ང་ཚོ་སྐྱབས་བཅོལ་བ་ཚོ།(གསུམ་པ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧན་ནཱ- ཨ་རེན་རྡུ་ཁྲི།

གལ་སྲིད་ཁོ་ཚོ་མུ་མཐུད་དུ་གསོན་གནས་བྱས་ཚེ་གཞན་གྱི་བརྙས་བཅོས་དང་མཐོང་ཆུང་ཁྱད་གསོད་སོགས་གང་མང་བཟེད་དགོས་འབྱུང་ངེས་ལ། དེར་བརྟེན། རང་ཉིད་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ཆེད་དུ་སྨྱོན་པ་བཞིན་ཚེ་སྲོག་གཏའ་མར་བཞག་ནས་འཐབ་རྩོད་བྱས་པ་རེད་ལ་དེ་ནི་ཁོ་ཚོའི་མཐར་ཐུག་གི་དམིགས་ཡུལ་ཡང་ཡིན་པ་རེད། དེ་ནི་ཕྱོགས་ཁ་ཤས་ནས་ཁོ་ཚོའི་སེམས་ཁམས་སློབ་གསོ་བ་གང་མང་གི་བསམ་ཚུལ་དང་ཡང་འབྲེལ་ནས་ཡོད། གལ་སྲིད། ང་ཚོས་ལོ་རྒྱུས་དང་འབྲེལ་བའི་གནད་དོན་ཤུ་ནོར(schnorrer)ཟེར་བ་དེའི་དོན་མ་རྟོགས་ན་དེ་ནི་ཇོས་ཤུ་དག་གི་མཐར་ཐུག་གི་དམིགས་ཡུལ་ལ་གོ་དགོས། ད་ལྟ་ང་ཚོ་ཡང་ཁོ་ཚོ་བཞིན་རིམ་བཞིན་གནད་དོན་གང་མང་ཞིག་ལ་དོ་སྣང་མེད་པར་འགྱུར་བཞིན་ཡོད་ལ་མཚམས་ལན་རེར་གནད་དོན་དེ་ཆ་ཚང་བར་ཤེས་མེད་པའི་གནས་སྟངས་དེས་ང་ཚོའི་སྣེ་ཁྲིད་པ་དག་གི་བྱེད་སྟངས་ལ་རམ་འདེགས་བྱེད་བཞིན་ཡོད། ངས་དྲན་ཚུལ་ལ་ཧྥ་རན་སིར་རྟེན་གཞི་བྱས་པའི་སྦྱིན་གཏོང་ཁང་ཆེན་པོ་ཞིག་གི་འགོ་གཙོ་དེར་འཇར་མན་ཇོས་ཤུ་ཤེས་ཡོན་པ་དག་གིས་འཚམས་འདྲི་དང་མགྲོན་ཤོག་སོགས་ཤོག་བྱང་འདྲ་མིན་འབྱོར་ཐེངས་རེ་རེར། ཁོས་ཤོག་བྱང་ངོས་སུ་བཀོད་པའི་སྒྲོག་གྲར(DR)ཅེས་པའི་ཚིག་དེ་སྐད་གསེང་མཐོན་པོའི་སྒོ་ནས་ཀློག་བཞིན་(Doktor, Doktor, Herr Schnorrer )འབོད་པར་བྱེད།

མདོར་བསྡུར་ནས་བཤད་ན་དེ་ལྟ་བུའི་སྐྱོ་སྣང་གིས་ཁེངས་པའི་ཉམས་མྱོང་དེ་དག་གིས་ང་ཚོའི་འདས་པ་དང་ད་ལྟའི་གནས་བབ་ལ་སྡོམ་ཚིག་སྟབས་བདེ་རེ་བརྒྱབས་ཡོད། ང་ཚོར་མཚོན་ན་སེམས་ཁམས་སློབ་སྟོན་པ་གཅིག་བུས་དཀའ་ངལ་སེལ་ཐབས་མེད་པར་བརྟེན་ནམ་རྒྱུན་ང་ཚོས་རང་ཉིད་ཀྱི་ལྷ་སྒྲུང་ལྟ་བུའི་སྔོན་ཆད་ཀྱི་ལོ་རྒྱུས་དག་ཕན་ཚུན་ལ་བཤད་རེས་བྱས་པ་བརྒྱུད་ནས་མ་འོངས་པའི་སྤྲོ་སྣང་དང་མ་འོངས་པའི་མི་ཚེར་རམ་འདེགས་བྱེད་བཞིན་ཡོད། དཔེར་ན། ནམ་རྒྱུན་ང་ཚོའི་ཁ་བརྡ་རེ་རེ་ཡང་སྔོན་ཆད་བསྐལ་བ་བཟང་དུས་ངས་སློབ་དཔོན་གྱི་ལས་འགན་འཁུར་སྐབས་ཞེས་དང་ཡང་སྔོན་ཆད་ངས་ཚོང་དཔོན་གྱི་ལས་ཀ་བྱེད་དུས་སོགས་སྤྲོ་སྣང་ཅན་གྱི་འདས་དོན་འདྲ་མིན་གྱི་ངོགས་སུ་ཁྲིད་འགྲོ་བཞིན་ཡོད།

ལོ་རྒྱུས་ལ་གོད་ཆག་བྱུང་བ་ནས་བཟུང་ང་ཚོས་རིམ་བཞིན་ས་ཆ་གསར་བ་གང་མང་བརྒྱུད་དགོས་བྱུང་ཞིང་དེ་བཞིན་གྲོགས་པོ་གསར་བ་ཡང་གང་མང་ལ་འཕྲད་མོད་ཁོ་ཚོའི་འགྲེལ་བཤད་གང་མང་གི་རྒྱབ་ཏུ་བརྐུངས་པའི་མི་གཤིས་དང་ལྟ་སྟངས་དེ་རྟོགས་ཧ་ཅང་དཀའ་བར་གྱུར། སྔོན་ཆད་ང་ཚོ་རང་དབང་ཡིན་པའི་སྐབས་སུ་ང་ཚོའི་མི་རིགས་གཞན་གྱི་གྲོགས་པོ་ཚང་མས་ང་ཚོར་དགའ་བོ་བྱེད་ཅིང་ཐ་ན་སྦྱིན་བདག་ཚོས་ཀྱང་དགའ་བཞིན་དུ་ཇོས་མི་རིགས་དག་ལ་ཟླ་རེའི་ཁང་གླ་ཡང་ཤར་གཏོང་བྱེད་བཞིན་ཡོད། དེ་བཞིན་ང་ཚོས་རང་དབང་ངང་ཁ་ཟས་ཉོ་བ་དང་རྙོག་གླེང་གང་ཡང་མེད་པར་མེ་འཁོར་ལ་བསྡད་ནས་འགྲུལ་སྐྱོད་བྱེད་ཐུབ་ཀྱིན་ཡོད། དེའི་རྗེས་སུ་རིམ་བཞིན་གསར་འགོད་པ་དག་གིས་ང་ཚོར་གླེང་ཕྱོགས་བཟོས་པ་མ་ཟད་ཐ་ན་ཚོང་ཁང་དག་གིས་ང་ཚོར་འོ་མ་དང་གོ་རོ་ཡང་བཙོང་མི་ཆོག་པའི་ཁྲིམས་བཟོ་དགོས་པར་བཤད། དེ་ནས་བཟུང་ང་ཚོའི་ཡོད་ཚད་བརླགས་ཟིན་པ་རེད་ལ། དེ་ནས་བཟུང་ང་ཚོས་རང་ཉིད་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་གཟབ་གཟབ་དོ་སྣང་བྱེད་དགོས་བྱུང་། དེ་ནས་བཟུང་ང་ཚོས་ཕྱོགས་ཡོངས་ནས་ཐབས་ཤེས་ཡོད་རྒུ་སྤྱད་ནས་རང་ཉིད་ཀྱི་ངོ་རྟགས་འགེབས་སྲུང་བྱེད་འགོ་བརྩམས་དགོས་བྱུང་། ང་ཚོས་ཧིས་ཏོ་ལིར་དང་ཁོང་གི་རྗེས་འབྲང་བ་དག་ང་ཚོར་མི་དགའ་བ་ཤེས་ཀྱིན་ཡོད་ལ་དེར་བརྟེན་ང་ཚོས་ཐབས་ཤེས་ཡོད་ཚད་ཀྱིས་ཁོང་ཚོར་ཕོག་ཐུག་མེད་པ་བཟོས་པ་ཡིན་ལ་ཐ་ན་ཉིན་རེའི་བག་ལེབ་ཉོ་སྐབས་ཀྱང་ཧ་ཅང་གཟབ་གཟབ་བྱས་པ་ཡིན།

དཔེར་ན། གནས་སྟངས་དེ་འདྲའི་འོག་ཏུ་ན་གཞོན་བྷིས་ནར་སྒྲི་རུ་འབོད་པའི་ཇོས་ཤུ་བ་འདི་ཆེན་པོར་ཆགས་པ་རེད། ངས་བརྗེད་མི་ཐུབ་པ་ཞིག་ལ་ཁོས་སྐབས་དེར་ད་དུང་གཞུང་གི་བྱ་བ་ཞིག་ལ་རེ་བ་རྒྱག་བཞིན་ཡོད་པ་རེད་ཟེར། འོན་ཀྱང་། ལས་ཀའི་སྙན་ཞུ་སྤྲོད་ཡུལ་ལས་བྱེད་དེས་སྐད་གསང་མཐོན་པོས་ཁོ་ལ་ཁྱོད་ཀྱིས་མི་སུ་ཞིག་ལ་སྐད་ཆ་བཤད་བཞིན་ཡོད་པ་ཤེས་སམ་ང་ནི་འཇན་མན་གྱི་ལས་བྱེད་འདེམས་བསྐོ་སྡེ་ཚན་གྱི་འགན་འཛིན་ཡིན་ཞེས་གཤེ་གཤེ་གཏོང་བཞིན་སྒོར་ཕུད་འདུག དེར་མཐུད་ནས་ན་གཞོན་འདིས་རང་ཉིད་སྐྱོབས་ཆེད་དུ་གནད་དོན་གང་མང་ཞིག་བློས་བཏང་བྱེད་དགོས་བྱུང་ཡོད། མཚམས་ཤིག་ཁོ་ཨུ་ཐུག་ནས་ས་ཆ་འདིར་ང་ངོ་ཤེས་མཁན་གཅིག་ཀྱང་མེད་པ་རེད་དམ་ཞེས་བཤད་དགོས་བྱུང་ཡོད། མི་རྣམས་ཀྱིས་ཁོའི་ཆེ་མཐོང་དང་རིན་ཐང་ལ་མཐོང་ཆུང་གཏོང་འགོ་ཚུགས་པ་ནས་བཟུང་ཁོས་མི་སྣ་གྲགས་ཆེན་ཁག་དང་གྲོགས་པོ་གྲོགས་མོ་ཚོར་ཐག་ལ་འདྲ་མིན་བསྐུར་འགོ་ཚུགས་པ་རེད། འོན་ཀྱང་། རིང་བོར་མ་སོང་བར་ཁོས་རང་ཉིད་ཀྱི་སྨྱོན་པ་ལྟ་བུའི་བྱེད་སྟངས་དེར་ངོས་འཛིན་ཐོབ་འདུག གནད་དོན་དེས་གང་ཞིག་གསལ་བཤད་བྱས་པ་རེད་ཟེར་ན་དཀའ་ངལ་གྱི་གདོང་དུ་ལྷག་དུས་མི་རྣམས་ཀྱིས་སྨྱོན་པ་ཞེས་པའི་འཇིག་རྟེན་དེ་ཁས་ལེན་བྱེད་རྒྱུ་ནི་དེ་འདྲའི་སླ་མོ་ཡིན་པ་དེ་རེད་ཨང་། མི་ཞིག་སྤྱི་ཚོགས་གང་ཞིག་གིས་ཕྱོགས་ཡོངས་ནས་བཙུར་དུས་མི་དེའི་མུ་མཐུད་དུ་ལྷན་སྐྱེས་ཀྱི་མི་གཤིས་དག་མུ་མཐུད་ཉར་རྒྱུ་དེ་ནི་ལས་སླ་བོ་གཏན་ནས་མེད་པ་རེད།

སྤྱིར་བཏང་ང་ཚོ་སུ་ཞིག་ལ་རང་ཉིད་ཀྱི་གནས་བབ་དང་རང་ཉིད་ཀྱི་མི་ཚེར་རང་དབང་དང་བདམས་གསེས་ཉུང་ཚེ། ང་ཚོས་དེ་ལས་མང་བར་རང་ཉིད་ཀྱི་གནས་བབ་དངོས་སྦས་རྐུང་དང་དེའི་ལྡོག་ཕྱོགས་སུ་འགུལ་སྐྱོད་བྱེད་ངེས་ཡིན། དེ་བཞིན་ང་ཚོ་ཇོས་མི་རིགས་དག་འཇན་མིན་ནས་ཕྱིར་ཕུད་བཏང་རྗེས་ང་ཚོ་དཀའ་ངལ་ཆེན་པོའི་ཧྥ་རན་སའི་ས་མཚམས་བརྒལ་ཞིང་སྐབས་དེར་ང་ཚོ་ཚང་མ་ཧྥ་རན་སའི་བྷོ་ཤི་མི་རིགས་སུ་བསྒྱུར་བ་ཡིན་པ་མ་ཟད། ད་དུང་ང་ཚོས་འཇན་མན་དག་ལ་གལ་སྲིད་ང་ཚོའི་མི་རིགས་ཀྱིས་ཧིས་ཏི་ལིར་གྱི་མི་རིགས་གཅིག་སྡུད་ཀྱི་ལྟ་བར་གནོད་སྐྱོན་ཐེབས་བཞིན་ཡོད་ན་ང་ཚོ་རང་ཉིད་ཀྱི་མི་རིགས་ཀྱི་མིང་འོག་ནས་གཏན་དུ་འབུད་ཆོག་ཅེས་ལན་བསྐུར་བ་ཡིན། དེ་ནས་བཟུང་འདས་པའི་ལོ་ངོ་བདུན་ལྷག་གི་རིང་དུ་ང་ཚོས་ཐབས་ཤེས་ཡོད་རྒུ་སྤྱད་ནས་རང་ཉིད་ཧྥ་རན་སིའི་མི་སེར་ཞིག་ཡིན་པའི་གནས་བབ་ལ་ངོས་ལེན་གཙང་མ་བྱས་པ་ཡིན་ལ་ད་དུང་ང་ཚོ་མང་བོ་ཞིག་གིས་བློ་གཅིག་སེམས་གཅིག་གི་ཧྥ་རན་སིའི་གཞུང་ལ་རྒྱབ་སྐྱོར་བྱས་ཤིང་ཁོ་ཚོས་ང་ཚོའི་ངོ་བོ་བསྒྱུར་བར་ལེ་བདའ་གཅིག་ཀྱང་བྱས་མྱོང་མེད། ད་དུང་ཧྥ་རན་སི་གཞུང་གི་ཆེད་དུ་ང་ཚོ་ནི་ཆེས་ཐོག་མར་དྭངས་བླངས་བཙོན་མ་བྱེད་མཁན་གྱི་གྲས་ཡིན་པ་རེད། འོན་ཀྱང་། འཇན་མན་གྱི་ཤུགས་རྐྱེན་འདི་རུ་སླེབས་པ་ནས་བཟུང་ང་ཚོའི་བཙོན་ཁང་གི་མིང་ཙམ་བསྒྱུར་ནས་ཇོས་མི་རིགས་ཚང་མ་བཙོན་དུ་བཅུག་པ་རེད།

ཇོས་མི་རིགས་དག་ལ་མཚོན་ན་དཀའ་ངལ་འདྲ་མིན་དེ་དག་ནི་འཛམ་གླིང་གི་ས་ཆ་ཡོངས་སུ་ཡང་བསྐོར་བསྐྱར་བསྐོར་བྱས་པའི་གཏམ་རྒྱུད་རྙིང་བ་ཞིག་རེད། ཡོ་རོབ་ཏུ་འཇར་མན་ན་ཟིས་ཚོགས་པས་ང་ཚོའི་དཔའ་འབྱོར་གཞུང་བཞེས་བཏང་ནས་ང་ཚོ་བཙོན་འཇུག་དང་ཕྱིར་ཕུད་བཏང་མོད། བྷིར་ཟིལ་དུ་ང་ཚོས་རང་ཉིད་ཀྱི་རྒྱུ་ནོར་གྱི་བརྒྱ་ཆ་སུམ་ཅུ་ལྷག་བྷིར་ཟིལ་གཞུང་ལ་ཕུལ་ནས་རྒྱལ་ཁབ་ལ་ཆེས་བློ་སེམས་དཀར་བའི་མི་སེར་བྱེད་དགོས་བྱུང་། དེ་བཞིན་ཧྥ་རན་སི་རུ་དགོངས་མོ་ཆུ་ཚོད་བརྒྱད་པའི་རྗེས་སུ་ཇོས་མི་རིགས་སུ་ཡང་སོ་སོའི་ཁང་པའི་ཕྱི་ལོགས་སུ་ཐོན་མི་ཆོག་པ་རེད། ཐ་ན་ཨ་རིར་ཡང་ང་ཚོ་དགྲ་ཕྱོགས་སྟེ་འཇན་མན་གྱི་མི་ཡིན་པར་བསྙད་ནས་བཙན་གནོན་གང་མང་བཏང་མྱོང་བ་མ་ཡིན་ནམ། ལུང་པ་རེ་རེ་བཞིན་ང་ཚོའི་མི་རིགས་ཀྱི་ངོས་འཛིན་དང་ངོ་བོ་འདྲ་མིན་དུ་བརྗེས་དགོས་བྱུང་བར་བརྟེན་མཚམས་ཤིག་མི་སུས་ཀྱང་དོན་ངོ་མར་ང་ཚོའི་མི་རིགས་དངོས་གནས་དེ་ཤེས་རྟོགས་བྱེད་མི་ཐུབ་པར་གྱུར་ཡོད།

འོན་ཀྱང་། ང་ཚོས་འབོད་བརྩོན་ལ་མ་ལྟོས་པར་ས་ཕྱོགས་གང་སར་ཇོས་མི་རིགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་མ་ཕྱིན་པ་རེད། དཔེར་ན། ཧྥ་རན་སིར་ཕྱི་ལོག་ནས་སླེབས་པའི་ཇོས་ཤུ་དག་ལ་པོ་ལག་ཅེས་(Polaks)འབོད་བཞིན་ཡོད་ལ་འཇན་མན་དག་གིས་ང་ཚོར་ཨོ་སུ་ཡོས་རྡན(Ostjuden)ཞེས་པའི་མིང་བཏགས་ཡོད། ཡུ་རོབ་ཤར་མ་ནས་སླེབས་པའི་ཇོས་མི་རིགས་དག་གིས་ཧྥ་རན་སི་བའི་གནས་སྟངས་དེ་ངོས་ལེན་མ་བྱས་པར་ང་ཚོར་ཡ་ཀས་སུ(Jaeckes)ཞེས་འབོད་བཞིན་ཡོད། དེར་བརྟེན། ཧྥ་རན་སིར་འཚར་ལོངས་བྱུང་བའི་མི་རབས་གཉིས་པ་དག་ཆེན་པོར་ཆགས་དུས་ང་ཚོའི་ཁྱིམ་ཚང་ཁ་ཤས་སུ་སོ་སོའི་ཨ་ཕ་ལགས་སུ་ཡ་ཀས་སུ་དང་བུ་ཕྲུག་ལ་པོ་ལག་ཅེས་མིང་གཉིས་འབོད་དགོས་བྱུང་བ་རེད། གནས་ཚུལ་དེས་ནང་མི་གཅིག་གི་ནང་བཟའ་མི་ཕན་ཚུན་བར་དུ་མཐོང་ཆུང་དང་དབྱེ་འབྱེད་ཀྱི་རྣམ་པ་བསྐྲུན་བཞིན་ཡོད་ལ་དེས་བཟའ་མི་ཚོའི་གཞི་རྩའི་བརྩེ་བ་དང་མཐུན་སྒྲིལ་ཡོངས་སུ་གཏོར་བརླགས་བཏང་ཡོད་པ་རེད།

འཛམ་གླིང་དམག་ཆེན་འགོ་བརྩམས་ཤིང་རྒྱལ་ཁབ་གང་མང་གི་གནད་དོན་མང་བོ་ཞིག་ལམ་སློང་མ་བྱུང་བའི་སྐབས་སུ་རྒྱལ་ཁབ་མང་བོ་ཞིག་གིས་སོ་སོའི་ས་སྐྱེས་རྡོ་སྐྱེས་ཀྱི་ཇོས་མི་རིགས་དག་ལས་གཞན་ཕྱི་མི་ཇོས་ཤུ་བ་དག་ལ་བཀག་འགོག་བྱེད་འགོ་ཚུགས་པ་རེད། འོན་ཀྱང་། ཇོས་ཤུ་རང་ཉིད་ཀྱི་ཁྲོད་དུ་ཡོད་པའི་སྤྱི་ཚོགས་ལེགས་བྱང་གི་ཀུན་སྤྱོད་དག་གིས་ཕྱོགས་མང་བོ་ནས་ཁོ་ཚོར་འགེབས་སྲུང་ཡང་བྱས་ཡོད་པ་རེད། ཡིག་ཐོག་ཏུ་མ་བྲིས་པའི་སྤྱི་ཚོགས་ཁྲིམས་ལུགས་འདི་དག་གིས་གཞུང་སྤྱིའི་སྒྲིག་ཁྲིམས་ལས་ལྷག་པར་ཁོང་ཚོའི་ཉིན་མ་རེ་རེའི་འཚོ་བའི་ནང་དུ་ཤུགས་རྐྱེན་ངེས་ཅན་རེ་ཐེབས་བཞིན་ཡོད་པ་རེད། སྤྱིའི་ཁྲིམས་ལུགས་སུ་མེད་ན་ཡང་ཁུ་སིམ་མེར་ལག་ལེན་དུ་བསྟར་བཞིན་པའི་ཀུན་སྤྱོད་ཁྲིམས་ལུགས་འདི་དག་ནི་ནམ་ཡང་གཞུང་གི་ཁ་གཡང་སྙན་མོའི་འོག་གི་ཁྲིམས་ལུགས་དང་མི་འདྲ་བར་མི་རྣམས་ལ་དོན་དངོས་ཀྱི་ཕན་ཐོགས་ཆེན་པོ་རག་བཞིན་ཡོད་པ་རེད།

མི་ནི་མ་གཞི་ནས་སྤྱི་ཚོགས་ཁྲོད་ཀྱི་སེམས་ཅན་ཞིག་ཡིན་པར་བརྟེན་ནམ་ཞིག་རང་ཉིད་ཉེ་འཁོར་གྱི་སྤྱི་ཚོགས་ཡོད་ཚད་ལས་ཕྱིར་ཕུད་བཏང་དུས་དེ་ནི་ཇི་འདྲའི་ཁག་པོ་ཞིག་ཡིན་པ་ཤེས་ཐུབ། དེ་ལས་མི་རང་ཉིད་ཀྱི་ཀུན་སྤྱོད་རིན་ཐང་སོགས་ནི་ལས་སླ་བོར་གཅེས་འཛིན་བྱེད་ཆོག་པ་ལས་མིའི་སྤྱི་ཚོགས་འདིར་ཁོར་ཡུག་གི་སྤྱི་ཚོགས་དང་ཆབ་སྲིད་ཁྲིམས་ལུགས་སོགས་གང་ལའང་ལྟོས་མ་དགོས་པར་རང་ཉིད་གཅིག་བུ་མི་ཚེའི་ལྟ་གྲུབ་ཁོ་ནའི་ཐོག་ཏུ་གནས་ཐུབ་མཁན་ཧ་ཅང་ཉུང་བ་རེད། དེར་བརྟེན། ང་ཚོ་ཁ་ཤས་ཀྱིས་རང་ཉིད་ཀྱི་ངོ་བོ་བསྒྱུར་ཐབས་བྱས་པ་ཡིན་ལ་མཇུག་འབྲས་ནི་དེ་ལས་སྡུག་པ་ཞིག་རེད་ལ་དེ་ནི་ཁོ་ཚོར་མཚོན་ན་ཐ་མའི་སྡུག་བསྔལ་དེའི་ཕྱོགས་གཅིག་ཁོ་ཚོ་རང་ཉིད་ཀྱིས་བཟོས་པ་རེད།

དུས་ནམ་ཞིག་གི་ཚེ་ན་མི་སུ་ཞིག་གིས་ཇོས་མི་རིགས་ཀྱི་སྐྱབས་བཅོལ་བའི་སྐོར་གྱི་གཏམ་རྒྱུད་དངོས་མ་ཞིག་འབྲི་བའི་ཚེ་ན། ཁོ་ཚོས་ངེས་བར་དུ་འཇར་མན་གྱི་ཇོས་ཤུ་བ་སྐུ་ཞབས་ཀོ་ཧན་གྱི་མི་ཚེའི་ལོ་རྒྱུས་ནས་འགོ་འཛུགས་དགོས། སྐུ་ཞབས་ཀོ་ཧན་འཇར་མན་དུ་ཡོད་སྐབས་ཁོ་ནི་བརྒྱ་ཆ་༡༥༠%འཇར་མན་གྱི་རྒྱལ་གཅེས་རིང་ལུགས་པ་ཞིག་ཡིན། དེའི་རྗེས་སུ་ཕྱི་ལོ་༡༩༣༣ཁོས་ཅེག་གི་རྒྱལ་ས་ཕུ་རེ་ཀོ་རུ་སྐྱབས་བཅོལ་ཞུ་དགོས་བྱུང་ཞིང་དེ་ནས་བཟུང་ཁོ་རང་སྔོན་ཆད་ཀྱི་འཇར་མན་བཞིན་ཅེག་རྒྱལ་ཁབ་ལ་རྒྱལ་ཞེན་ཆེ་ཞིང་ཅེག་མི་རིགས་ལ་བརྩི་བཀུར་ཆེ་བའི་ཅེག་གི་སྐྱབས་བཅོལ་བ་ཞིག་ཆགས་པ་རེད། འོན་ཀྱང་། རིང་བོར་མ་ཐོགས་པར་འཇར་མན་གྱི་གནོན་ཤུགས་འོག་ཏུ་ཕྱི་ལོ་༡༩༣༧ལོར་སྐུ་ཞབས་ཀོ་ཧན་ཨོ་སི་གྲི་ལི་ཡར་ཕྱིར་ཕུད་བཏང་བ་རེད། དེ་ནས་བཟུང་ཁོས་ཨོ་སི་གྲི་ལི་ཡར་གཞུང་དང་མི་མང་ལ་བརྩི་བཀུར་དང་དགའ་ཞེན་བླ་མེད་བྱས་པ་རེད་ལ་དེས་ཕྱིར་ཁོ་རྒྱལ་ཁབ་དེའི་རྒྱལ་ཞེན་པའི་གྲས་སུ་ཡང་ཚུད་པ་རེད།

དེའི་རྗེས་སུ་ཡང་བསྐྱར་གནོན་ཤུགས་འོག་ཀོ་ཧན་ཨོ་སུ་གྲི་ལི་ཡ་ནས་ཕྱིར་ཕུད་བཏང་ནས་སྐུ་ཞབས་ཀོ་ཧན་ཐ་མར་ཧྥ་རན་སིའི་རྒྱལ་ས་ཕེ་རེས་སུ་རུ་གཏན་འཇགས་ཀྱི་སྡོད་གནས་མེད་པའི་སྐྱབས་བཅོལ་བའི་འཚོ་བ་རོལ་དགོས་བྱུང་། ཡིན་ན་ཡང་རིང་བོར་མ་ཐོགས་པར་སྐུ་ཞབས་ཀོ་ཧན་ལགས་ཧྥ་རན་སའི་ཡུལ་སྲོལ་གོམས་གཤིས་ཁག་ལ་བྱང་ཆུབ་པར་གྱུར་བ་མ་ཟད་ཁོས་རང་ཉིད་ཀྱི་གནས་བབ་ལ་མ་ལྟོས་པར་སོ་སོའི་མ་འོངས་པའི་མི་ཚེ་སྐྱེལ་ས་དེ་རྒྱལ་ཁབ་འདི་རང་ཡིན་པའི་ཡིད་ཆེས་བྱས་པ་རེད། དེར་བརྟེན། ཁོས་ཧྥ་རན་སིའི་སྔོན་གཤེགས་མེས་པོ་རྣམས་རང་ཉིད་ཀྱི་མེས་བོར་བརྩིས་ནས་བརྩི་བཀུར་དང་རྗེས་དྲན་བྱས་པ་རེད། གང་ལྟར། ངས་འདི་ནས་སྐུ་ཞབས་ཀོ་ཧན་གྱི་གནས་ཚུལ་ཡོངས་རྫོགས་འབྲི་རྒྱུ་མིན་གང་ཡིན་ཟེར་ན་དོན་དངོས་ཐོག་ད་དུང་ཀོ་ཧན་གྱི་མ་འོངས་པར་ཀྱག་ཀྱོག་གི་ལམ་ཁ་ག་ཚོད་ཅིག་བརྒྱུད་ནས་འགྲོ་དགོས་པ་སུས་ཀྱང་བཤད་མི་ཐུབ།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*