གྲང་ཐུག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
བསྟན་ཆོས་རྒྱ་མཚོའི་ཟིན་བྲིས་ལས་བསྒྱུར།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཨ་མདོ་བ་ཚོ་ཐུག་པ་ལ་དགའ། དགུན་ཁ་ཁུ་བ་ཅན་གྱི་ཐུག་པ་དང་དབྱར་ཁ་གྲང་ཐུག་འཐུང་། ངའི་ཁྱོ་ཀ་ང་རང་ཐུག་པ་ལ་ཧ་ཅང་དགའ་བར་དགོད་ཀྱིན་འདུག ངས་བསམ་ཚོད་ལ་དེ་ནི་ངའི་རིགས་རྒྱུན་ཕྱེད་ཨ་མདོ་ཡིན་པས་རེད་འདོད། གང་ལགས་ཤེ་ན་ང་སྔོན་ཆད་ཁྱིམ་ནས་བཟོས་པའི་ཐུག་པ་འཐུང་བའི་ཡི་ག་ཚིམ་མི་བཏུབ་པ་ཞིག་ཡོད། དེ་བས་ཚ་དྲོད་ཆེ་བའི་ཉི་མ་རེ་རེར་གྲང་ཐུག་ཡིད་ལ་དྲན་ཞིང་འོང་།
གྲང་ཐུག་གྲ་སྒྲིག་བྱེད་པར་ཆེས་གལ་ཆེ་བའི་རྒྱུ་ཆ་ནི་སྡོར་གྱི་རིགས་ཡིན་ལ་ཁྱིམ་ཚང་ཕལ་ཆེ་བར་རང་རང་གི་སྡོར་གྲ་སྒྲིག་བྱེད་སྟངས་མི་འདྲ་བ་རེ་ཡོད། ངེད་ཚང་གི་ཁྱིམ་དུ་མཚམས་རེར་སྒོག་པ་དང་ཙོང་བརྔོས་མ་གྲ་སྒྲིག་བྱེད་ལ། ངས་དེའི་སྟེང་དུ་ཀེའུ་དང་སྤོད་རྫས་ཚ་བོའི་རིགས་དང་བྲོ་སྐྱུར་བཅས་ཀྱང་གྲ་སྒྲིག་བྱེད་ཀྱིན་ཡོད། སྡོར་རྣམས་མགྲོན་པོ་དག་གི་ཉེ་འཁྲིས་སུ་བཞག་སྟེ་རང་རང་གི་དགའ་ཕྱོགས་དང་བསྟུན་ནས་ཐུག་པའི་ནང་ལ་ལྡུག་པ་དང་། གྲང་ཐུག་དང་མཉམ་དུ་ང་ཚོས་ཆེ་ཤ་བརྔོས་མའམ་ཕག་ཤ་བཙོས་མ་ཚལ་དང་ལྷན་དུ་བརྔོས་པ། སྲན་དཀག་དང་སྔོ་ཚལ་གྱི་གྲང་ཚལ་བཅས་ཀྱང་འདྲེན་གྱིན་ཡོད།

གྲང་ཐུག་གི་རྒྱུ་ཆ་གཙོ་བོ་ནི་ཐུག་རིང་དང་དེ་ནས་སྒོག་ཆུ་ཡིན། ང་ཚོ་ཆུང་ཆུང་ཡིན་པའི་སྐབས་སུ་ང་ཚོ་ལ་སྒོག་ཆུ་གྲ་སྒྲིག་གི་ལས་ཀ་སྤྲོད་ཀྱིན་ཡོད། ངའི་རྨོ་རྨོ་ལགས་ཀྱིས་དུས་རྒྱུན་ང་ཚོ་ལ་འདི་བྱིས་པའི་ལས་ཀ་རེད་ཟེར་བ་དང་ཁོང་གི་ཨ་མས་ཀྱང་ཁོང་བྱིས་པ་ཡིན་སྐབས་སྒོག་ཆུ་གྲ་སྒྲིག་བྱེད་དུ་བཅུག་འདུག་ལ། ང་ཚོས་ལས་ཀ་ཅི་ཙམ་བྱེད་ཐུབ་མིན་ཆ་མ་འཚལ་ཡང་ཁྱིམ་མི་ཡོངས་ཀྱི་ཆེད་དུ་སྒོག་པ་མང་པོ་བརྡུངས་མྱོང་ཞིང་། ང་ཚོས་ཟ་མ་ཚང་མའི་ལྷན་དུ་སྒོག་པ་མང་པོ་བཟས་པ་མ་ཟད། ཐ་ན་འཐེན་ཐུག་གི་ནང་དུའང་སྒོག་ཆུ་ཁེམ་བུ་གང་ལྡུག་པ་རེད། ལག་བཟོས་ཐུག་རིང་བཟོས་པའི་ཉིན་དེར་ཤ་རྗེན་གྱི་བྲོ་བ་ཡོངས་སུ་མྱང་ཕྱིར་སྒོག་ཆུ་ཁོ་ནའི་ལྷན་དུ་ཤ་རྗེན་ཕོར་པ་གང་ཟ་ངེས་ཡིན་ལ། འདི་དག་རྟོགས་ན་ཁྱེད་ཀྱིས་ཨ་མདོ་བ་དག་ནི་དོན་ངོ་མའི་ཟས་རིགས་ལ་དང་དོད་ཅན་ཡིན་པ་ཤེས་ངེས་པ་དང་། ཞིང་པའི་ཁོར་ཡུག་ཅིག་ནས་ཡོང་བ་སོང་ཙང་ངའི་རྨོ་རྨོ་ལགས་ཀྱིས་ང་ཚོར་ཆུང་དུས་ནས་གྲོ་ཞིབ་ཡག་པོ་ལ་དང་དོད་བྱེད་པ་ལོབ་ཏུ་བཅུག་འདུག་
གྲང་ཐུག་སྟབས་བདེ་ཞེ་དྲགས་བཟོས་ཆོག་ལ། ཡང་ན་ཤ་དང་ཚལ་རིགས་འདྲ་མིན་གྱི་ལྷན་དུ་གྲ་རྒྱས་པོའང་བཟོས་ཆོག འདིར་ང་ཚོའི་ཁྱིམ་གྱི་ཉིན་གུང་གི་ཟ་མ་སྟབས་བདེ་ཞིག་གི་རྣམ་པ་བསྟན་ཡོད། གྲང་ཐུག་གི་མཉམ་དུ་ཁི་ར་གཏུབ་བཞག་པ་དང་སྲན་དཀག ཤ་སྲེག་མ་བཅས་ཡོད་ལ། ངས་ཆེ་ཚེ་ཡང་བེད་སྤྱོད་བྱས་ཡོད།

འདིར་ངེད་ཚང་གི་དགོང་ཟས་ཀྱི་སྤྲོ་སྐྱིད་ལ་རོལ་ཚུལ་ལས་ཅུང་རྒྱས་སྤྲོས་ཅན་གྱི་རྣམ་པ་ཞིག་བསྟན་ཡོད། དབྱར་ཁའི་འདུ་འཛོམས་དག་གི་སྐབས་སུ་ཧ་ཅང་སྟབས་བདེ་ཡོད་དེ། ཐུག་པ་དང་སྡོར་དུས་ཚོད་དང་བསྟུན་ནས་གྲ་སྒྲིག་བྱས་ཆོག་ལ། གཞན་དག་ཀྱང་ཅུང་ཙམ་མགྱོགས་པོར་བཟོ་ཐུབ། ངས་ཐུག་པ་དང་ལྷན་དུ་ཤ་ཡོད་ཟ་མ་སྡེར་མ་གཉིས་དང་ཚལ་རིགས་མི་འདྲ་བ་མང་པོ་བཟོས་ཡོད། ཐུག་པ་ལ་མཚོན་ན་ངས་དུས་རྒྱུན་ཀྱི་གྲོ་ཞིབ་ཀྱི་ཐུག་པ་དང་བདེ་ཐང་ཆེད་བྲ་བོ་གྲོ་ཞིབ་ཀྱི་ཐུག་པ་བཅས་རིགས་མི་འདྲ་བ་གཉིས་གྲ་སྒྲིག་བྱས་ཡོད།

ཚང་མའི་ནང་ནས་ངའི་བུ་ཡིས་གྲང་ཐུག་འདི་ལ་དངོས་གནས་བྲོ་བ་འདུག་ཟེར་བཞིན་སྡོར་རིགས་མི་འདྲ་བ་ཚང་མ་རན་པོར་ལྡུག་པ་དང་། རོ་བཅུད་ཤིན་ཏུ་མང་པོ་གཅིག་ཏུ་བསྡུས་བའི་དེ་ཡི་ཡིད་དུ་འོང་བའི་རྣམ་པ་དང་རོ་བྲོ། དྲི་ཞིམ་བཅས་ངོ་མ་ཧ་ལས་བ་ཡོད།

གྲ་སྒྲིག་བྱེད་སྟངས།


སྒོག་ཆུ།
སྒོག་པ། སྣུམ། ཚྭ། སྒོག་ཏིང་། རྫོག་རྡོ།
སྒོག་སོ་བརྒྱད་ནས་བཅུ་བར་ཞིག་སྒོག་ཏིང་ནང་བླུགས་ལ་ཡོངས་སུ་ཞིབ་པར་བྱོས། དེ་ནས་ཁྱེམ་བུས་དཀྲུག་ལ་ཕོར་བ་ཞིག་གི་ནང་དུ་བླུགས། ཚྭ་ཉུང་ཙམ་རྒྱོབས། དེ་ནས་སྣུམ་ཅུང་ཙམ་ཚ་བོ་བཟོས་ལ་ཕོར་བའི་ནང་གི་སྒོག་པའི་སྟེང་བླུགས། སྒོག་པའི་སིར་སྒྲ་དང་བཅས་དྲི་ཞིམ་ཞིག་ཁྱབ་ཏེ་འོང་། འདི་ནི་སྤྱིར་བཏངགི་སྒོག་ཆུ་བཟོ་སྟངས་རེད། གལ་སྲིད་ཁྱེད་རང་སྒོག་པ་དེ་ཙམ་མི་དགའ་ཚེ་ནང་ལ་ཆུ་ཁོལ་བླུགས་ནས་སླ་རུ་བཏང་ཆོག ཆུ་ཁོལ་མ་སྣུམ་དང་སྒོག་པའི་མཉམ་དུ་དཀྲུགས་ནས་སླ་བོ་བཟོ་ཐུབ། ཆུ་གྲང་མོ་སྣུམ་གྱི་མཉམ་དུ་མི་དཀྲུག་པས་བེད་སྤྱོད་མི་གནང་བར་མཛོད།

ཙོང་བརྔོས་མ།
ཙོང་དུམ་བུ་གཉིས་སམ་བཞི་འམ་ཡང་ན་སྲབ་སྲབ་གཏུབས། གཏུབས་ཟིན་པའི་ཙོང་དེ་ཤོག་བུའམ་རས་གཙང་མ་ཞིག་གི་སྟེང་དུ་བླུགས་ལ་སྐོམས། སྣུམ་ཕོར་བ་ཞིག་གི་a1/4་ཙམ་སླ་ང་ཆུང་ངུ་ཞིག་གི་ནང་ཚ་བོ་བཟོས་ལ་ཙོང་ཉུང་ངུ་ཉུང་ངུ་སླ་ངའི་གཏིང་ནས་བརྔོས། ཙོང་གི་མདོག་སྨུག་པོ་ཡག་པོ་མ་ཆགས་བར་དུ་བརྔོས་ལ་དེ་ནས་ཤོག་བུའི་སྟེང་དུ་ཕབ་རྗེས། རླུང་མི་འགྲོ་བའི་སྣོད་ཅིག་གི་ནང་དུ་བླུགས་ཏེ་འཁྱག་ས་ཞིག་ཏུ་ཉར་དགོས།


ཀེའུ།

ཀེའུ་ཉུང་ངུ་ཞིག་ཆུང་ཆུང་བྱས་ཏེ་གཙོབས། དེ་ནས་སྒོག་ཏིང་ནང་ལ་བླུགས། ཡང་བརྡུངས་ནས་ཚགས་ཏེ་སྐྱོ་མེ་བཟོས། དེ་ཕོར་བ་ཆུང་ཆུང་ཞིག་གི་ནང་ལོངས། ཚ་ཉུང་ཙམ་གཏོར། སྣུམ་ཅུང་ཙམ་ཚ་བོ་བཟོས་ཏེ་ཀེའུ་སྟེང་བླུགས། དེ་ནས་ཀེའུ་ལས་དྲི་ཞིམ་ཞིག་ཁྱབ་འོང་ཞིང་ཧ་ཅང་ལྗང་མདོག་ཏུ་འགྱུར་འགྲོ།

དམར་ཚ། བྲོ་སྐྱུར་དམར་ཚ།
དམར་ཚ་ཕྱེ་མར་འཐག་པ་ཕོར་བ་ཞིག་གི་1/4
བརྡུངས་ཟིན་པའི་སྒོག་པ་ཁེམ་བུ་གཅིག
སཱོ་ཡ་སྤོད་རྫས་ཁེམ་བུ་གཅིག
ཚྭ་ཁེམ་བུ་གཅིག་གི་1/4
སྣུམ་ཕོར་བ་གཅིག་གི་1/4
སླ་ང་ཆུང་ཆུང་ཞིག་གི་ནང་ལ་སྣུམ་ཚ་བོ་བཟོས། གོང་གི་རྫས་ཚང་མ་ཕོར་བ་འབྲིང་ཙམ་ཞིག་གི་ནང་དུ་བླུགས། སྣུམ་ཚ་བོ་ཆགས་ནས་དུ་བ་མ་ཐོན་གོང་དམར་ཚ་དང་རྫས་གཞན་དག་གི་སྟེང་དུ་བླུགས། སྣུམ་གྱིས་དམར་ཚ་དང་སྒོག་པ་ལ་བྲོ་བ་ངོ་མཚར་བ་ཞིག་བསྐྱེད་ངེས། སྣུམ་གྲང་མོ་ཆགས་པ་དང་ཚང་མ་མཉམ་དུ་བསྲེས་དང་ཁྱེད་ཀྱི་དམར་ཚའི་སྐྱོ་མ་གྲུབ་ཚར་བ་རེད། དམར་ཚ་འདིའི་རིགས་ལ་བྲོ་སྐྱུར་དམར་ཚ་ཟེར།

ཐུག་རིང་།
1 1bཔ་སི་ཏཱ་(Pasta)ཐུག་པ།
པ་སི་ཏཱ་སྐོལ་སྟངས། སྣུམ་ཅུང་ཙམ་བླུགས། མཉམ་དུ་ཡག་པོ་བསྣོག་ལ་དེ་ནས་འཁྱག་ཏུ་ཆུག གྲང་ཐུག་ལ་མཚོན་ན་གྲོ་ཞིབ་མཐུག་པོའི་རིགས་ཀྱི་ཐུག་པ་གྲང་མོ་འཐུང་བའི་སྐབས་སུ་བག་རིལ་ལྟ་བུར་ཚོར་བས་དུས་རྒྱུན་ང་ཚོས་པ་སི་ཏཱ་སྲབ་པོ་བེད་སྤྱོད་བྱེད།

འདྲེན་སྟངས།
སྤོད་རྫས་རིགས་ཚང་མ་གྲ་སྒྲིག་བྱས་རྗེས་ཅོག་ཙེ་སྟེང་ལ་རས་ཁེབས་གཡོགས། ཐུག་པ་སྡེར་མའམ་ཕོར་པ་ཞིག་གི་ནང་དུ་བླུགས་ལ་དྲོངས། མི་ཚང་མས་ཕོར་བའི་ནང་གི་ཐུག་པའི་སྟེང་སྤོད་རྫས་རིགས་ཡོད་ཚད་ཉུང་ཙམ་རེ་བླུགས་ཏེ་དཀྲུགས། དེ་ནས་རང་རང་དགའ་ཤོས་ཀྱི་སྤོད་རྫས་འདོམས། མཉེས་པོ་གནང་རོགས།


རྩོམ་འདིའི་ནང་མཆན་ 10 བཀོད་འདུག

10 Responses to གྲང་ཐུག

  1. ཀླུ་སྨྱོན་ ནས།

    དཀོན་མཆོག་མཁྱེན། ཁ་ནང་ལ་མཆིལ་མ་འཁོར་ཡོང་། དྲང་མོར་བཤད་ན་ངས་ཨ་རི་ནས་ཨ་མདོའི་ཟ་མ་འདི་རིགས་བཙལ་ནས་དེ་གང་ན་ཡོད་ན་ཁྱིམ་ཚང་དེ་ཚང་ལ་ལམ་སེང་ངོ་ཤེས་སྒྲིག་བཞིན་ཡོད། ང་ལ་སློབ་མ་ཨ་རི་བ་ལྔ་བཅུ་དྲུག་ཅུར་ལོངས་པ་ཞིག་ཡོད་ཀྱང་ཨམ་ཟས་བཟོ་ཤེས་མཁན་ཞིག་མི་འདུག

  2. ཁེར་རྐྱང་མྱི་ ནས།

    དངོས་ནས་ཟ་མ་ལེ་ཞིམ་བསམ་ནི་ཞིག་རེད་གོ་ཨ་ལ་ལ

  3. བསྟན་པ་ ནས།

    ཁ་ལ་ཆུ་འཁོར་ཡོང་གི འདི་འདྲ་བའི་རིགས་ཀྱང་མང་པོ་ཡོད་ན་ངས་ཀྱང་ཟ་མ་བཟོ་སྟངས་སྦྱོང་གི་ཡིན་ཡ།

  4. འགར་ཚེ་རྒྱལ་ ནས།

    འདིར་རྒྱ་ཟས་ལུང་པ་གང་བསྒྲིགས་བཞག་ཡོད་ཀི རྒྱ་ཟས་ལས་སྟངས་རེད། མི་མང་ཆེ་བས་རྒྱ་ཐུག་ཟེར་བ་ལས་ཀྱང་ཤེས་ཐུབ། ཨ་མདོ་བའི་ཐུག་པ་དངོས་ནི་འཐེན་ཐུག་དང་ལག་བཟོས་ཐུག་རིང་གཉིས་རེད། ཐུག་རིང་ལ་ཡུལ་སྐད་དུ་ཧུབ་རིང་ཡང་ཟེར། ཐུག་རིང་ནི་གྲོ་ཕྱེ་སྲབ་བུར་བརྡལ་རྗེས་ཆེ་ཆུང་གཅིག་ཏུ་གྲི་ཡིས་གཏུབ་པ་ཞིག་ཡིན། ཁྱོད་ཚོས་ཡུལ་སྲོལ་གྱི་ཟས་རིགས་གཡོས་སྐོལ་བྱེད་སྟངས་རྒྱུན་འཛིན་བྱེད་ཀྱི་ཡོད་དམ། ཡང་ན་གཏོར་བཤིག་གཏོང་གིན་ཡོད། ལག་ཏུ་གང་ཡོང་བ་ཐམས་ཅད་ཁྱབ་སྤེལ་བཏང་ཆོག་ཆོག་མིན་པའི་གནས་ལུགས་དེ་ཤེས་དགོས། རྩེ་སྐར།

  5. གཅན་འོད་འབར་ ནས།

    ཨ་ཁུ་ཀླུ་སྨྱོན་ལགས་ཀྱིས་གསུངས་བ་བདེན་གི ང་ཡང་ཐུག་པའི་རིགས་ཟ་རྒྱུ་དགའ་མཁན་ཞིག་ཡིན་ལ་ལྷག་པར་དུ་གྲང་ཐུག་ ཨ་ལ་ལ། མཚམས་རེར་རང་ཉིད་ཀྱིས་ཀྱང་བཟོ་ཁུལ་འདྲ་བྱེད་ཀི་ཡོད་མོད། ཕ་ཡུལ་ནས་ཟས་པ་དེ་ལྟ་བུའི་བྲོ་བ་མེད་ཀི། ད་ཡིན་ན་གོང་གོ་གྲང་ཐུག་བཟོ་སྟངས་དེས་ཤེས་བྱ་མང་པོ་ཞིག་གནང་ཐལ། ཧ་ཧ་ཧ་ཧ་་་།

  6. ཀླུ་སྨྱོན་ ནས།

    འགར་ལགས། འཐེན་ཐུག་དེ་ཡང་བོད་ཟས་ངོ་མ་ཞིག་ཨེ་ཡིན། ང་ཆུང་དུས་ངའི་ཕ་ཡུལ་གྱི་མི་ཚོས་འཐེན་ཐུག་བཟོ་བ་ཕར་ཟད་མིག་གིས་ཀྱང་མི་མཐོང་མྱོང་མི་འདུག རྗེས་སུ་རིམ་བཞིན་ཁ་ཆེའི་ཟ་ཁང་རེ་གཉིས་ཀྱིས་འཐེན་ཐུག་ལས་སྟངས་དེ་ངའི་ཕ་ཡུལ་དུ་ངོ་སྤྲོད་བྱས་སོང་། འཐེན་ཐུག་དེ་ཁ་ཆེའམ་རྒྱ་མིའི་ཟ་མ་ལས་སྟངས་ཤིག་རེད་འདོད། སྤྱིར་བོད་རྙིང་པའི་སྐབས་སུ་བོད་འབྲོག་ཁུལ་དུ་གྲོ་དང་འབྲས་ཀྱི་རིགས་འདི་དཀོན་པོ་ཡིན་ཞིང་། གྲོ་ཞིབ་ཀྱིས་བཟོས་པའི་ཟ་མ་མང་པོ་ཞིག་རྒྱ་ཡུལ་དུ་བོད་ཀྱི་རོང་སར་དར། དེ་ནས་བོད་ཀྱི་འབྲོག་སར་དར་བ་ཞིག་ལོས་ཡིན་འདོད་ཀི སྣང་རའི་གོར་མོ་ཆེ་ཟེར་བ་དེའི་མགོ་ཁུངས་ཀྱང་བོད་ས་རང་དང་ཡང་ན་རྒྱ་ཡུལ་ཡིན་མི་ཤེས་ཀི རྒྱ་བཟའ་ཀོང་ཚོས་ཉུང་མའི་ས་བོན་དུ་ཁྱེར་བའི་གཏམ་རྒྱུད་དེ་དྲན་དམ། ཡང་མི་འདི་ཚོས་སྲིད་དོན་རེད་ཟེར་ན་ཐང་ད་མི་བཤད།

  7. འགར་ཚེ་རྒྱལ་ ནས།

    ཀླུ་སྨྱོན་ལགས། ཉིད་ཀྱིས་བོད་རྙིང་པའི་སྐབས་བོད་འབྲོག་ཁུལ་དུ་གྲོ་དང་འབྲས་ཀྱི་རིགས་འདི་དཀོན་པོ་ཡིན་ཞིང༌། གྲོ་ཞིབ་ཀྱིས་བཟོས་པའི་ཟ་མ་མང་པོ་ཞིག་རྒྱ་ཡུལ་ནས་བོད་ཀྱི་རོང་སར་དར། དེ་ནས་བོད་ཀྱི་འབྲོག་སར་དར་བ་ཞིག་ཏུ་འདོད་པ་དེ་ཅུང་མི་འཐད་པར་མཐོང༌། བོད་མི་རིགས་ལ་མཚོན་ན་ཞིང་ཕྱུགས་ཀྱི་འཚོ་ཐབས་ཆེས་སྔ་མོ་ཞིག་ནས་དར་ཡོད་ལ། ལྷག་པར་འབྲུ་རིགས་རྨོ་འདེབས་ཀྱི་ཆ་ནས་ཧ་ཅང་དར་སྔ་བ་ནི་ལོ་རྒྱུས་ཀྱིས་གསལ་བཤད་བྱས་ཡོད། དེ་ལ་བརྟག་ན་ཆེས་སྔ་མོ་ཞིག་ནས་འབྲུ་རིགས་ཀྱིས་བཟོས་པའི་གྲོ་ཞིབ་སོགས་ཀྱི་ཟས་རིགས་མང་པོ་ཞིག་ལ་ལོངས་སུ་སྤྱད་ཡོད་པ་ཤེས་ཐུབ་ཅིང༌། ལྷག་པར་ཏུ་ནས་བརྔོ་འཐག་གིས་རྩམ་པ་བཟོ་བ་གནའ་སྔ་མོ་ནས་བོད་རོང་འབྲོག་གཉིས་སུ་ཆེས་དར་ཁྱབ་ཆེ་ཞིང་སྤྱོད་སྒོ་ཆེ་བ་ཞིག་ཡིན།
    རང་བྱུང་ཁམས་ཀྱི་ཁོར་ཡུག་དང་བསྟུན་རོང་ནི་འབྲུ་རིགས་ཀྱི་ཐོན་ཁུངས་གཙོ་བོ་ཡིན་ནའང༌། འཚོ་བའི་དགོས་མཁོ་ལྟར་འབྲོག་གི་ཤ་མར་ཆུར་གསུམ་དང་རོང་གི་འབྲུ་རིགས་སྣ་ལྔ་བཅས་ཕན་ཚུན་བར་ནང་ཁུལ་ཐོན་སྐྱེད་ཚོང་བསྒྱུརབྱེད་པའི་ལམ་ལུགས་ཆེས་སྔ་མོ་ཞིག་ནས་དར་ཏེ། བོད་འབྲོག་ཁུལ་ཏུའང་རོང་ཁུལ་ལྟར་འབྲུ་རིགས་ལ་སྤྱོད་ཀྱིན་ཡོདཔས། སྣང་ཚུལ་དེ་དག་ལ་གཞིགས་ན་གྲོ་ཞིབ་སོགས་ཀྱིས་ལས་སྣོན་བྱས་པའི་ཟས་རིགས་མང་པོ་ཞིག་རྒྱ་ཡུལ་ནས་བོད་རོང་ཁུལ་དང་དེ་ནས་འབྲོག་ཁུལ་ཏུ་དར་བར་འདོད་པ་དེ་ནི་མདུན་གཅིག་པུ་ལས་བལྟ་མ་ཐུབ་པའི་ནང་འཁུམ་གྱི་བསམ་བློ་གཏོང་སྟངས་ཤིག་ཏུ་འདོད་ལ། ལྷག་པར་བོད་ཀྱི་ལག་ཤེས་རིག་གནས་མངཔོ་ཞིག་རྒྱ་བཟའ་ཀོང་ཇོ་ལ་གཏུགས་ཅི་ཐུབ་བྱེད་པ་ནི་དེ་བས་ཀྱང་བོད་གནའ་རབས་པ་ཚོར་དམའ་འབེབས་དང་བོད་རང་མགོ་རང་གིས་ལེབ་རྡུང་བྱས་པ་ཞིག་རེད།
    སྔོན་རྒྱ་དང་ཁ་ཆེ་སོགས་དང་འབྲེལ་འདྲིས་མེད་པ། གྲོང་ཁྱེར་དང་ཁ་ཐག་རིང་བའི་ཨ་མདོའི་ལུང་ཁུག་རེ་འགའ་ན་གནའ་སྔ་མོ་ནས་འཐེན་ཐུག་སྐོལ་སྲོལ་ཡོད་པས། དེ་ཡང་རྒྱ་དང་ཁ་ཆེ་ལས་བཟོ་སྟངས་དར་བ་རེད་ཟེར་ན་ཅུང་སྣང་བར་མི་འགྲོ་བའི་སྐད་ཆ་ཞིག་རེད། མ་གཞི་ནས་རྒྱ་དང་ཁ་ཆེ་ཚོ་བོད་ཀྱི་ས་ཐོག་ཏུ་ཡོང་ནས་ཟ་ཁང་ཆུང་ཆུང་རེ་གཉེར་ཏེ་བོད་མི་ཚོས་དུས་རྒྱུན་གང་ཟ་བའི་ཟས་རིགས་ཁོ་ཚོས་ལས་སྣོན་སྣ་ཚོགས་བྱས་ཏེ། ཕྱིར་བོད་པ་ཚོའི་ལྟོ་ལ་སྤྲད་དེ་ལག་ནས་ཁེ་བཟང་ལེན་བྱེད་ཅིག་ཏུ་གྱུར་ཡོད་ལ། དུས་ཡུན་རིང་པོ་འགོར་ན་བོད་པ་ཚོས་རང་ཟས་ངོ་མ་ཤེས་པར་གཞན་ཟས་ཤིག་ཏུ་འདོད་ཀྱིན་ཡོད། དེ་ལྟ་བུའི་གཞན་གྱི་བྱེད་སྟངས་དང་བོད་པ་ཚོ་སྒྱིད་ལུག་རྨོངས་འཐོམ་གྱིས་འདུག་སྟངས་དེས་རྐྱེན་པས། ད་ཆ་འུ་ཅག་བོད་པ་ཚང་གི་གནའ་བོའི་རྒྱུན་སྲོལ་རིག་དངོས་མང་པོ་ཞིག་གཞན་བརྟེན་དང་གཞན་ལག་ཏུ་ཤོར་ཡོད་པའི་སྣང་ཚུལ་ཐབས་རྡུགས་འདི་བྱུང་བ་ཞིག་རེད་སྙམ། བཤད་སྟངས་ནོར་ཡོད་ན་དགོངས་འགལ་མེད་པར་ཞུ། རྩེ་སྐར་གྱིས།

  8. ནམ་མཁའ་ ནས།

    ཀླུ་སྨྱོན་འདི་ཟ་འཐུང་ལ་གནའ་སྔ་མོ་ཞིག་ནས་དགའ།ཚ་བ་ཅི་ལྟར་ཆེ་ཡང་ཐུག་པ་ཚ་བོ་འཐུང་ཞོར་རྔུལ་ནག་བཞུར་བཞིན་པ་དེ་རིང་ངས་ད་རུང་གསལ་བོ་དྲན་གྱི་འདུག ངོ་མ་ཡིན་ན་ཨ་རོ།

  9. པདྨ་བསམ་གྲུབ་ ནས།

    ང་རང་གི་སྐྱེས་ཡུལ་དུ་གྲང་ཐུག་མི་ཟེར་བར་ཧོད་སེར་ཞེས་འབོད། རྒྱུ་མཚན་ནི་ཐུག་པ་བཙོད་དུས་སྒ་སེར་བཏབ་ནས་མདོག་སེར་པོར་བསྒྱུར་བས་ཡིན་ནམ། ཟིན་བྲིས་འདི་མཐོང་བ་ན་ངའི་ཡིད་ལ་དྲིན་ཆེན་ཨ་མ་དང་ཧོད་སེར་དྲན་འོངས།

  10. ཡར་འཕེལ་ ནས།

    རྒྱ་ཁ་ཆེ་བའི་ཟས་རིགས་རེད་་་་བོད་ཟས་མ་རེད་ཡ་

Write a Reply or Comment

Your email address will not be published. Required fields are marked *

*