ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་ཤཱཀྱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དེའི་རྗེས་ནས་ཟླ་ཟེར་དང་བོད་ཀྱི་མང་ཚོགས་སྒྱུ་རྩལ། ཉི་གཞོན། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། ལྷ་སའི་སྐྱིད་ཆུ། གངས་དཀར་རི་བོ་བཅས་ཀྱིས་མཚོན་པའི་དུས་དེབ་མང་པོ་ཐོན་པ་དང་། བོད་ཡིག་སྙན་ངག་ཅིག་གི་ཚིག་ཟིན་དུའང་དཔྱིད་ཀྱི་མེ་ཏོག་ལྟར་བཞད་པའི་དུས་དེབ་དེ་དག་ཅེས་བཀོད་འདུག དུས་དེབ་འདི་དག་དོན་ངོ་མར་རང་དབང་གིས་བཏོན་པ་མིན་པར་ཚོགས་པ་ཆེན་པོ་ཁག་གི་སྟངས་འཛིན་འོག་མཇུག་བསྐྱངས་དང་སྐྱོང་བཞིན་ཡོད་པ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ནི་བོད་རང་སྐྱོང་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བཏོན་པ་དང་། སྦྲང་ཆར་མཚོ་སྔོན་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འགོ་བཙུགས་པ་དང་། དེ་བཞིན་དུས་དེབ་གངས་དཀར་རི་བོ་ལྟ་བུ་ཚོང་ལས་མཐུན་ཚོགས་ཀྱིས་བཏོན་པ་བཅས་ནི་ད་ལྟའི་དཔེ་མཚོན་ཙམ་རེད།

དུས་དེབ་འདི་དག་གི་སྟེང་དུ་སློབ་ཆེན་ཁག་དང་དགོན་པ་ཁག ས་གནས་ཁག་བཅས་ནས་གཞུང་འབྲེལ་མ་ཡིན་པའི་དཔེ་དེབ་དང་དུས་དེབ་གང་མང་ཐོན་པ་རེད། ཨ་མདོ་རུ་མཚོ་སྔོན་པོའི་རླབས་སྒྲ་དང་མྱུག་གསར། འབའ་སྒྲ། ཤར་དུང་རི་བཅས་ཆར་རྗེས་ཀྱི་ཤ་མོ་ལྟ་བུའི་གཞུང་འབྲེལ་མ་ཡིན་པའི་དུས་དེབ་མང་པོ་ཐོན་པ་དང་། དུས་དེབ་དེ་དག་སྣུམ་པར་དུ་བཏབས་ཏེ་པར་སྐྲུན་གྱི་མཐུན་རྐྱེན་ཧ་ཅང་ཞན་པ་དང་ས་གནས་ཡུལ་མི་ཚོར་འགྲེམས་སྤེལ་བྱས་ཡོད།

དུས་སྐབས་སྔོན་མ་འདིའི་སྐབས་སུ་དཔེ་མཚོན་བརྩམས་སྒྲུང་དག་གི་བརྗོད་བྱ་ཤས་ཆེ་བ་སྲོལ་རྒྱུན་སྤྱི་ཚོགས་ཀྱི་མི་དགེ་བའི་ཕྱོགས་ཡིན་ཏེ། དཔེར་ན། སྐལ་བཟང་རྣམ་གྲོལ་གྱིས་བརྩམས་ཤིང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་བཀོད་པའི་བུ་མོ་སྤུན་གསུམ་གྱི་རྣམ་ཐར་ཅེས་པར་བོད་རྙིང་པའི་ཞིང་བྲན་མངའ་བདག་མཚོན་པའི་བླ་མ་ཞིག་དང་སྐུ་དྲག་གི་སྲས་ཤིག དམག་མི་ཞིག་བཅས་ཀྱི་ལག་འོག་ནས་མཚམས་གཅོད་དང་བོ་རིགས། བག་བྲོ་བཅས་ཀྱིས་སྡུག་བསྔལ་མྱངས་པའི་སྐོར་བརྗོད་ཡོད་ལ། མི་འདི་གསུམ་གྱི་སྤྱོད་ངན་ཐེར་འདོན་བྱས་པ་བརྒྱུད་ནས་སྒྲུང་གིས་སྤྱི་ཚོགས་རྙིང་པའི་མནར་གཅོད་དང་རྗེས་ལུས་ཀྱི་རྣམ་པ་སྟོན་པར་འབད་བརྩོན་བྱེད་པ་རེད།

སྤྱི་ལོ་༡༩༨༠ནས་སྤྱི་ལོ་༡༩༨༤དབར་སྤྱི་ཚོགས་རྙིང་པའི་སྐྱོན་མཚང་ལ་འཐབ་རྩོད་དང་རྒྱ་ནག་གི་ཞི་བའི་བཅིངས་འགྲོལ་ལ་བསྟོད་པ་བྱས་པའི་བརྩམས་སྒྲུང་འདི་ལྟ་བུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སྟེང་རྒྱུན་ལྡན་དུ་ཐོན་པ་དང་། བརྩམས་སྒྲུང་འདི་དག་གིས་བོད་ནང་དམར་ཤོག་སྲིད་ཇུས་བརྟན་ལྷིང་འོག་སྤྱི་ལོ་༡༩༥༠རྗེས་སུ་འཚར་ལོངས་བྱུང་བའི་བོད་མིའི་མི་རབས་གཞོན་པ་ཚོ་ཡིད་ཆེས་སུ་འཇུག་འདོད་པ་རེད་མོད། དོན་དངོས་སུ་སྤྱི་ལོ་༡༩༨༠རྗེས་སུ་འདི་ནི་ཧ་ཅང་གནད་འགག་ཅིག་ཆགས་འདུག་སྟེ། དེ་ནས་བཟུང་མི་མང་པོས་བོད་ཞིང་བྲན་གྱི་སྐྱོན་མཚང་ཐེར་འདོན་བྱེད་པ་མིན་པར་རང་རང་གི་ཕ་མ་ཚོར་རིག་གནས་གསར་བརྗེ་སྐབས་མནར་གཅོད་ཕོག་པར་སྐྱོན་བརྗོད་བྱས་པ་རེད།

སྐབས་ཐོག་འདིའི་རྟོག་སྒྲུང་ཡོད་ཚད་སྒྲུང་ཐུང་གི་རྣམ་པར་བཅད་ཡོད་པའི་རྒྱུ་མཚན་དུས་དེབ་ཀྱི་རྒྱ་དང་རན་པར་དམིགས་ཤིང་། སྤྱི་ལོ་༡༩༨༢ལོར་གང་ལྟར་ཡང་བོད་ཀྱིོ་སྒྲུང་རིང་སྐལ་བཟང་མེ་ཏོག་ཅེས་པ་སློབ་ཆེན་དུ་ཕྱག་ལས་གནང་མཁན་པེ་ཅིན་སློབ་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་སྐུ་ཞབས་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་བརྩམས་པ་ཐོན་པ་དང་། ཁོང་ནི་བོད་ཤར་ཕྱོགས་འབའ་ཐང་ཡུལ་གྱི་མི་ཚང་སྐྱོ་བོ་ཞིག་ལས་ཡོང་ཞིང་། འཇམ་དཔལ་རྒྱ་མཚོ་གཞོན་དུས་ནས་མི་དམངས་བཅིངས་འགྲོལ་དམག་མིའི་བཙན་འཛུལ་གྱི་ཁྲོད་དུ་ཞུགས་ཏེ་ལོ་ཙཱ་ལ་སྦྱོང་བརྡར་བྱས་ལ། སྐལ་བཟང་མེ་ཏོག་ནི་སྤྱི་ཚོགས་རིང་ལུགས་དངོས་ཡོད་རིང་ལུགས་ཀྱི་རྣམ་པར་བྲིས་ཤིང་ལད་ཟློས་ཀྱི་ཁྱད་ཆོས་ལྡན་ལ། རྒྱ་ཡིས་བཙན་འཛུལ་བྱེད་ཀྱིན་པའི་དུས་ཐོག་དེར་བསྒྲིགས་པ་དང་། སྒྲུང་གིས་མི་དམངས་བཅིངས་འགྲོལ་གྱི་ཁྲོད་དུ་མི་དམངས་བཅིངས་འགྲོལ་དམག་གིས་བོད་མི་དམངས་ལ་གཡོ་སྐྱོམ་བྲལ་བའི་ཞབས་འདེགས་ཞུས་པར་རྟེན་འབྲེལ་ཞུས། མཇུག་གཏམ་དུ་རྩོམ་པ་པོས་ཁོས་དཔེ་དེབ་དེ་མི་དམངས་བཅིང་འགྲོལ་དམག་གིས་བློས་གཏོང་བྱས་པ་མཚོན་པར་བྲིས་པ་ཡིན་ཞེས་བརྗོད་ཡོད།

དེབ་དེ་ལ་བསྟོད་པའི་མཐེ་བོང་བསྒྲེངས་ཤིང་རྒྱ་ནག་གྲང་ཉུང་མི་རིགས་རྟོག་སྒྲུང་རྩེ་ཕུད་ཀྱི་བྱ་དགའ་ཐོབ། རེད་དེ། བོད་མིའི་ཁྲོད་དུ་དེབ་དེ་ནི་དམར་ཤོག་གི་བསྒྲགས་གཏམ་ཞིག་ལ་ངོས་བཟུང་བ་དང་རྩོམ་པ་པོ་ལ་མི་སེར་སྤེལ་ཡུལ་རིང་ལུགས་པས་རྒྱ་ནག་གིས་བོད་ལ་བཙན་འཛུལ་མ་བྱས་པའི་གོང་རོལ་ཏུ་བོད་ནི་མི་ཡུལ་གྱི་དམྱལ་བ་རུ་བགྲང་བ་དེར་རམ་འདེགས་ཀྱིས་བོད་སྤྱི་ཚོགས་ལ་མིང་ཆད་བཟོས་པའི་ཐེར་འདོན་བྱས་ཡོད། སྒྲུང་གི་དཀྲོག་གཏམ་གྱི་རྣམ་པ་དང་བརྗོད་བྱ་དེ་ལྟ་ནའང་སྐད་ཡིག་ལས་སླ་བོར་དང་ཀློག་ཏུ་ཡོད་པར་བྱས་པའི་སྤྱོད་སྒོ་ལེགས་བཅོས་བྱས་པ་རེད།

སྤྱི་ལོ་༡༩༨༥ལོར་བོད་ཀྱི་རྟོག་སྒྲུང་གཉིས་པ་གཙུག་གཡུ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར་ཉི་ཤུ་ལོན་པའི་རྟེན་འབྲེལ་གྱི་ཆ་ཤས་ལྟ་བུར་ཐོན་པ་དང་། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ནང་མུ་འགོད་བྱས། རྩོམ་པ་པོ་གླང་མདུན་དཔལ་འབྱོར་ཡིན་ཞིང་ཁོང་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པའི་ཚ་བོ་ཡིན་པ་རེད།

དཔལ་འབྱོར་ཆུང་དུས་ནས་རྒྱ་གར་རྡར་རྗེ་གླིང་ནས་སློབ་སྦྱོང་བྱས་པ་དང་ཕོ་ལོ་བཅོ་ལྔ་ལོན་པ་དང་རྒྱ་ནག་ལ་མཐོ་རིམ་སློབ་སྦྱོང་གནང་བར་བསྐྱོད་པ་རེད། བརྩམས་སྒྲུང་གི་བརྗོད་བྱ་ནི་བོད་རྙིང་པའི་སྐབས་ཀྱི་སྐུ་དྲག་ནང་ཁུལ་གྱི་འགྲན་རྩོད་སྐོར་ཡིན་ལ། སྐུ་དྲག་དག་གི་ཕྱིའི་རྣམ་པའི་རྫིག་ཉམས་དང་ནང་བསམ་བློའི་རུལ་སུངས་རང་བཞིན་དང་དབང་འཛིན་གྲལ་རིམ་དག་ཐེར་འདོན་བྱེད་འདུན་བཅངས་པ་དང་། ཀློག་མཁན་དག་གིས་ངལ་རྩོལ་གྲལ་རིམ་གྱི་སྡུག་བསྔལ་བསམ་ཤེས་ཐུབ་པར་སྐུལ་ཡོད། དམར་ཤོག་གི་བདེན་འཛིན་ལྟར་སྐུ་དྲག་དང་ས་བདག་དག་སླར་ཡང་རང་གི་གྲལ་རིམ་གྱི་མངོན་འདོད་ཁོ་ན་ལ་ཞབས་འདེགས་སྒྲུབ་མཁན་དུ་མངོན་མཚོན་བྱས་ཤིང་། མི་སྣ་གཙོ་བོ་དཔལ་ལྡན་ནི་རང་ལ་བཙན་གནོན་བྱེད་མཁན་ལ་སེམས་གཏིང་ནས་ཞེ་ལོག་པའི་གཡོག་པོ་ཞིག་ཏུ་འགྲེལ་བརྗོད་བྱས་པ་དང་། དཔལ་ལྡན་གྱི་བྱ་སྤྱོད་བརྒྱུད་ནས་ང་ཚོར་ངལ་རྩོལ་མི་དམངས་ཀྱི་ཞེ་སྡང་ནི་འགོག་མི་བཏུབ་པ་ཞིག་ཡིན་པས་དབང་བསྒྱུར་གྲལ་རིམ་མགོ་རྟིང་སློག་པ་ནི་ཆོས་ཉིད་ཅིག་ཏུ་གདའ་བ་གསལ་བོར་བསྟན་ནོ།།

སྒྲུང་གི་གུ་དོག་ཅིང་ཕྱི་ཚུལ་གྱི་བརྗོད་སྙིང་གི་རྣམ་པ་དེ་ལྟ་ནའང་གཙུག་གཡུ་ནི་སྐབས་དེ་མ་ཐག་གི་བྲིན་ཤོས་ཤིག་ཡིན་པ་དང་། ད་ལྟ་པར་སྐྲུན་ཡང་བྱེད་ཐུབ་མི་འདུག ང་རང་ལྷ་སར་འགྲོ་ཐེངས་རྗེས་མའི་སྐབས་སུ་ངས་དེ་ཡི་པར་བཤུས་ཡོད་མཁན་གཅིག་ཀྱང་རྙེད་མ་སོང་ཨང་། དྲིལ་སྒྲོག་གི་རྣམ་པ་ཤུགས་ཆེ་ཡང་བོད་མི་ཚོས་དཔེ་དེབ་དེ་ཡི་སྐད་ཡིག་བཀོལ་སྤྱོད་དང་སྲོལ་རྒྱུན་རྙིང་པའི་མི་ཚེའི་འགྲོ་ལུགས་འགྲེལ་བརྗོད་བཅས་ལ་ལྟོས་ཏེ་མང་མང་གིས་ཀློག་པ་དང་དགའ་མོས་བྱེད་པ་རེད། ཀློག་མཁན་ཚོས་དྲིལ་སྒྲོག་མངོན་གསལ་ཐོན་པ་ནི་པར་སྐྲུན་གྱི་དགོས་མཁོ་ཞིག་ཏུ་ངོས་འཛིན་གྱིས་སྒྲུང་གི་སྐད་ཡིག་དང་འགྲེལ་བརྗོད་ཀྱི་བག་ཆགས་ཐད་ལ་སྣང་འཇོག་བྱས་ཡོད། ཕི་ལོ་ཁྲི་ཡིས་དེ་ནི་གཡུ་ཕྲེང་ལྟ་བུ་ཞིག་ཏུ་འགྲེལ་བརྗོད་བྱས་ཡོད་ལ་དེའི་དོན་ནི་ཀློག་མཁན་གཅིག་རྗེས་གཉིས་མཐུད་དུ་འགུག་ཐུབ་པ་དེ་ཡིས་སོ།།

རྟོག་སྒྲུང་ཁག་བོད་ཀྱི་སྲོལ་རྒྱུན་བརྡ་སྤྲོད་ཀྱི་འགྲོ་ལུགས་ལྟར་བརྩམས་པ་ཤས་ཆེ་བའི་སྐབས་དེར་གཙུག་གཡུ་ཡིས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་སྐད་ཆ་ལ་རྩོམ་རིག་གི་བཅུད་དང་ལྡན་པར་བཀོལ་སྤྱོད་ཤུགས་སྣོན་བྱས། ཕལ་སྐད་དང་རྩོམ་རིག་གི་རྣམ་པ་གཉིས་མཉམ་བསྲེས་བྱས་པ་དེ་ཡིས་བརྩམས་སྒྲུང་དེ་མི་མང་གི་གམ་དུ་སླེབས་ཐུབ་པ་བྱུང་བ་དང་། དེ་བཞིན་དེང་རབས་རྩོམ་རིག་གི་ཆ་རྐྱེན་གཅིག་དང་ཡང་འཕྲད་པར་བྱས་ཤིང་། གཙུག་གཡུ་དང་སྐལ་བཟང་མེ་ཏོག་གཉིས་ནི་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ཁྲོད་ཀྱི་ལམ་ཚད་རྡོ་རིང་ངོ་།།

སྤྱི་ལོ་༡༩༨༥ལོའི་རྗེས་ནས་བོད་ཀྱི་སྒྲུང་ཐུང་ཁག་གིས་བརྗོད་གཞི་གསར་པ་ཞིག་གི་འགོ་བཙུགས་པ་དང་། དེ་ཡང་སྟེས་དབང་གིས་བྱུང་བ་ཞིག་མིན་པར་ཏང་གི་སྲིད་ཇུས་ཀྱིས་མི་བཞི་ཤོག་ཁག་གི་ནག་ཉེས་མཚང་འབྱིན་བྱས་པ་དང་དེང་རབས་ཅན་བཞི་ལ་ཡི་རངས་བྱས་པ་ལས་བྱུང་བ་རེད། སྲིད་ཇུས་དེ་ཡིས་ཆེས་ཐོག་མར་བོད་པ་ཚོར་བོད་ཞི་བའི་བཅིངས་འགྲོལ་རྗེས་ཀྱི་དཀའ་སྡུག་གི་དུས་སྐབས་དེ་ཡི་སྐོར་གྱི་སྐད་ཆའང་བྲིས་ཆོག་པར་བྱས་ལ། རིག་གནས་གསར་བརྗེ་སྐབས་ཀྱི་མི་ཚེ་དང་མི་མང་གིས་མྱངས་པའི་སྡུག་བསྔལ་སྐོར་ཞིབ་འབྲི་བྱས་པའི་སྒྲུང་ཐུང་འགའ་ཤས་ཐོན་པ་རེད། ཁམས་ཀྱི་དཔྱད་བརྗོད་པ་མགོན་པོ་གླིང་གིས་སྤྱི་ལོ་༡༩༨༩ལོའི་སྦྲང་ཆར་ནང་བོད་ཀྱི་སེམས་རྨའི་སྒྲུང་གཏམ་ཅེས་པ་བྲིས་པ་དང་། ་གྲགས་ཆེ་བའི་བརྡ་ཆད་དུ་སེམས་རྨའི་རྩོམ་རིག་ནི་སྤྱི་ལོ་༡༩༧༩ལོར་རྒྱ་ནག་ཏུ་ཐོན་པ་དང་། སྒྲུང་འདིའི་རིགས་ཀྱི་དཔེ་མཚོན་གཅིག་ནི་རྒན་པོ་ཚེ་རིང་གི་ནོར་འཁྲུལ་ཅན་གྱི་བསམ་བློ་ཞེས་པ་ཡིན་ལ། མི་སྣ་གཙོ་བོ་ཚེ་རིང་ནི་རིག་གནས་གསར་བརྗེ་སྐབས་སུ་མ་རྩ་རིང་ལུགས་ཀྱི་ལམ་དུ་ཞུགས་པར་བསྙད་དེ་སྡུག་སྦྱོང་ཕོག་མོད། རྗེས་སུ་ཁོང་གི་ཁེ་ལས་པའི་ལག་རྩལ་ལ་གུས་བརྩི་ཐོབ་པ་དང་བློ་སྟོབས་སྤེལ་སོང་བ་རེད།

རིག་གནས་གསར་བརྗེའི་སྐོར་གྱི་བརྩམས་སྒྲུང་མང་པོ་ཞིག་དོན་དངོས་མ་ཡིན་པ་དང་དགོས་ངེས་ཀྱི་ཞིབ་འཇུག་བྱས་པའང་མིན་ལ། ཡང་ན་འཇིགས་སྐྲག་ཅི་བས་ཆེ་བའི་མཚནམོ་དེ་ཡི་དུས་སྐབས་ཀྱི་མཉམ་མྱོང་གཏིང་ཟབ་སྒོས་ཕྱིར་བཏོན་པའང་མིན། གང་ལྟར་ཡང་བརྩམས་སྒྲུང་གཉིས་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་ཅུ་གྱ་གྲངས་ཀྱི་སྟོད་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་སྟེང་དུ་སྤེལ་བ་ནི་ཁྱད་དུ་འཕགས་པ་ཞིག་རེད། སྐབས་དེར་དེ་དག་ལ་དེ་མ་ཐག་གི་རྨ་ཤུལ་རྩོམ་རིག་ལྟ་བུའི་ངོས་འཛིན་ཡང་མ་ཐོབ་ཅིང་། རྗེས་སུ་དུས་ཡུན་རིང་པོ་མ་སོང་བར་དཔྱད་བརྗོད་པ་དག་གིས་དེ་དག་ལས་རིག་གནས་གསར་བརྗེ་ཡི་མཚོན་དོན་མཐོང་པ་དང་། རྣམ་གྲོལ་གྱིས་བརྩམས་པའི་ཆར་ཤུལ་གྱི་ནགས་ཚལ་དང་དཔལ་འབྱོར་གྱིས་བརྩམས་པའི་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞེས་པའི་བརྩམས་སྒྲུང་གཉིས་ནི་རབ་རྟོག་བརྩམས་སྒྲུང་གི་རྣམ་པར་བརྩམས་ཤིང་སྲོལ་རྒྱུན་གྱི་ཇ་ཆང་བར་གྱི་རྩོད་གླེང་ལྟ་བུའི་དམངས་ཁྲོད་སྒྲུང་གཏམ་ལས་ལག་ཆ་བླངས་པ་ཤུགས་ཆེ་བ་ཞིག་གོ།

དེ་ལས་ཀྱང་སྔ་མ་ནི་དམངས་ཁྲོད་ཀྱི་སྒྲུང་ཞིག་གི་རྣམ་པ་ཇི་བཞིན་པར་བརྩམས་ཡོད། སྒྲུང་དེ་ཡི་ལྷུག་བརྗོད་ཀྱི་རིགས་ཚིག་ལྷུག་དང་མི་སྣ་གཙོ་བོ་དག་གི་སྐད་ཆ་བཅད་མའི་ནང་སྤེལ་ཡོད་ལ། སྒྲུང་གི་ནང་དུ་སྲོག་ཆགས་སྐོར་ཞིག་གིས་རིག་གནས་གསར་བརྗེ་མངོན་སུམ་གྱིས་མཚོན་པའི་དྲག་ཆར་ཞིག་གི་རྗེས་སུ་རང་རང་གི་སྡོད་གནས་ནགས་ཚལ་སླར་གསོ་བྱེད་པ་བྲིས་པ་དང་། བསྔགས་འོས་པ་ཞིག་ལ་སྲོག་ཆགས་དག་གི་རང་གཤིས་འགྲེལ་བརྗོད་བྱེད་སྟངས་ཀྱིས་ཇཱོར་ཇཱི་ འོར་བེལ་གྱི་སྲོག་ཆགས་གཞིས་ཀ་དྲན་པར་བྱས་འདུག
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (གསུམ་པ)

  1. འཇིགས་མེད་ཚེ་རིང་ ནས།

    ད་ཅང་མ་གོ་ཐ། སྨད་ན་ཡོད་ནོ་སྟོད་ནས་བཤད་་་སྟོད་ན་ཡོད་ནོ་སྨད་ནས་བཤད། བོད་ཀྱི་བརྩམས་སྒྲུང་གླེང་དུས་མཐོ་སྒང་གི་མཐའ་ཟུར་ན་ཡོད་པའི་བོད་སྐད་སྨྲ་བ་ཚོའི་དེ་དགོས་ཀི་མེད་པ་འདྲ།

Write a Reply or Comment

Your email address will not be published. Required fields are marked *

*