ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (དང་པོ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་ཤཱཀྱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་ཀྱི་དེང་རབས་རྩོམ་རིག་འདི་བཞིན་ནུབ་ཕྱོགས་པའི་ཁྲོད་དུ་མ་གྲགས་ཤིང་། འདས་བའི་བོད་རིག་པའི་ཞིབ་འཇུག་གི་ཞིང་ས་རུའང་དེ་ནི་དགའ་མོས་ཙམ་དུ་ངོས་བཟུང་བ་ལས་སྣང་མེད་དུ་བསྐྱུར་འདུག གང་ལྟར་ཡང་འདས་ཟིན་པའི་བགྲང་བྱ་བཅུ་ཕྲག་བཞིའི་རིང་བོད་ཀྱི་སྐད་ཡིག་དང་འབྲི་རྩོམ་འདོན་སྤེལ་གཉིས་སྲོལ་རྒྱུན་རྩོམ་རིག་གི་གཞུང་ལུགས་དང་ལག་ལེན་ལས་ལོགས་སུ་གྱེས་པས། དེ་དག་གི་གཞི་རྩའི་འགྱུར་ལྡོག་རིམ་པའི་ཐད་ལྟ་ཀློག་དང་ཞིབ་འཇུག་བྱ་དགོས་ངེས་རེད།

སྲོལ་རྒྱུན་ལྟར་ན་བོད་སྤྱི་ཚོགས་ནི་རྒྱུན་དུ་ནས་འབྲི་རྩོམ་གྱི་ཚད་མཐོ་བ་དང་རྩོམ་འབྲིའི་བྱ་གཞག་དང་གསར་གཏོད་ཐད་ལ་ཁྱད་འཕགས་ཀྱི་རིན་ཐང་ལྡན། དེའི་རྒྱུ་མཚན་ཕྱོགས་གཅིག་ནས་དེང་རབས་འགོ་མ་ཚུགས་གོང་གི་བྲིས་རྩོམ་འདོན་སྤེལ་ཕལ་མོ་ཆེ་ཆོས་ཕྱོགས་ལ་གཞོལ་བ་དང་། དེ་ཡང་གཙོ་བོ་མཚན་ཉིད་རིག་པའི་གཞུང་དང་གསོལ་འདེབས། བླ་མ་དག་གི་འཁྲུངས་རབས་བཅས་འབྲི་རྩོམ་བགྱིས་པ་དེ་ལ། བོད་དུ་བྱུང་རབས་(ལོ་རྒྱུས། རྒྱལ་རབས། ཆོས་འབྱུང་།)སྣ་ཚོགས་དང་། རྣམ་ཐར་རྩོམ་རིགས། ལེགས་བཤད་ལྗགས་རྩོམ། ངག་རྒྱུན་གླུ་གཞས། དཔའ་བོའི་རྟོགས་བརྗོད་དང་དམངས་ཁྲོད་སྒྲུང་གཏམ་བཅས་འདུས་པའི་མི་ཆོས་རྩོམ་རིག་གི་གཞི་ཞིག་ཡོད་ན་ཡང་། ཆོས་ནི་བོད་ཀྱི་རྩོམ་འབྲིའི་ལས་ཀྱི་བགྱི་བ་ཀུན་དང་འབྲེལ་བ་དམ་ཟབ་ཡོད།

སྲོལ་རྒྱུན་མི་ཆོས་རྩོམ་རིག་ཟིལ་གྱིས་མནན་པའི་སྙན་ངག་གིས་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་རྒྱ་གར་ལེགས་སྦྱར་གྱི་ལུགས་སྲོལ་དག་ཕ་ཤུལ་རྒྱུད་འཛིན་བྱས་ཡོད་ལ། དུས་རབས་བདུན་པའི་རྒྱ་གར་གྱི་མཁས་པ་དནྜི་ཡིས་བརྩམས་པའི་སྙན་གཞུང་མེ་ལོང་མ་ཡིས་དེ་ཡི་དཔེ་མཚོན་དུ་ཞབས་འདེགས་ཞུས་ཤིང་། དེ་ཡི་རྗེས་འབྲས་སུ་ཉེ་རབས་བོད་ཀྱི་རྩོམ་པ་པོ་འཇུ་སྐལ་བཟང་དང་དོན་གྲུབ་རྒྱལ་འདྲ་བས་སྲོལ་རྒྱུན་སྙན་ངག་སྐོར་ལ་ཁྲེལ་དགོད་དང་བསྟོད་པ་ཙམ་ལས་མ་འདས་ཞེས་དགག་བཞག་ཀྱང་མཛད་ཡོད།

དེང་རབས་རྩོམ་རིག་མ་བྱུང་ཡར་སྔོན་གྱི་མི་ཆོས་བརྩམས་སྒྲུང་གི་དཔེ་མཚོན་གཅིག་པུ་ནི་དུས་རབས་བཅོ་བརྒྱད་པར་མདོ་མཁར་ཚེ་རིང་དབང་རྒྱལ་གྱིས་བརྩམས་པའི་<<གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་>>རེད་གདའ། བརྩམས་སྒྲུང་འདི་རྒྱ་གར་གྱི་དཔའ་སྒྲུང་ར་མ་ཡ་ཎ་ལྟ་བུ་ལས་བླངས་པའི་སྲོལ་རྒྱུན་གྱི་རྣམ་པར་བརྩམས་མོད། མ་རྐང་མི་ཆོས་གཏམ་རྒྱུད་འབྲི་རྩོམ་ལ་ཤུགས་སྣོན་བྱས་པ་འདི་ཡིས་གང་ལྟར་ཡང་ཆོས་ལས་བརྩེ་དུང་གི་ཡ་ཡུད་སྟེང་འཕོ་འགྱུར་བྱུང་དུ་བཅུག་པ་དང་། ཆེས་ཐོག་མར་མི་སྣ་གཙོ་བོའི་བློ་སྟོབས་བསྐྱེད་རུང་གི་གཏམ་རྒྱུད་སྒྲུང་གི་གཙོ་གནད་དང་ཆོས་དང་འབྲེལ་བ་ཕལ་བར་བྲིས་པ་རེད།

མི་ཆོས་རྩོམ་རིག་འདི་ལྟ་བུ་མཆིས་ནའང་དེང་རབས་ནུབ་གླིང་རྩོམ་སྨྲ་བ་ཚོས་རྩོམ་པ་པོའི་རྟོག་འཆར་གྱི་བྱ་བཞག་ཅིག་རེད་ཅེས་འགྲེལ་བའི་བརྩམས་སྒྲུང་རྟོག་སྒྲུང་དང་སྒྲུང་གཏམ་ཐུང་ངུའི་རིགས་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་ཁྲོད་བྱུང་མི་གདའ་ཞིང་། དོན་དམ་པར་ཡང་གལ་སྲིད་ང་ཚོས་དེང་རབས་ནུབ་གླིང་རྩོམ་རིག་གི་མཚན་ཉིད་གཞི་བཞག་ན་བོད་དུ་ཉེ་རབས་བར་དུ་མི་ཆོས་རྩོམ་རིག་ཅིག་བྱུང་མེད་ཅིང་། བོད་ནང་གི་རྩོམ་པ་པོ་མང་ཆེ་ཤོས་ཀྱིས་འདི་ལྟ་བུའི་རྩོམ་རིག་ནི་ལོ་རབས་བརྒྱད་ཅུ་པའི་སྟོད་དུ་བྱུང་ཞེས་བརྗོད་ངེས་རེད།

བོད་ཀྱི་རྩོམ་རིག་གསར་པ་ནི་རྒྱ་ནག་དམར་པོའི་སྲིད་ཇུས་བོད་དུ་རྐང་ཚུགས་པའི་རྗེས་ནས་བྱུང་བར་བརྗོད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་དུ་དམར་ཤོག་རིང་ལུགས་ཀྱི་ཆབ་སྲིད་དང་དོ་དམ་དབང་བསྒྱུར་ཁོ་ན་སྤེལ་བ་མིན་པར་ཆེས་ཐོག་མར་བོད་འདི་བཞིན་དེང་རབས་འཛམ་གླིང་དང་འཕྲད་པར་བགྱིས་པ་དང་། ལྷག་པར་དུ་དངོས་གཙོ་སྨྲ་བ་དང་དེང་རབས་ཀྱི་དབུགས་བྱུང་ཞིང་འཕྲུལ་རིག་གི་ཁེ་ཕན་རླབས་ཆེན་བདོག་པའི་སྤྱི་ཚོགས་ཤིག་བསྐྲུན་པར་བསྒྲགས་མོད། རྒྱ་དམར་གྱི་དབང་བསྒྱུར་གསར་པའི་དགོངས་དོན་གྱི་དང་ཞེན་ནི་བོད་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་ཁོངས་སུ་འཇུག་རྒྱུ་དེ་ཡིན་ལ། དེའི་དོན་དུ་འཕེལ་རྒྱས་མེད་ཅིང་རྗེས་ལུས་ཀྱི་ས་གནས་འདི་ཡར་ཐོན་ཅན་དུ་བྱས་པ་རེད། འདི་ལྟར་ཞིབ་ཏུ་བལྟས་ན་ནུབ་ཕྱོགས་ཀྱི་མི་སེར་སྤེལ་བའི་སྲིད་ཇུས་དང་རྒྱ་དམར་གྱི་བོད་ཀྱི་མི་སེར་སྤེལ་ཡུལ་གསར་བཙུགས་གཉིས་ལ་མཐུན་ཆོས་མང་ཞིང་། གཉིས་ཀའིོ་ནང་མི་སེར་སྤེལ་ཡུལ་ཁྲོད་སྲོལ་རྒྱུན་གྱི་རིག་གཞུང་དང་ས་སྐྱེས་རྡོ་སྐྱེས་ཀྱི་སྤྱི་ཚོགས་ལམ་ལུགས། རིག་གནས་དང་ངོ་བོ་བཅས་གནས་མི་ཐུབ་པ་དེ་ལ། དབང་བསྒྱུར་བ་གཞན་དག་ལྟར་རྒྱ་དམར་གྱིས་ཀྱང་ས་ཁོངས་བདག་འཛིན་ཙམ་དག་སྐྱེལ་བྱེད་པ་མིན་པར་ས་གནས་མི་དམངས་ཀྱི་བློ་འགུག་དབང་བསྒྱུར་ལ་དམིགས་ཡོད།

རྗེས་ལུས་ཀྱི་བསམ་ཚུལ་དེ་བོད་ནང་གི་རྒྱ་ནག་གི་དབང་བསྒྱུར་གྱི་རང་བཞིན་ཤེས་རྟོགས་ལ་གལ་འགངས་ཆེ་ཞིང་། བརྡ་ཆད་འདི་ཡིས་བོད་འཕྲུལ་རིག་གི་རྗེས་སུ་ལུས་པ་དང་དེ་ལས་ཀྱང་གལ་ཆེ་བ་རིག་གནས་ཀྱི་ཐད་ནས་སོར་གནས་རྗེས་ལུས་སུ་འདོད་པའང་ཤུགས་བསྟན་བྱས་ཡོད། དེ་བས། ཞིང་བྲན་བཅིངས་འགྲོལ་གྱིས་མི་དམངས་ཀྱི་རིག་གནས་སྟོབས་ཤུགས་ཡར་སྤེལ་དང་དཔལ་འབྱོར་གྱི་དཀའ་ངལ་ལས་ཐར་བ་གཉིས་ཀར་གྲུབ་འབྲས་ལེན་འདུན་བསྟན་པ་དང་། རྒྱུད་རིམ་འདིའི་ཁྲོད་སྐད་ཡིག་དང་རྩོམ་རིག་ནི་མི་སེར་སྤེལ་ཡུལ་གྱི་བཅོས་བསྒྱུར་གྱི་གཞི་རྐང་དུ་གྱུར་ཞིང་། དུས་སྐབས་འདི་ལྟ་བུ་ཞིག་ལ་བོད་ནང་དུ་རྩོམ་རིག་གསར་བ་ཞིག་དབུ་བརྙེས་པ་རེད།

རྒྱ་ནག་གི་དབང་བསྒྱུར་གྱིས་འཕྲལ་དུ་མངོན་གསལ་དོད་པོས་བོད་སྐད་ཡིག་ལ་ཕྱོགས་ཡོངས་ནས་ཤུགས་རྐྱེན་ཚད་ངེས་ཅན་ཞིག་བསླེབས་ཡོད། གང་ལགས་ཤེ་ན་དང་ཐོག་བོད་སྐད་ཡིག་ནི་དམར་ཤོག་ཚོགས་པའི་བརྡ་འཕྲིན་ཁྱབ་བསྒྲགས་ཀྱི་རྒྱུད་ལམ་གཙོ་བོར་བེད་སྤྱོད་བྱས་པ་དང་། གནས་སྟངས་འདིའི་སྟེང་ནས་བོད་མི་ཤེས་ལྡན་པ་དག་ནི་གལ་ཆེའི་རྒྱལ་གཅེས་མི་སྣ་རུ་བསྡུ་སྐོང་བྱས་ཏེ་སྔར་དང་ད་ལྟ་མཚམས་སྦྱོར་བྱེད་མཁན་གྱི་རུ་དཔུང་བཟོས། དེ་ཡང་སྔོན་ཆད་ཀྱི་རྩོམ་རིག་གི་དང་རྩེ་ཁག་དགོན་པ་ཁག་དང་ཆོས་དང་འབྲེལ་བའི་ཁོར་ཡུག་ལས་བྱུང་པས། རྒྱ་ནག་གིས་མི་ཕོན་ཆེས་ཁོང་ཚོ་ལ་ཡིད་ཆེས་བྱེད་ཤག་ཤག་བྱས་པ་རེད། རྒྱ་ནག་དམར་ཤོག་གིས་ཁོང་ཚོ་དང་ཁོང་ཚོའི་རྩོམ་རིག་གི་འཇོན་ནུས་དེ་མཚམས་སྦྱོར་ཙམ་ལ་བཀོལ་བ་མིན་པར། ཁོང་ཚོས་དམིགས་གསལ་གྱི་བརྡ་ཆད་དང་ཚིག་མཛོད་གསར་བ་ཁྱབ་ཆུང་ཆུང་ཞིག་གསར་དུ་དམིགས་སུ་བཟུང་བ་གསལ་ཁ་འདོན་པའི་ཆེད་དུའང་བཀོལ་ཡོད། བོད་ཡིག་གི་ཚིག་མཛོད་གསར་བ་དེ་ནི་རྒྱ་ནག་ཏང་གི་བསྒྲགས་གཏམ་དང་དམར་ཤོག་རིང་ལུགས་ཀྱི་གསར་བརྗེ་རྒྱ་ནག་ནང་སྤེལ་བའི་མ་ཁེ་སིའི་རིང་ལུགས་ཀྱི་ལྟ་གྲུབ་བཅས་བོད་བསྒྱུར་བྱེད་པར་དགོས་ངེས་རེད་ལ། དེ་ལ་རིན་ཐང་དེ་ཙམ་ལས་མེད། སྤྱི་ཡོངས་ནས་རང་གི་སྲོལ་རྒྱུན་གྱི་ལྟ་གྲུབ་དབང་བསྒྱུར་མངའ་ཁུལ་དུ་སྤེལ་འདུན་མི་འཆང་པའི་ནུབ་ཕྱོགས་ཀྱི་མི་སེར་སྤེལ་བའི་སྲིད་ཇུས་དང་མི་འདྲ་བར་རྒྱ་ནག་དམར་ཤོག་ནི་ཁོང་ཚོའི་སྤྱི་ཚོགས་ལྟ་གྲུབ་ཀྱི་སྒྲོམ་གཞི་ཡོད་ཚད་སྤེལ་འདུན་མངོན་གསལ་དང་ལྷན་དུ་བོད་ལ་སླེབས་པ་རེད།

མུ་འགོད།
(རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (དང་པོ)

  1. གཙང་ཞོལ་བདེ་གསལ་ ནས།

    རྒན་ཚེ་རིང་ཤཱཀྱ་ལགས་ཀྱི་མུ་མཐུད་དུ་ཕྲིས་དང་ལྟ་འདོད་ཡོད།

  2. མིང་ཤྭ་ཀྱ་ཉི་མ་ ནས།

    སྐར་ཁུང་དྲྭ་བས་གྲག་ཅན་དཔྱོད་རྩམ་ཁག་བོད་ཡིག་གི་ལམ་ནས་སྤེལ་བར་ཐུགས་རྗེ་ཆེ་ཞུ་་་་གོང་དུ་ངས་མྱུར་འཕྲིན་ཁ་བྱུང་ཐོག་ཏུ་འཐུད་ནས་་་་འགྱུར་རྩོམ་ཁག་གཏོང་ཐུབ་པའི་རེ་འདུན་ཞུ

Write a Reply or Comment

Your email address will not be published. Required fields are marked *

*