད་པའི་བསམ་ཚུལ་ཅན་དག་ལ་དགོས་མཁོ་རེ་ཡོད་ཀྱང་སྲིད། དངོས་ཡོད་གཙོ་བོར་བཟུང་ནས་ཤེས་དགོས་པ་ཞིག་ནི་ཡུ་རོབ་ཀྱི་ས་ཁུལ་གང་སར་ད་སྐབས་ཇོས་ཤུ་མི་རིགས་ཁ་ཤས་ནི་ཅི་བྱ་གཏོལ་མེད་དུ་གྱུར་ནས་རང་ཤི་རྒྱག་དགོས་པ་དེ་འདྲའང་གཏན་ནས་འབྱུང་གིན་མེད་པ་དེ་འདྲ་མིན། དཔེར་ན། འཇར་མན། ཨོ་སི་གྲི་ལི་ཡ། ཧྥ་རན་སི། དེ་བཞིན་ཨ་རི་དང་ནེའུ་ཡོག ལོ་སུ་ཨན་ཇི་ལེས། ཨར་ཇན་གྲིས་ན། ཨོས་སྒ་རི་ཡ་བཅས་འཛམ་གླིང་གི་ཇོས་མི་རིགས་ཁ་འཐོར་དུ་གནས་པའི་ས་ཕྱོགས་ཚང་མར་ཁ་ཤས་འབྱུང་བཞིན་པ་འདི་ཡང་ཁས་ལེན་དགོས་པ་ཞིག་རེད། འོན་ཀྱང་། རྒྱུ་མཚན་འདི་ཙམ་གྱིས་སྤྱིའི་གྲངས་འབོར་ཡོངས་སུ་གློ་བུར་དུ་འཕར་ཆག་འགྲོ་ཐུབ་པ་དེ་འདྲ་གཏན་ནས་མིན་ནོ།།

ཕྱོགས་གཞན་ཞིག་ནས་བཤད་ན། ཕོ་ལན་གྱི་སྒེ་ཏོ(Gattos)དང་ཨོསི་ཆུ་བིས་ཆི་(Auschwitz)ངལ་རྩོལ་ར་བ་གཉིས་སུ་ཇོས་ཤུ་མི་རིགས་བསད་པའི་གྲངས་འབོར་གསལ་བོ་ཞིག་ད་དུང་ང་ཚོས་ཤེས་རྟོགས་བྱུང་མེད། འོན་ཀྱང་། ཧྥ་རན་སི་དང་འཇར་མན་གྱི་ངལ་རྩོལ་ར་བ་ཁག་ནས་ཇོས་ཤུ་ག་ཚོད་བསད་པའི་གྲངས་འབོར་ང་ཚོས་གསལ་བོར་ཤེས་ཡོད་པས་ང་ཚོས་གཞུང་གིས་བསད་པ་དང་རང་ཤི་རྒྱག་པའི་བར་གྱི་གྲངས་ཀའི་ཧེ་བག་དེ་གསལ་བོར་ཤེས་ཡོད། དཔེར་ན། སྔོན་ཆད་ང་རང་ཉིད་ཀྱིས་ཀྱང་ངལ་རྩོལ་བྱས་མྱོང་བའི་གྷོར་སུ(Gurs)ལྟ་བུར་མཚོན་ན། ངས་ཐེངས་གཅིག་ལ་མ་གཏོགས་མི་སྒེར་གྱིས་རང་སྲོག་བཅད་པའི་གནས་ཚུལ་ཐོས་མ་མྱོང་ལ་དེ་ཡང་གཙོ་བོ་སྐབས་དེའི་འཇར་མན་གཞུང་གི་བྱེད་སྟངས་ལ་ངོ་རྒོལ་དང་མི་གཞན་ལ་ཐུན་མོང་གི་ལས་དེར་ཞུགས་ནས་ཆིག་སྒྲིལ་གྱི་ནུས་པ་སྟོན་དགོས་པའི་གསལ་བརྡ་ཞིག་ཡིན་པ་འདྲ། སྐབས་དེར། ང་ཚོ་ཁ་ཤས་ཀྱིས་གནད་དོན་དེ་ནི་ང་ཚོ་གཡང་དུ་འདེད་པའི་སྐུལ་མ་རེད་ཅེས་བཤད་པ་ཡིན་ལ་གནས་ཚུལ་དེས་རྐྱེན་པས་གློ་བུར་དུ་མི་མང་གི་ཁ་ཕྱོགས་ཀྱང་གདུག་རྩུབ་ཆེ་བའི་ལམ་དུ་ཕྱོགས་པར་བྱས། མི་མང་བོའི་བསམ་བློར་སུ་ཞིག་གིས་རང་སྲོག་བཅད་པའི་གནད་དོན་དེ་སྒེར་གྱི་རླུང་རྟ་མ་རྒྱུགས་པར་བརྩིས་ནས་རྗེས་ཕྱོགས་ཐུན་མོང་གི་གནད་དོན་ཚང་མར་ཡ་མེད་གཏོང་དགོས་པའི་ལྟ་ཚུལ་ཞིག་ཀྱང་སྐབས་དེར་བཟུང་ཡོད་པ་རེད། འོན་ཀྱང་། བསམ་ཚུལ་དེ་རིགས་འཛིན་མཁན་གྱི་མི་དེ་དག་གིས་ཀྱང་རིམ་བཞིན་རང་སྲོག་གཅོད་པའི་ལམ་ཁར་བསྙེགས་པ་རེད། ཁོ་ཚོས་སྒེར་གྱི་གནད་དོན་གང་རུང་ལ་ཁག་དཀྲིས་ནས་ལམ་ཁ་དེར་ཞུགས་ཚུལ་འདིས་གནད་དོན་གང་ཞིག་ལ་ལེགས་ཕྱོགས་ནས་འགྲེལ་བཤད་བྱེད་ཐབས་བྱས་པ་རེད།

ང་ཚོ་ཆོས་ལུགས་ཁས་མི་ལེན་མཁན་གྱི་ཇོས་ཤུ་མི་རིགས་རང་སྲོག་གཅོད་མཁན་ཐོག་མའི་གྲས་རེད་ལ་དེ་བཞིན་ང་ཚོ་ནི་རང་ཤི་བརྒྱབས་ནས་གནས་ལུགས་ལ་ལན་འདེབས་བྱེད་མཁན་ཐོག་མའང་ཡིན་སྲིད། བསམ་བློ་རིག་པ་བ་རྣམས་ཀྱིས་མི་ཞིག་ལ་མཚོན་ན་འཆི་བ་ནི་ཆེས་ཐ་མའི་རང་དབང་གི་འཇིག་རྟེན་དེའི་སྒོ་མོ་རེད་ཟེར་བ་དེའང་བདེན་པ་འདྲ། གལ་སྲིད། ང་ཚོས་རང་ཉིད་ཀྱི་མི་ཚེའི་འདིའི་རིང་དུ་འཇིག་རྟེན་འདིར་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་མ་ཐུབ་ཚེ་མི་ལུས་འདི་དང་འཇིག་རྟེན་འདི་གཉིས་བསྐྱུར་ནས་བཞུད་རྒྱུ་ནི་ཐ་མའི་གདམ་ཁ་དེ་རེད། གཞན་ཡང་ཇོས་མིི་རིགས་ཁོངས་ཀྱི་པེསུ་ཇོས་ཤུ་བ་དག་ལ་མཚོན་ན་རང་ཤི་རྒྱག་པ་ནི་གཏན་ནས་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་རེད། ཁོ་ཚོས་ད་དུང་ཆེས་མཐའ་མཇུག་གི་རང་དབང་དེར་ངོས་འཛིན་ཐོབ་མེད་པ་རེད་ལ་ཁོ་ཚོས་རང་སྲོག་གཅོད་པ་དེ་ཉེས་དམིགས་ཆེན་པོར་བརྩི་བཞིན་ཡོད། གང་ཡིན་ཟེར་ན་ཁོ་ཚོས་རང་སྲོག་གཅོད་པ་ནི་དཀོན་མཆོག་གི་དབང་ཆ་ལ་ཐེ་གཏོགས་བྱས་པར་བརྩི་བཞིན་ཡོད་པ་རེད། ( ཆོས་གཞུང་དུ། ཚེ་སྲོག་དཀོན་མཆོག་གིས་གནང་བས་ཐ་མར་སླར་ཡང་དཀོན་མཆོག་གིས་འཁྱེར་འགྲོ་བ་དེ་རེད།) ཁོ་ཚོས་རང་སྲོག་བཅད་པ་དེ་ལ་སྲོག་གཅོད་ཀྱི་ཉེས་པ་ཡོད་པར་འདོད་པ་མ་ཟད་གལ་སྲིད་སུ་ཞིག་གིས་རང་སྲོག་བཅད་ཚེ་ཁོ་བས་དཀོན་མཆོག་གིས་གནང་བའི་འཇིག་རྟེན་དེ་ལ་འདོད་པ་མ་ཁེངས་བའི་རྣམ་འགྱུར་ཡིན་པས་འཇིག་རྟེན་བཀོད་པ་བོའི་དགོངས་པ་དང་ལྡོག་ཕྱོགས་སུ་སོང་བར་འདོད་ཀྱིན་ཡོད་པ་རེད།

འོན་ཀྱང་། ང་ཚོས་རང་སྲོག་གཅོད་མཁན་དག་ནི་སོ་སོའི་མི་ཚེ་དང་འཇིག་རྟེན་ཙམ་གྱི་ཆེད་དུ་སྲིད་དོན་གྱི་འཐབ་རྩོད་ལྟ་བུའི་འོག་ཏུ་རང་སྲོག་བཏང་བ་དེ་འདྲ་གང་ཡང་མ་རེད་ལ་ད་དུང་གདུག་རྩུབ་ཆེན་པོའི་འོག་ཏུ་རང་ཉིད་དང་བཅས་པའི་འཇིག་རྟེན་འདི་ཡོད་ཚད་ཐལ་བར་གཏོང་འདོད་མཁན་གྱི་དྲག་སྤྱོད་པ་དེ་འདྲ་ཡང་མིན། ཉམ་ཆུང་མི་བུ་ཁོ་ཚོས་བདམས་པའི་ལམ་ཁ་དེ་ནི་ཅུང་སྟབས་བདེ་བོ་ཞིག་ཡིན་པ་སྟེ་ཡ་ང་བའི་གནས་སྟངས་འོག་ཏུ་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་མ་བྱས་བར་བཟོད་གསོལ་དང་བཅས་རང་ཉིད་སྒེར་གྱི་གནད་དོན་འདྲ་མིན་འོག་ཏུ་རང་སྲོག་བཅད་པ་རེད། སྤྱིར་བཏང་ཁོ་ཚོའི་བསམ་བློར་སོ་སོའི་བྱ་སྤྱོད་ནི་ཆབ་སྲིད་ཀྱི་གནད་དོན་སོགས་དང་འབྲེལ་བ་མེད་མི་སྒེར་སོ་སོའི་ལས་དབང་གིས་ཐག་གཅོད་བྱས་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་པ་གསལ་བོ་རེད། ཕལ་ཆེར་ཁོ་ཚོའི་བསམ་བློར་མི་ཞིག་གི་སྐྱིད་སྡུག་དང་ལེགས་ཉེས་ནི་མི་སོ་སོའི་མི་གཤིས་ལ་རག་ལས་པར་འདོད་ཡོད་པ་འདྲ་ལ། དེའི་ཕྱིར་ཁོ་ཚོས་རང་ཉིད་ཀྱི་མི་ཚེའི་ནང་གི་ཕུགས་བསམ་གང་ཞིག་བརླགས་ཟིན་པ་ཤེས་རྟོགས་བྱུང་བར་བརྟེན་རིམ་བཞིན་མི་ཚེ་མི་མཐུད་སྐྱེལ་འདོད་ཀྱི་འདུན་མའང་བརླགས་པ་རེད། རང་ཉིད་ཆུང་དུས་ནས་རྨི་ལམ་བཏང་བའི་སྤྱི་ཚོགས་ཁྲོད་ཀྱི་གནས་བབ་དང་རིན་ཐང་གང་མང་ཞིག་བལྟས་བལྟས་རིག་རིག་ལ་རང་ཉིད་ཀྱི་མིག་མདུན་ནས་བོར་བརླགས་སུ་ཕྱིན་པ་རེད། རང་ཤི་རྒྱག་མཁན་ཚོས་ལེགས་ཕྱོགས་ནས་སོ་སོའི་རིན་ཐང་དང་མཚན་མཐོང་སྤྱི་ཚོགས་སུ་རྒྱུན་འཛིན་བྱེད་པའི་ལམ་ཁ་དེ་བདམས་པ་རེད། མི་དེ་དག་མང་ཆེ་བ་སྔོན་ཆད་ནས་རང་ཉིད་ཀྱི་ཆེད་དུ་འབད་བརྩོན་ལྷོད་མེད་བྱེད་མཁན་དག་དག་རེད། དེར་བརྟེན། མཐའ་མཇུག་གི་ལམ་ཁ་དེ་ནི་ཁོ་ཚོར་མཚོན་ན་རང་འདོད་ཚ་བོ་ཕྱི་རུ་མངོན་པའི་བྱེད་སྟངས་ཤིག་རེད།
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*