ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་ཤཱཀྱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དེ་བཞིན་བོད་སྐད་ཡིག་ལ་བསྒྱུར་བཅོས་དང་ལེགས་བཅོས་བྱེད་པ་ནི་མི་དམངས་ཀྱི་བྱ་སྤྱོད་དང་བསམ་བློ་བཟོ་བཀོད་བྱེད་པར་དགོས་ངེས་སུ་རྩིས་པ་དང་། སྤྱི་ལོ་༡༩༥༠ལོའི་སྟོད་ནས་རྒྱ་དམར་གྱིས་སྤྱི་ཚོགས་འགྱུར་ལྡོག་ནི་དལ་བུར་སྒྲུབ་དགོས་པ་ཞིག་དང་མི་དམངས་ཀྱི་མོས་མཐུན་དང་ལྷན་དུ་བསྐྱོད་དགོས་པར་ཡིད་ཆེས་ཀྱིས་བྱ་སྤྱོད་སྤེལ་ཞིང་། མངོན་སུམ་དང་མངོན་སུམ་མ་ཡིན་པའི་སྒོ་ནས་ག་ལེར་བཅོས་བསྒྱུར་ངོ་སྤྲོད་བྱེད་དགོས་ཞེས་པའི་དོན་ཡང་། མངོན་སུམ་དུ་ནང་དོན་རིག་པ་དང་རིག་གནས་ཀྱི་ལྟེ་གནས་ཁག་ལོགས་སུ་བཀར་སྟེ་མི་དམངས་ལས་རྒྱལ་བར་བྱེད་པ་དང་མངོན་སུམ་མ་ཡིན་པར་ཁྲིམས་ཀྱི་བཀའ་རྒྱ་ལ་སྣང་ཆུང་བྱེད་རྒྱུ་དེ་ཡིན། སྲོལ་རྒྱུན་རྩོམ་རིག་གི་མཐོ་རིམ་གྱི་ཤེས་བྱ་དང་སྒྱུ་རྩལ་རྣམས་གསར་བརྗེའི་རྩ་དོན་ཐད་བཀོལ་སྤྱོད་བྱེད་དགོས་པ་དང་། ཟུར་ནས་རྩོམ་པ་པོ་དག་ལ་སྤྲད་པའི་གྲལ་རིམ་གྱི་གོ་གནས་དེས་ཁོང་ཅག་ཀྱང་འཐབ་རྩོད་ཀྱི་དམིགས་འབེན་བཟོ་བ་ཡིན་ལ། དོན་ངོ་མར་བོད་ཀྱི་མཐོ་རིམ་གྱི་རྩོམ་རིག་འདོན་སྤེལ་དེ་དེ་མ་ཐག་ཁོང་ཚོ་ལ་ངོ་རྒོལ་དང་སྤྱི་ཚོགས་ཁྲོད་ཁོང་ཚོར་ཐོབ་པའི་གོ་དབང་ཉམས་དམས་སུ་གཏོང་བར་བེད་སྤྱོད་བྱས་པ་རེད།

དེང་ཐོག་ནས་རྒྱ་དམར་གྱིས་བོད་ཀྱི་སྐད་ཡིག་ལ་ཐེ་བྱུས་བྱེད་དོན་ནི་རྒྱ་ནག་གི་ལོ་རྒྱུས་དང་ཁྲིམས་ཀྱི་ཐད་ནས་བོད་རྒྱ་ནག་གི་ཆ་ཤས་སུ་རྩོད་ལེན་བྱེད་རྒྱུ་གང་ཅི་ཡང་རུང་དངོས་ཡོད་ལག་ལེན་གྱི་ཐོག་ནས་དབང་བསྒྱུར་བྱེད་པ་དང་གཞི་རྩའི་ཆ་ནས་ལོགས་སུ་མ་སོང་པར་སོར་གནས་ཡོང་བར་རེ་བ་བཅས་དང་འབྲེལ་བ་རེད། སྐབས་འདིར་རྩོམ་རིག་གི་བྱ་འགུལ་ཁག་ནི་རྒྱ་དམར་གྱི་བསྒྲགས་གཏམ་བོད་བསྒྱུར་པར་སྐྲུན་དང་གཞན་རྩོམ་རིག་གི་དམིགས་བསལ་སྡེ་ཚན་ཁག་གིས་དམར་ཤོག་རིང་ལུགས་ཀྱི་ཚིག་མཛོད་ནང་གི་མི་དམངས་དང་། དམངས་གཙོ། གྲལ་རིམ། བཅིངས་འགྲོལ། བཤུ་གཞོག་ལྟ་བུའི་ཚིགས་རྣམས་བོད་ཡིག་ནང་ཇི་ལྟར་བསྒྱུར་བར་བགྲོ་གླེང་བྱེད་པ་བཅས་སུ་འདུ་ལ། ཁོང་ཚོས་ད་དུང་བརྡ་ཆད་གསར་པ་དེ་དག་གཞིར་བཞག་གིས་དཔེ་དེབ་བརྩམ་དགོས་སམ། ཡང་ན་བརྡ་ཆད་གསར་པ་རྣམས་མི་དམངས་ཀྱི་ཕལ་སྐད་ཁྲོད་བེད་སྤྱོད་ཀྱིས་ཁྱབ་སྤེལ་བྱེད་དགོས་ཟེར་བ་བཅས་ལའང་བགྲོ་གླེང་བྱས་ཡོད། དོན་ངོ་མར་པར་སྐྲུན་འཕྲུལ་རིག་དང་གསར་ཤོག་རྣམས་རྒྱ་ནག་གིས་རྩོམ་རིག་གསར་གཏོད་གོང་འཕེལ་ལ་དམིགས་ནས་འཁྱེར་ཡོང་བ་མིན་པར། དེ་ལས་ལྡོག་སྟེ་དམར་ཤོག་ཚོགས་པ་དང་དེའི་ཁྱབ་བསྒྲགས་ཀྱིི་དགོས་མཁོའི་ཆེད་འབའ་ཞིག་གོ

རིག་གནས་གསར་བརྗེའི་སྐབས་སུ་(༡༩༦༦ _ ༡༩༧༦)རྒྱ་ནག་གིས་བོད་ལ་ཐུན་མོང་མ་ཡིན་པའི་ངོ་རྟགས་ཤིག་བདོག་པ་དེ་མངོན་གསལ་གྱིས་ངོས་ལེན་མ་བྱས་པ་དང་། རྙིང་བཞི་རྩ་གཏོར་ཞེས་པའི་དམར་ཤོག་གི་འབོད་སྒྲའི་འོག་ནས་བོད་མི་ཚོའི་ལམ་ལུགས་སྲོལ་དང་མི་ཚེའི་འདུན་པ་ཡོད་ཚད་ལ་འཐབ་རྩོད་བྱས། དམར་ཕྱོགས་ཤོག་ཁག་གིས་རྒྱ་ནག་ཁྱོན་ཡོངས་རིག་གནས་དང་མི་ཚེའི་འགྲོ་ལུགས་ཐད་ནས་གཅིག་གྱུར་དགོས་པའི་བཀའ་བཏང་པ་དང་། བོད་ནང་དུ་དམར་ཤོག་གི་བསྒྲགས་གཏམ་དང་རྒྱ་ཡིག་གི་ཚགས་པར་ལས་ཕབ་བསྒྱུར་བྱས་པའི་རྩོམ་ཡིག་ཁག་ཁོ་ན་ཙམ་ལས་གཞན་བོད་ཡིག་ནང་དུ་པར་སྐྲུན་བྱེད་པ་ཐམས་ཅད་བཀག་འགོག་བྱས་ཤིང་། དེའི་རྗེས་ནས་བོད་མི་ཚོར་རང་ཉིད་གཞན་ལས་ཐ་དད་དུ་དབྱེ་བྱེད་གཅིག་གདའ་བ་ནི་ཁ་ནས་བོད་སྐད་བཤད་རྒྱུ་ཉག་གཅིག་ཏུ་གྱུར་བ་རེད།

མོའོ་འདས་མ་ཐག་པ་དང་དེའི་རྗེས་སུ་འབུར་ཏུ་ཐོན་པའི་ཏིན་ཞོ་ཕིན་གྱི་འགོ་ཁྲིད་གསར་པའི་འོག་རྒྱ་ནག་ཁྱོན་ཡོངས་ལ་སྔོན་ཆད་བྱུང་མ་མྱོང་བའི་འགྱུར་ལྡོག་བྱུང་བ་དང་། དམར་ཕྱོགས་ཤོག་ཁག་གི་ཤེས་ཡོན་ཅན་ཚོའི་ཐད་ཀྱི་སྲིད་ཇུས་དེར་ཡང་འགྱུར་ལྡོག་བྱུང་ཞིང་། གྲང་ཉུང་མི་རིགས་ཐད་ཀྱི་སྲིད་ཇུས་ལའང་བཅོས་བསྒྱུར་བྱས་ལ། རིག་གནས་རང་སྐྱོང་གི་སྲིད་ཇུས་རྣམས་རང་སོར་འཇོག་ཆེད་མཚུངས་བསྡུར་སྲིད་ཇུས་སྣང་མེད་དུ་བསྐྱུར། འགྱུར་ལྡོག་འདི་དག་གིས་བོད་པ་རྣམས་མདུན་བསྐྱོད་ཆེན་པོ་བྱ་བཏུབ་པའི་གྲུབ་འབྲས་ཐོན་ཡོད།

སྤྱི་ཡོངས་ནས་རྒྱལ་ཡོངས་ཚོགས་ཆེན་སྐབས་གསུམ་པའི་རྗེས་ཙམ་ནས་དབང་འཛིན་པ་ཚོས་བོད་ལ་རང་གི་རིག་གནས་ཀྱི་ངོས་འཛིན་འདོན་སྤེལ་བྱེད་པའི་རང་དབང་ཅུང་ཙམ་སྤྲད་པ་དང་སྤྱི་ལོ་༡༩༧༩ལོར་བོད་ཀྱི་དེང་རབས་རྩོམ་རིག་དབུ་བརྙེས་པར་འདོད་པ་དང་། བགྲང་བྱ་ཉི་ཤུའི་རིང་མནར་གཅོད་ཕོག་པའི་བོད་བརྒྱུད་ནང་བསྟན་དེ་ཡང་བསྐྱར་གསོ་བྱུང་བ་རེད།

སྤྱི་ལོ་༡༩༨༠ལོར་རྩོམརིག་གསར་པར་ཁ་ཕྱོགས་པའི་དུས་དེབ་ཐོག་མ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་ཐོན་པ་རེད། བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཏོན་པ་དང་། གསར་དུ་ཐོན་པའི་འདོན་ཐེངས་དེའི་ནང་དུ་སྒྲུང་ཐུང་སྐལ་བཟང་མེ་ཏོག་དང་དབྱངས་ཅན། ཕ་ཡུལ་གྱི་ས། འཕགས་མི་བཅས་བསྡུས་ཡོད་ལ། བརྩམས་སྒྲུང་འདི་དག་ནི་ལོ་ངོ་དུ་མའི་སྔོན་ནས་བརྩམས་ཤིང་བོད་པ་ཚོས་བོད་པའིོ་སྐོར་རྒྱ་ཡིག་ནང་བྲིས་ཏེ་རྒྱ་ཡིག་གི་དུས་དེབ་ཁག་གི་ནང་སྤེལ་ཡོད། ཁོང་ཚོའི་གཞི་རྩའིོ་དམིགས་ཡུལ་ནི་མི་དམངས་བཅིངས་འགྲོལ་དམག་གིས་བོད་དེ་བཞིན་སྔར་གྱི་ཞིང་བྲན་གྱི་བཤུ་གཞོག་འོག་གི་མུན་ནག་གི་དུས་རབས་ལས་གྲོལ་བར་བརྗོད་དེ་བོད་ལ་བཅིངས་འགྲོལ་བྱས་ཚུལ་དེ་ལ་རྒྱ་ནག་ཀློག་པ་པོ་དག་ལ་ཀུན་སློང་རྣམ་དག་གིས་དག་སྐྱེལ་བྱེད་འདོད་པ་དེ་ལ། དོན་དངོས་སུ་སྒྲུང་འདི་དག་བོད་པ་ཚོས་ཞིང་བྲན་མངའ་བདག་དག་གི་གཉའ་གནོན་ལ་ཁ་གཏད་ཀྱིས་བདེན་པ་དག་སྐྱེལ་གྱི་ཁ་དབུགས་ཤིག་ལ་འབོད་པ་བྱས་པའི་ངག་བཅད་ཀྱི་སྨྲ་བ་ཡི་གེར་བཀོད་པ་ཡིན་ཞིང་། བརྩམས་སྒྲུང་ཐམས་ཅད་རྒྱ་ཁྱབ་ཀྱིས་སྤེལ་བ་དང་སློབ་གྲྭ་ཁག་གི་ནང་བེད་སྤྱོད་བྱས་ཡོད།

བརྩམས་སྒྲུང་འདི་དག་རྒྱ་ཡིག་ནས་བོད་ཡིག་ལ་བསྒྱུར་བའི་ཤུགས་ནས་སྐབས་དེར་བོད་རང་གི་སྐད་ཡིག་ཐོག་ལ་རྩོམ་མཁན་མེད་པ་གོ་ཐུབ་པ་དང་། དོན་ངོ་མར་སྤྱི་ལོ་༡༩༧༩ལོར་སུ་ཝེ་སྦྲེ་ཤིའི་གསར་འགོད་པ་ཞིག་ལྷ་སར་འབྱོར་ཏེ་བོད་ཡིག་གི་དེང་རབས་རྩོམ་པ་པོ་རྣམས་དང་ལྷན་དུ་བགྲོ་གླེང་བྱེད་རྒྱུའི་དགོས་འདུན་བཏོན་པར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་རིག་གནས་སྡེ་ཁག་གིས་མི་གཅིག་ཀྱང་སྟོན་རྒྱུ་མ་རྙེད་པ་རེད། དེ་སྔོན་གྱི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་རྩོམ་སྒྲིག་པ་བཀྲ་ཤིས་རྣམ་རྒྱལ་གྱིས་གསུངས་པར་གཞིགས་ན་དོན་རྐྱེན་འདི་ཡིས་བོད་པ་ཚོས་རིག་གནས་སྡེ་ཁག་ནང་ལས་ཀ་གཉེར་ཐུབ་པ་དང་ཁོང་ཚོར་བོད་པ་ཚོར་བརྩམས་སྒྲུང་འབྲི་རྩོམ་གྱི་འགོ་རྩོམ་པའི་བློ་སྟོབས་སྤེལ་བ་བཅས་ལ་ཤུགས་རྐྱེན་མི་དམན་པ་འཐེབས་ཡོད་པ་རེད།

ཕྱིས་སུ་རྩོམ་རིག་དཔྱད་བརྗོད་པ་དག་གིས་བོད་པ་བཅོས་སྒྲུང་འབྲི་མཁན་མེད་པས་རྒྱུ་མཚན་ནི་ཁོང་ཚོས་དམར་ཤོག་གི་སྲིད་ཇུས་འོག་ཅི་ཞིག་ལ་གནང་བ་ཡོད་མིན་ཐག་མ་ཆོད་པ་དེ་ཡིན་པ་ཤེས་ཤིང་། དེ་ལས་ཀྱང་ཡིད་མི་རངས་པའི་རིགས་ལམ་ཞིག་ཡོད་པ་ནི་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འདོན་ཐེངས་དང་པོའི་ནང་བཏོན་པའི་སྒྲུང་བཞི་པོ་དེའང་ནང་དོན་དང་རྣམ་པ་གཉིས་ཀ་དམར་ཤོག་ཚོགས་པའི་ཡང་དག་པའི་བཀོད་འདོམས་འོག་བྲིས་པ་བསམ་བཞིན་དུ་བདམས་བཀོད་བྱས་པ་ཡིན་འདུག་པ་དེ་སྒྲུང་ཚང་མའི་ནང་དུ་བོད་ཀྱི་ཞིང་བྲན་སྤྱི་ཚོགས་དང་ངལ་རྩོལ་མི་དམངས་ཀྱི་འཚོ་བའི་གདུག་རྩུབ་ཞིབ་འབྲི་བྱས་པས་ལྷག་ཏུ་བདེན་པར་བྱས་འདུག

གང་ལྟར་ཡང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་འདོན་ཐེངས་དང་པོ་འགྲེམས་སྤེལ་བྱས་པའི་ཀུན་སློང་གིས་བགྲོ་གླེང་ཚ་བོ་ཞིག་གི་དབུ་བསླངས་འདུག་པས། བོད་ཀྱི་རྩོམ་རིག་ཅེས་པ་གང་ཞིག་ལ་ངོས་འཛིན་དགོས་སམ། རྩོམ་པ་པོའམ། བརྗོད་བྱའམ། སྐད་ཡིག་བཅས་གང་ཞིག་གི་སྟེང་ནས་འཇོག་གམ། བོད་ཀྱི་རྩོམ་རིག་སྒྱུ་རྩལ་འདོན་ཐེངས་ཐོག་མ་དེ་ཡིས་བརྗོད་བྱ་དང་རྩོམ་པ་པོའི་རིགས་རྒྱུད་ཀྱི་སྟེང་ནས་བོད་ཀྱི་རྩོམ་རིག་ཏུ་བསྙད་འདུག་པར་མཐོང་།

བགྲང་བྱ་གཅིག་གི་རྗེས་སུ་བོད་སྐད་སྨྲ་བའི་མཐོ་སྒང་གི་མཐའ་ཟུར་བྱང་ཤར་ཨ་མདོའི་ཡུལ་དུ་སྦྲང་ཆར་ཟེར་བ་ཞིག་ཐོན་པ་དང་། དེ་ཡི་ཁ་བྱང་གིས་ལྗང་མྱུག་ལ་སྟོབས་རྒྱས་པ་དང་སྣང་ཚུལ་གྱི་བཅུད་འཛོམས་པར་འབོད་པ་གཏོང་བ། སྤྲོས་པ་དང་སྦྲང་ཆར་གྱི་ནུས་ཤུགས་བསྐྱར་གསོ་བྱེད་བཅས་ཀྱི་གོ་བརྡ་བསྟན་པ་དང་། སྦྲང་ཆར་ཞེས་པའི་ཁ་བྱང་རན་པོ་འདི་བོད་ཀྱི་རྩོམ་རིག་དུས་དེབ་ཀྱི་མིང་བྱང་ཐོག་མ་རུ་གྱུར་ཞིང་། པར་སྐྲུན་ཟིན་པའི་དུས་དེབ་གཞན་གང་ལས་ཀྱང་སྦྲང་ཆར་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་བཏིངས་ཤིང་དབྱིབས་དོད་པ་རེད།

སྦྲང་ཆར་རྩོམ་སྒྲིག་པས་བོད་ཡིག་ནང་བྲིས་པའི་བརྩམས་སྒྲུང་རྩོམ་སྒྲིག་དང་འདོན་སྤེལ་གྱི་སྲིད་ཇུས་བརྒྱུད་ནས་བོད་ཀྱི་རྩོམ་རིག་དང་སྒྱུ་རྩལ་ལྟ་ཞིབ་ཐད་ནན་ཏན་གྱིས་གདོང་ལེན་གནང་པ་དང་། དེར་མ་ཟད་ཁོང་ཚོས་གལ་སྲིད་མ་རྐང་བོད་ཡིག་ནང་བྲིས་བ་ཡིན་ཚེ་སྐད་ཡིག་གཞན་ཏུ་བསྒྱུར་བའི་བརྩམས་སྒྲུང་ཡིན་ཡང་འདོན་སྤེལ་གནང་ཡོད་ཅིང་། དོན་དག་འདི་ཡིས་རྩོམ་སྒྲིག་པས་བོད་ཀྱི་རྩོམ་རིག་ཅེས་པ་ནི་བརྗོད་བྱའམ་རྩོམ་པ་པོའི་རིགས་རྒྱུད་ཀྱི་སྟེང་ནས་ངོས་བཟུང་བ་མིན་པར་སྐད་ཡིག་ཁོ་ནའི་སྟེང་ནས་འཇོག་དགོས་པའི་བསམ་པ་བསྟན་པ་དང་། དུས་མཚུངས་སུ་ཀློག་པ་པོ་ཞིག་གིས་དུས་དེབ་ཏུ་རྒྱ་ཡིག་ལས་བསྒྱུར་བའི་བརྩམས་སྒྲུང་འདོན་སྤེལ་བྱས་ཚེ། སྦྲང་ཆར་གྱི་ཐུན་མིན་གྱི་རྩ་བ་བོར་ནས་ར་མ་ལུག་ཏུ་འགྱུར་ངེས་ཞེས་ནན་སྐུལ་བྱས།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (གཉིས་པ)

  1. ཡར་འཕེལ་ ནས།

    ཧ་ཅང་གི་ཀློ་སྤྲོ་བོ་བྱུང་།

  2. ཀླུ་སྨྱོན་ ནས།

    སྐལ་བཟང་མེ་ཏོག་ནི་བོད་སྐྱོད་དམག་མིའི་གྲས་སུ་ཞུགས་པའི་ཁམས་པ་འཇམ་དཔལ་རྒྱ་མཚོས་བརྩམས་པའི་ཤོག་ངོས་ལྔར་བརྒྱར་ལོངས་པའི་སྒྲུང་རིང་ཞིག་རེད། ང་ཆུང་དུས་སྒྲུང་འདི་ལན་མང་བཀླགས་ཏེ་རྩོམ་པ་པོ་ཞིག་ཏུ་འགྱུར་བའི་ཤུགས་རྐྱེན་མི་དམན་པ་ཞིག་བཞག་མྱོང་། སྒྲུང་འདི་སྒྲུང་འབྲིང་གི་གྲས་སུ་ཡང་མ་བཞག་པར་སྒྲུང་ཐུང་གི་གྲས་སུ་བཞག་པ་ནི་སྐུ་ཞབས་ཚེ་རིང་ཤྰཀྱ་ལགས་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་ལ་ད་དུང་ཞིབ་འཇུག་ཡག་པོ་ཞིག་གནང་དགོས་པའི་དྲན་སྐུལ་དུ་མཐོང་། ཁོང་སྤྱིར་ན་མཁས་པ་ཞིག་ཡིན་པ་ཡོངས་གྲགས་རེད་འདུག་ཀྱང་། བོད་ཡིག་གི་རྨང་གཞི་ཧ་ལས་པའི་ཡག་པོ་ཞིག་མེད་པར་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་དང་སྡོམ་ཚིག་འབྲི་རྒྱུ་འདི་ནི་ཅུང་ཁག་པོ་ཞིག་ལོས་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*