ང་ཚོ་སྐྱབས་བཅོལ་བ་ཚོ།(བཞི་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཧན་ནཱ- ཨ་རེན་རྡུ་ཁྲི།

གལ་སྲིད་འཚོ་གནས་ཀྱི་ཆེད་དུ་ཡོད་ཚད་བློས་གཏོང་མཁན་ཞིག་ལ་མཚོན་ན་རང་ཉིད་ཀྱི་འཚོ་གནས་ཀྱི་གོ་སྐབས་དེ་ཧ་ཅང་ཆེན་པོ་རེད། འོན་ཀྱང་། འཚོ་གནས་ཀྱི་ཆེད་དུ་རང་ཉིད་ཀྱི་ངོ་བོ་སྒྱུར་མཁན་ཞིག་ལ་མཚོན་ན་དེ་ནི་ཆེས་དཀའ་ངལ་ཆེ་བའི་གནད་དོན་ཞིག་ཡིན་པ་སྨོས་མ་དགོས་པ་རེད་ལ་དེ་ནི་ཐབས་ཟད་ཨུ་ཐུག་གི་སྣང་ཚུལ་ཞིག་ཀྱང་ཡིན་པ་རེད། དེར་བརྟེན། ང་ཚོས་བྱ་བ་གང་ཞིག་བྱས་ན་ཡང་སྐད་ཆ་གང་ཞིག་བཤད་ན་ཡང་འདྲ་ང་ཚོས་གནད་དོན་གལ་ཆེན་གང་ཡང་མི་སྟོན་པར་གཙོ་བོ་ང་ཚོ་རང་ཉིད་ཀྱི་ངོ་བོ་བསྒྱུར་འདོད་པ་དེ་ཕྱིར་བསྟན་པ་ཙམ་རེད། ང་ཚོས་ལུས་ངག་ཡིད་གསུམ་གྱིས་བྱ་བ་གང་ཞིག་བྱས་ན་ཡང་དམིགས་ཡུལ་གཙོ་བོ་དེ་རང་ཉིད་ཇོས་ཤུ་མི་རིགས་མ་ཡིན་པ་ཞིག་ཏུ་བསྒྱུར་ཐབས་བྱེད་རྒྱུ་དེ་རེད། གང་ཡིན་ཟེར་ན། ང་ཚོ་ནམ་ཡང་སྐྱབས་བཅོལ་བ་བྱེད་འདོད་མེད་པར་བརྟེན་གནས་ལུགས་དེའི་ཆེད་དུ་ང་ཚོ་ཇོས་ཤུ་མི་རིགས་ཀྱང་བྱེད་འདོད་ཀྱང་མེད། སྐབས་ཤིག་ནས་བཟུང་ང་ཚོས་དབྱིན་སྐད་རྐྱང་བ་བཤད་འགོ་བརྩམས་པ་ཡིན་གང་ཡིན་ཟེར་ན་དུས་ཚོད་ནམ་ཞིག་ནས་འཇར་མིན་སྐད་བཤད་མཁན་གྱི་སྐྱབས་བཅོལ་བ་ཚང་མ་ཇོས་མི་རིགས་སུ་བརྩི་འགོ་ཚུགས་པ་རེད། ང་ཚོས་ནམ་རྒྱུན་རང་ཉིད་ལ་རྒྱལ་ཁབ་མེད་པའི་མི་ཞེས་འབོད་བཞིན་མེད་གང་ཡིན་ཟེར་ན་འཛམ་གླིང་གི་སྐྱབས་བཅོལ་བ་མང་ཤོས་ཇོས་ཤུ་མི་རིགས་ཡིན་པས་སོ།། ང་ཚོར་ཧོ་ཏན་ཏོ་ཏུསུ་ལ་(Hottentots)རྗེས་སུ་ཡི་རངས་བྱེད་འདོད་ཡོད་གང་ཡིན་ཟེར་ན་དེ་ནི་ང་ཚོས་རང་ཉིད་ཇོས་ཤུ་ཡིན་པའི་ངོ་རྟགས་དེ་སྦས་སྐུང་བྱེད་ཐབས་ཤིག་ཡིན་པས་སྟབས་ཀྱིས་རེད། འོན་ཀྱང་། ངོ་བོ་སྦས་སྐུང་གི་བྱ་བཞག་དེའི་ཐད་དུ་ང་ཚོ་གཏན་ནས་ལེགས་འགྲུབ་མ་བྱུང་ལ་ནམ་རྒྱུན་ལས་སླ་བོར་མི་གཞན་གྱིས་ང་ཚོ་ཇོས་ཤུ་མི་རིགས་ཡིན་པ་ངོ་རྟགས་ཆོད་བཞིན་ཡོད་པ་རེད། གང་ཡིན་ཟེར་ན་ང་ཚོའི་གདོང་གཤིས་རྫུན་མ་དེའི་འོག་གི་སྐྱོ་སྣང་ཆེ་བའི་མི་གཤིས་དེ་ནམ་རྒྱུན་ཕྱིར་སྟོན་བཞིན་ཡོད་པ་རེད་ལ་ད་དུང་ངོ་བོ་མཉམ་འདྲེས་བྱས་པ་དེ་ཡང་ཤེས་རྟོགས་འབྱུང་བཞིན་ཡོད།

ང་ཚོའི་འཚོ་བའི་རྒྱུད་རིམ་དང་འབྲེལ་ནས་འཇར་མན་སྐད་ཡིག་ཁྲོད་ཀྱི་ངོ་བོ་མཉམ་འདྲེས་ལ་བསམ་བློའི་ལྟ་གྲུབ་དང་འབྲེལ་དེ་གཏིང་ཟབ་པའི་གོ་དོན་གསར་བ་ཞིག་བསླེབས་པ་རེད། ཕལ་ཆེར་གཅིག་བྱས་ན་ཁྱོད་ཀྱིས་ཇོས་ཤུ་མི་རིགས་དག་གིས་གནད་དོན་འདིའི་སྐོར་ལ་ག་ཚོད་ཅིག་བརྒྱུད་ཡོད་མེད་ཤེས་རྟོགས་བྱེད་ཐུབ་ཡོད་མེད་མི་ཤེས། ང་ཚོའི་ངོ་བོ་མཉམ་འདྲེས་ནི་རང་ཉིད་གང་དུ་གནས་པའི་རྒྱལ་ཁབ་དང་དེའི་སྐད་ཡིག་ཁྲོད་ཕར་མཉམ་འདྲེས་བྱེད་རྒྱུ་ཙམ་མ་ཡིན་པར། ང་ཚོའི་མཉམ་འདྲེས་ནི་ང་ཚོའི་ཡོད་ཚད་ལ་མཉམ་འདྲེས་བྱེད་དགོས་པ་མ་ཟད་ད་དུང་ཕར་ཕྱོགས་ཀྱི་ཡོད་ཚད་ཚུར་རང་སྟེང་དུ་བསྒྱུར་ནས་ངོས་ལེན་དགོས་པ་དེ་རེད། འཇར་མན་ནས་གསར་དུ་ཧྥ་རན་སིར་སླེབས་པའི་ཇོས་ཤུ་བ་ཞིག་གི་གཏམ་བཤད་ལས་གནད་དོན་དེ་གསལ་བོར་རྟོགས་བྱུང་། གསར་དུ་འབྱོར་མ་ཐག་པའི་ཇོས་ཤུ་དེ་ཧྥ་རན་སིར་བཙུགས་པའི་ཇོས་མི་རིགས་ཀྱི་ཕན་ཚུན་ལ་རོགས་སྐྱོར་དང་ཕན་ཚུན་གྱི་སྙིང་གཏམ་གླེང་སའི་ཚོགས་པ་ཞིག་གི་ནང་དུ་ཞུགས་པ་རེད། ཉིན་དང་བོའི་ཁོའི་གཏམ་བཤད་ནང་དུ་“ང་ཚོ་སྔོན་ཆད་འཇར་མན་དུ་ཡོད་སྐབས་འཇར་མན་པ་ཡག་པོ་ཞིག་བྱས་པ་རེད་ལ། ད་ལྟ་ང་ཚོ་ཧྥ་རན་སིར་ཡོད་པས་ང་ཚོས་ངེས་པར་དུ་ཧྥ་རན་སི་བ་ཡག་པོ་ཞིག་བྱེད་དགོས།”ཤེས་བཤད་སོང་ལ། སྐབས་དེར་མི་མང་ཚང་མ་དགའ་སྤོབས་ཆེན་པོའི་ངང་དུ་ཐལ་མོ་བརྡབས་སོང་བ་ལས་མི་གཅིག་ཀྱང་གད་མོ་བགད་མ་སོང་། ཁོ་ཚོ་ཚང་མར་ང་ཚོ་ཇོས་མི་རིགས་དག་ས་ཆ་གང་དུ་སོང་ཡང་ལྷག་བསམ་ཅན་གྱི་མི་སེར་ཞིག་བྱེད་ཐུབ་པའི་ཆོད་སེམས་དེར་སྤོབས་པས་ཁེངས་འདུག

གལ་སྲིད་རྒྱལ་ཞེན་ཞེས་པ་ནི་ལག་ལེན་ཐོག་གི་གནད་དོན་ཡིན་པ་བདེན་ཚེ་ཇོས་ཤུ་མི་རིགས་དག་ནི་འཛམ་གླིང་འདིའི་རྒྱལ་ཞེན་ཆེས་ཆེ་བའི་མི་རིགས་དེ་ཡིན་སྲིད། ཁྱེད་ཚོས་སྐུ་ཞབས་ཀོ་ཧན་གྱི་གཏམ་རྒྱུད་དེ་ད་དུང་བརྗེད་ཡོད་རྒྱུ་མ་རེད་ཁོའི་མི་ཚེའི་ནང་དུ་རྒྱལ་ཁབ་མང་བོ་བརྒྱུད་དགོས་བྱུང་བ་རེད་ལ། རྒྱལ་ཁབ་གསར་བ་རེ་རེར་སླེབས་ཚེ་ཁོ་ནི་རྒྱལ་ཁབ་དེའི་རྒྱལ་ཞེན་དང་ལྷག་བསམ་ཆེས་དཀར་བའི་ཆབ་འབངས་ཤིག་ཏུ་གྱུར་འགྲོ་བ་མ་ཟད་ཁོ་རྒྱལ་ཁབ་གསར་བ་རེ་རེར་འབྱོར་དུས་ཁོས་རྒྱལ་ཁབ་དེ་ནི་རང་ཉིད་ཀྱི་ཕ་ཡུལ་དངོས་བཞིན་གཅེས་སྐྱོང་དང་དགའ་ཞེན་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། ད་དུང་རྒྱལ་ཞེན་ཞེས་པ་ནི་ལག་ལེན་དངོས་ཀྱི་ནང་དུ་མཐོང་མི་ཐུབ་པར་འདོད་མཁན་ཚོས་གཅིག་བྱས་ན་ཇོས་ཤུ་མི་རིགས་དག་གིས་རང་ཉིད་སོ་སོ་སྡོད་སའི་རྒྱལ་ཁབ་སོ་སོར་ཕུལ་བའི་ཞབས་འདེགས་དག་ཅི་ལ་ཡང་བརྩི་མི་སྲིད། གནད་དོན་འདིས་ང་ཚོ་རང་ཉིད་ཀྱི་སྤྱི་ཚོགས་དེ་བཟོད་བསྲན་མེད་ཅིང་གདུག་རྩུབ་ཆེས་ཆེ་བའི་གནས་སྟངས་ཞིག་ཏུ་བསྒྱུར་ཡོད། ས་ཆ་གང་དུ་སོང་ཡང་ང་ཚོ་རྒྱལ་ཁབ་དེའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་སེར་ལ་མི་བརྩི་བར་བརྟེན་ང་ཚོས་ཁོ་ཚོ་བཞིན་མི་རིགས་གཞན་གྱིས་རང་ཉིད་ལ་རྒྱལ་ཞེན་དང་ལྷག་བསམ་བཅངས་བར་རེ་བ་རྒྱག་མི་ཐུབ་ལ་དེ་འདྲའི་ཐོབ་ཐང་ཡང་མེད་པ་རེད།

འོན་ཀྱང་། ས་ཆ་གང་དུ་སོང་ཡང་མི་རྣམས་ལ་བསམ་ཚུལ་ཞིག་ཡོད་པ་ནི་ས་ཆ་དེ་གའི་ས་སྐྱེས་རྡོ་སྐྱེས་ཀྱི་མི་ངོ་མ་ཞིག་མིན་ཚེ་རྒྱལ་ཁབ་དེར་རྒྱལ་ཞེན་དང་ལྷག་བསམ་ངོ་མ་ཞིག་སྐྱེ་མི་ཐུབ་པར་འདོད་པ་དེ་རེད། བསམ་ཚུལ་དེའི་སྟབས་ཀྱིས་ང་ཚོ་ས་ཆ་གང་ཞིག་དུ་བསླེབས་ཀྱང་རུང་ང་ཚོས་རྒྱལ་ཁབ་ཅིག་ལ་ཕན་པའི་བྱ་བ་ག་ཚོད་བསྒྲུབས་ནའང་ཆོག ཁོ་ཚོས་ནམ་རྒྱུན་ང་ཚོ་ལ་ཞིབ་འཇུག་དང་ཡིད་ཆེས་གང་ཡང་མི་བྱེད་པར་རྒྱང་དུ་བཞག་ནས་ཡོད། གནས་སྟངས་འདིས་ང་ཚོའི་མི་ཚེར་དཀའ་ངལ་དང་སྐྱོ་སྣང་ཆེན་པོ་སྦྱིན་མྱོང་ཡོད་ལ། གལ་སྲིད་ང་ཚོར་གནད་དོན་དེའི་རྩ་བར་འགྲེལ་བཤད་ཡག་པོ་ཞིག་རྒྱག་ཏུ་བཅུག་ཚེ་དོགས་པ་དེ་ལས་གྲོལ་ཡང་སྲིད། ང་ཚོར་དེ་འདྲའི་གོ་སྐབས་ཤིག་སྤྲད་མ་མྱོང་ལ་གཅིག་བྱས་ན་སྤྲད་འདོད་མེད་པ་ཡང་ཡིན་སྲིད། ཁོང་ཚོ་བཞིན་ང་ཚོར་ཡང་རང་ཉིད་ཀྱི་གདོད་མའི་རྒྱལ་ཁབ་དེར་དགའ་བོ་ཡོད་པ་རེད། འོན་ཀྱང་། ང་ཚོས་རང་ཉིད་ཀྱི་སྐྱེས་སའི་རྒྱལ་ཁབ་དེར་ཁ་གཡར་ནས་རྒྱལ་ཁབ་གཞན་ཞིག་ནམ་ཡང་བཙོང་མི་སྲིད། རྗེས་སུ་རིམ་བཞིན་དུ་ང་ཚོས་དེའི་སྐོར་ལ་རྩོམ་ཡིག་གླེགས་བམ་མང་བོ་ལོངས་པ་བྲིས་ཚར་ཡོད་ལ་གནད་དོན་དེ་ང་ཚོས་གཞུང་དང་དབང་འཛིན་མི་སྣ་ཚོར་རེའུ་མིག་གི་ལམ་ནས་དངོས་སུ་བསྟན་དེ་བདེན་དཔང་ཡང་བྱེད་མྱོང་ཡོད། ང་ཚོ་ལ་མི་རིགས་འཆམ་མཐུན་སྐོར་ལ་འབྲི་མཁན་གྱི་མཁས་པ་གང་མང་བྱོན་མྱོང་། ཁོ་ཚོས་ཞིབ་འཇུག་གླེགས་བམ་དག་ཏུ་ཇོས་ཤུ་དང་ཧྥ་རན་སའི་མཛའ་མཐུན་འབྲེལ་བ་དང་། དེ་བཞིན་ཇོས་ཤུ་དང་འཇན་མན་མི་རིགས་བར་གྱི་མཛའ་མཐུན། ཇོས་ཤུ་དང་ཧན་གྷ་རི་བ་རྣམས་བར་གྱི་མཛའ་འབྲེལ་སོགས་ཧ་ཅང་མང་བོ་བྲིས་ཡོད་པ་རེད་ལ་བཤད་མྱོང་ཡང་ཡོད་པ་རེད། དེར་བརྟེན། ཇོས་ཤུ་མི་རིགས་ཀྱི་སྐྱ་ཟད་སྔོ་སྡུག་གི་རྒྱལ་ཞེན་ལོ་རྒྱུས་ནི་ཧ་ཅང་གིས་རིང་བོ་དང་རྙོག་འཛིངས་ཆེན་པོ་ཞིག་རེད། དེ་ནི་མི་ལོ་བརྒྱ་དང་ལྔ་བཅུའི་རིང་གི་ཇོས་མི་རིགས་དང་མི་རིགས་གཞན་ཁག་བར་ངོ་བོ་མཉམ་འདྲེས་ཀྱི་འབྲེལ་བ་བྱུང་བའི་སྔ་ཕྱིའི་བརྒྱུད་རིམ་ཞིག་རེད། ཡིན་ན་ཡང་ཇོས་ཤུ་བའི་རྒྱལ་ཞེན་དང་ལྷག་བསམ་མི་རིགས་གཞན་པ་གང་མང་གིས་ངོས་ལེན་བྱེད་བཞིན་མེད་པ་རེད།

དེར་བརྟེན། ཇོས་ཤུ་མི་རིགས་དག་ནི་དཔའ་བོ་ཡོས་ལས་སེས་གཏམ་རྒྱུད་ནང་གི་སྐོར་སྲུང་བ་བཞིན་ནམ་ཡང་རེ་དོགས་གཉིས་ཀྱིས་ཁེངས་ནས་ཡོད་པ་ཁོ་ཚོའི་རང་ཉིད་གང་ལ་གཏོགས་པའི་ངོ་བོ་སྦས་སྐུང་བྱེད་དགོས་འབྱུང་བཞིན་ཡོད་པ་ལས་ཤེས་གསལ་བོར་ཤེས་ཐུབ། རེ་དོགས་གཉིས་ཀྱི་འཆིང་རྒྱ་འདིས་འདས་པའི་ལོ་ངོ་བཅུ་ཕྲག་མང་བོར་ང་ཚོ་བསྡམས་ནས་བསྡད་པ་རེད་ལ། ང་ཚོའི་ཚེ་སྲོག་གི་འཆི་གསོན་ཡང་འདི་དང་འབྲེལ་ནས་ཡོང་བཞིན་ཡོད་པ་རེད། ང་ཚོ་ནི་རང་ཉིད་ཀྱི་ངོ་བོ་གང་ཡིན་དང་མི་རིགས་གང་ཞིག་ཏུ་གཏོགས་མིན་དེ་དུས་གཏན་དུ་གསང་བའི་ངང་ཉར་ཐུབ་མཁན་གྱི་གྲས་དེ་མིན། དེར་བརྟེན། ང་ཚོས་དགའ་སྤོབས་ཆེན་པོའི་ངང་དུ་ང་ཚོའི་གོ་སྐབས་ཡོད་ཚད་བླངས་བ་ཡིན་ལ་ང་ཚོས་རང་ཉིད་མི་རིགས་གསར་བ་ཞིག་གི་ཆ་ཤས་སུ་འགྱུར་རྒྱུའི་གོ་སྐབས་དེ་དགའ་བོའི་ངང་དང་ལེན་བྱས་པ་ཡིན། དེ་ནི་དཔེར་ན་སྐྱེ་གཟུགས་དེ་འདྲའི་སྙིང་རྗེ་མོ་མེད་པའི་བུད་མེད་ཅིག་གིས་དུག་ལོག་དཔེ་གསར་ཞིག་ལ་རེ་བ་བྱས་པ་དང་ཇི་འདྲའི་འདྲ་ཨང་། ཡིན་ན་ཡང་ནམ་ཞིག་བུད་མེད་དེས་རང་ཉིད་ཀྱི་གྱོན་གོས་གསར་བ་དེས་རང་ཉིད་ཀྱི་བྱད་གཟུགས་དངོས་དེ་འགེབས་ཐུབ་ཀྱིན་མེད་པར་མཐོང་ཉིན་ནས་བཟུང་ཁོ་མོས་གྱོན་གོས་དེ་ཐེ་ཚོམ་མེད་པར་གཡུགས་ནས་གྱོན་གོས་གསར་བ་གཞན་ཞིག་ལ་རེ་བ་རྒྱག་རྒྱུ་རེད། དཔེར་མཚོན་དེ་ནི་ང་ཚོ་ཇོས་མི་རིགས་ཀྱི་ལས་དབང་དང་ཇི་འདྲའི་འདྲ་མཚུངས་ཞིག་རེད་ཨང་།

ཡ་མཚན་པ་ཞིག་ལ་ཐེངས་ག་ཚོད་ཅིག་ལ་ང་ཚོས་ཐབས་ཤེས་འདི་དག་གིས་རང་ཉིད་ཀྱི་ངོ་བོ་འགེབས་སྲུང་བྱེད་མ་ཐུབ་ན་ཡང་གནད་དོན་འདི་ཙམ་གྱིས་ང་ཚོ་སེམས་ཤུགས་ནམ་ཡང་ཆགས་མི་སྲིད། ང་ཚོས་མུ་མཐུད་དུ་ཐབས་ལམ་འདྲ་མིན་བརྒྱུད་ནས་རང་ཉིད་ཀྱི་ངོ་བོ་འགེབས་སྲུང་བྱེད་རྒྱུ་ནམ་ཡང་མཚམས་འཇོག་བྱེད་བཞིན་མེད། འོན་ཀྱང་། ལོ་རྒྱུས་ཀྱིས་གསལ་བོར་ར་སྤྲོད་བྱས་པ་ནི་མི་རིགས་ཤིག་གི་ངོ་བོ་དེ་ནམ་ཡང་འགེབས་སྲུང་དང་སྤས་སྐུང་བྱེད་མི་ཐུབ་པ་དེའོ། ང་ཚོའི་ལོ་རྒྱུས་དེ་བསྐྱར་ཟློས་ཡང་ཟློས་སྣ་ཚོགས་བྱས་ཡོད་པས་གནད་དོན་ཁ་ཤས་ལ་ཁྱེད་ཚོས་དགག་པ་ཡང་བྱེད་སྲིད་མོད་ཀྱང་ཁྱེད་ཚོས་དགག་བཞག་མ་བྱས་སྔོན་དུ་ངེས་པར་དུ་ཤེས་དགོས་པའི་གནད་དོན་ཞིག་ནི་དུས་ཚོད་འདིར་གལ་སྲིད་ཁྱེད་ཀྱིས་ཇོས་མི་རིགས་ཀྱི་ངོ་བོ་ཁུར་ནས་འཛམ་གླིང་འདིའི་ས་ཆ་གང་དུ་སོང་ཡང་ཁྱེད་ལ་ཁྲིམས་མཐུན་གྱི་གནས་བབ་ཅིག་གཏན་ནས་ཐོབ་མི་སྲིད། དེར་བརྟེན། གལ་སྲིད་ང་ཚོས་འཛམ་གླིང་གི་མདུན་དུ་ང་ཚོ་ནི་བཀྲུས་ནས་མ་དག་པའི་ཇོས་ཤུ་མི་རིགས་ངོ་མ་དེའོ་ཞེས་བཤད་ཚེ་དེ་ནི་ང་ཚོའི་འཚོ་གནས་ཀྱི་ལམ་ཁའི་ལྡོག་ཕྱོགས་སུ་གོམ་པ་སྤོ་བཞིན་པ་དང་གཅིག་མཚུངས་ཡིན། གནས་སྐབས་འདིར་ཇོས་ཤུ་མི་རིགས་ལ་འཛམ་གླིང་གི་ས་ཆ་གང་དུ་ཡང་ཁྲིམས་ཀྱིས་སྲུང་སྐྱོབ་མེད་ལ་ཆབ་སྲིད་ཀྱིས་རྒྱབ་སྐྱོར་ཡང་མེད།

དེར་བརྟེན། ང་ཚོ་ནི་ཁྱེད་ཚོ་དང་འདྲ་བར་ཆེས་སྤྱིར་བཏང་གི་འགྲོ་བ་མིའི་རིགས་ཀྱི་ཆ་ཤས་ཤིག་ཡིན་པས་གནས་སྟངས་དེ་འདྲའི་འོག་ཏུ་རྒྱལ་ཁའི་ངང་དུ་འཚོ་གནས་བྱེད་ཐུབ་བམ། སྤྱིར་བཏང་འཛམ་གླིང་འདིའི་མིའི་རིགས་འཚོ་གནས་ཀྱི་ཁ་ཕྱོགས་ནི་ངོ་མ་ཁྱད་མཚར་བོ་ཞིག་རེད། གང་ཡིན་ཟེར་ན་སྤྱི་ཚོགས་ཀྱིས་ཁྱོད་ལ་ལྟ་སྟངས་གང་ཡིན་པ་དེས་ཕལ་ཆེར་ཁྱོད་ཀྱི་མི་ཚེ་ཐག་གཅོད་བྱེད་བཞིན་ཡོད་པ་རེད། མིའི་རིགས་ཀྱི་སྤྱི་ཚོགས་དེ་འདི་ལྟར་གཏིང་ཟབ་མོའི་ཐོག་ནས་དབྱེ་འབྱེད་བྱས་ཡོད་པར་བརྟེན་སྤྱི་ཚོགས་དབྱེ་འབྱེད་ནི་གཞི་རྩའི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད། དེར་བརྟེན་སྤྱི་ཚོགས་དབྱེ་འབྱེད་ཀྱི་ལུགས་སྲོལ་འདིས་གྲི་མཚོན་གང་ཡང་མེད་པར་ཉི་མ་རེ་རེ་བཞིན་མི་གསོད་ཀྱིན་ཡོད་པ་རེད། དཔེར་ན། ངོས་འཛིན་ལག་དེབ་དང་། སྐྱེས་ཚེས་ལག་དེབ། ད་དུང་ཡོང་འབབ་ཀྱི་དཔྱ་ཁྲལ་དེབ་སོགས་ནི་ལུགས་སྲོལ་འདི་གཞི་བཅོལ་སའི་ལག་ཆ་དག་ཡིན་ལ་ལག་ཆ་དེ་དག་བརྒྱུད་ནས་ཁྱེད་རང་སྤྱི་ཚོགས་གང་ཞིག་གི་གྲལ་རིམ་གང་ཞིག་ཏུ་གཏོགས་མིན་ཐག་གཅོད་བྱེད་བཞིན་ཡོད། དེར་བརྟེན་མི་དཀྱུས་མ་ཞིག་ལ་མཚོན་ན་རང་ཉིད་ཀྱི་གནད་དོན་མང་བོ་ཞིག་སྤྱི་ཚོགས་ཀྱིས་རང་ཉིད་ལ་ལྟ་སྟངས་ཇི་འདྲ་ཞིག་ཡོད་མེད་ལ་ཡོངས་སུ་རག་ལས་ཡོད་པ་རེད། དེར་བརྟེན། ང་ཚོས་རང་ཉིད་སྤྱི་ཚོགས་ཀྱིས་ངོས་འཛིན་ཡོངས་ཐབས་སུ་འགྲོ་སོང་ཡོད་ཚད་བཏང་བ་ཡིན་མོད་། འོན་ཀྱང་ང་ཚོའི་ཁྲོད་དུ་སྤྱི་ཚོགས་ཀྱི་ཁ་གཏད་དུ་ལངས་ནས་རང་ཉིད་ཀྱི་ཆེ་མཐོང་རང་ཉིད་ཀྱིས་འཛིན་ཐབས་བྱས་པའི་ལོ་རྒྱུས་ཀྱང་མེད་པ་གཏན་ནས་མིན། འོན་ཀྱང་། ང་ཚོ་མང་ཆེ་བས་འཆི་བ་ལས་གསོན་ལམ་བདམས་པར་བརྟེན་ང་ཚོའི་མཐར་ཐུག་གི་ལམ་ཁ་དེ་ནི་རང་ཉིད་ཅི་ཞིག་གི་ངོ་བོར་ཚོར་མེད་དུ་བསྟིམས་རྒྱུ་དེ་རེད། དེ་མིན་འཛམ་གླིང་འདིར་ཇོས་ཤུ་མི་རིགས་ཀྱི་ངོ་བོ་ཁུར་ནས་སྤྱི་ཚོགས་གང་ཞིག་གི་ཁོངས་སུ་ཡང་ཚུད་ཐབས་མེད་པ་ང་ཚོས་ཡོངས་སུ་ཤེས་ཡོད། གནད་དོན་དེ་ལམ་ཁ་མི་འདྲ་བ་འདི་གཉིས་བརྒྱུད་མཁན་གྱི་མི་སྣ་གོང་དུ་ལོ་རྒྱུས་ངོ་སྤྲོད་བྱས་ཟིན་པའི་སྐུ་ཞབས་བྷིར་ནར་སྒྲི་ལ་ཟ་རེས་དང་སྐུ་ཞབས་ཀོ་ཧན་གཉིས་ཀྱི་མི་ཚེ་ལས་གསལ་བོར་ཤེས་ཐུབ། ཁོང་གཉིས་ཀྱིས་རང་ཉིད་སོ་སོའི་ལྟ་བ་རེ་རེ་ཁུར་ནས་སྤྱི་ཚོགས་འདྲ་མིན་དུ་འཚོ་གནས་ཀྱི་འཐབ་རྩོད་བྱས་པ་རེད། བྷིར་ན་སྒྲི་ལགས་མནར་གཅོད་དང་ཁྱད་གསོད་སོགས་གྲངས་མེད་ཅིག་མྱངས་རྗེས་འཇིག་རྟེན་འདི་དང་ཁ་འབྲལ་དགོས་བྱུང་བ་རེད།

འོན་ཀྱང་། སྐུ་ཞབས་ཀོ་ཧན་ལགས་ལྟོས་འཇོག་གིས་སྟབས་བདེ་བོའི་ངང་གསོན་གནས་བྱེད་ཐུབ་པ་རེད་ལ་ད་དུང་ཁོས་ཇོས་ཤུ་མི་རིགས་ལ་ཕན་པའི་ལས་ཀ་ཡང་ཁ་ཤས་བྱེད་ཐུབ་བྱུང་ཡོད། གང་ལྟར་ཁོང་གཉིས་པོ་དུས་རབས་བཅུ་དགུ་བར་གཏོགས་པའི་ཇོས་མི་རིགས་ཀྱི་ཚབ་མཚོན་མི་སྣ་མི་འདྲ་བ་གཉིས་རེད། སྤྱིར་བཏང་ཇོས་མི་རིགས་ལ་རླབས་ཆེ་བའི་ཚབ་མཚོན་མི་སྣ་གང་མང་བྱོན་མྱོང་བ་རེད། དཔེར་ན། དེང་རབས་ཇོས་མི་རིགས་ཀྱི་ལོ་རྒྱུས་ལ་ཕྱིར་བལྟས་ཤིག་བྱས་ཚེ་ཁྲིམས་ལུགས་ཆེད་མཁས་པ་དང་། ཨ་སྒོར་ས་ཡ་བརྒལ་བའི་ཚོང་ལས་པ། སེམས་ཁམས་རིག་པ་བ། ད་དུང་མཚན་ཉིད་སྨྲ་བ། ཚན་རིག་པ་སོགས་མི་སྣ་གྲགས་ཆེན་གང་མང་བྱོན་མྱོང་ཡོད་པ་རེད། དཔེར་ན། གྲགས་ཆེན་མི་སྣ་ཧེ་ནས། ཪ་ཧིལ་བུན་རྒན། ཤོ་ལོམ་ཨ་ལེ་ཧེམ། ཧྥ་རན་ཟི་ཀ་ཧྥི་ཁ་སོགས་བྱོན་མྱོང་བ་མ་ཟད། ཐ་ན་ཆར་ལིས་ཆབ་ལེན་སོགས་ཀྱིས་ཀྱང་རང་རང་ས་ནས་འཇིག་རྟེན་འདིའི་ནམ་ཡང་བརྗེད་མི་ཐུབ་པའི་གཏམ་རྒྱུད་རེ་རེ་བརྩམས་ཡོད། གྲངས་ཉུང་མི་རིགས་ཀྱི་ངོ་བོར་གནས་པའི་མི་སྣ་འདི་དག་ཚང་མའི་མཐར་ཐུག་གི་དམིགས་ཡུལ་ནི་རླབས་ཆེན་གྱི་སྙན་གྲགས་ཤིག་འཛམ་གླིང་འདིར་བསླང་རྒྱུ་གཅིག་པོ་མ་ཡིན་པར་ཁོ་ཚོས་སྤྱི་ཚོགས་ཤིག་གི་ཚབ་མཚོན་བྱས་ནས་སྤྱི་ཚོགས་གྲལ་རིམ་ཁྲོད་དུ་མནར་གཅོད་ཚད་མེད་མྱོང་བཞིན་པ་མང་བོ་ཞིག་གི་ཆེད་དུ་གནད་དོན་ཁ་ཤས་གསལ་བཤད་ཙམ་བྱེད་འདོད་ཡོད་པ་རེད། མི་ཚང་མར་ང་ཚོ་ཇོས་མི་རིགས་ཀྱི་རླབས་ཆེན་ཁྱད་ཆོས་ཁག་སྟེ་ང་ཚོའི་རྣམ་དཔྱོད་དང་། ཧུར་བརྩོན་གྱི་གཤིས་ཀ། ལྷག་བསམ་རྣམ་དག་གི་མི་གཤིས། མ་འོངས་པར་ཕྱོགས་པའི་རེ་སྤོབས་སོགས་དགོས་ན་ཡང་ཁོ་ཚོ་སུ་ཞིག་གིས་ཡང་ཇོས་མི་རིགས་ཀྱི་སྤྱི་ཚོགས་གནས་བབ་དང་དེའི་ཐོག་ལ་དོ་སྣང་དང་སེམས་ཁུར་བྱེད་མཁན་ཕལ་ཆེར་མེད་པ་རེད། དེར་བརྟེན། ཇོས་ཤུ་མང་བོ་ཞིག་གིས་རང་ཉིད་ཀྱི་སྤྱི་ཚོགས་གནས་བབ་དེ་སུ་ཞིག་གིས་ཀྱང་བསྒྱུར་མི་ཐུབ་པར་ཚོད་དཔག་གནང་གིན་ཡོད་ལ་དེའི་ཕྱིར་དུ་སུ་ལ་ཡང་རེ་བ་བརྒྱབ་པ་དོན་མེད་ཡིན་པར་སེམས་བཞིན་ཡོད་པ་རེད།

སྐབས་འདིའི་ལོ་རྒྱུས་ཀྱིས་ཤུགས་ཆེན་པོས་ཇོས་མི་རིགས་ཁག་འདྲ་མིན་ཚང་མར་མཐོང་ཆུང་དང་ཁྱད་གསོད་ཆེན་པོ་ཐེབས་བཞིན་ཡོད་པ་རེད། གནས་ཚུལ་འདིས་ཐ་ན་མཚམས་རེར་ཇོས་ཤུ་ནང་ཁུལ་གྱི་གནས་བབ་ལ་ཡང་འགོག་རྐྱེན་དང་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེར་བརྟེན། གནས་བབ་དེ་འདྲའི་འོག་ཏུ་ཡང་ཕྱིའི་ཤུགས་རྐྱེན་ལ་བརྟེན་ནས་ཁ་ཤས་ཀྱིས་འབད་བརྩོན་ཆེན་པོས་ཇོས་མི་རིགས་ནང་ཁུལ་དུའང་དབྱེ་འབྱེད་བྱས་པ་ནི་ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཡོད། རྒྱུ་མཚན་གང་ཡིན་ཟེར་ན་ལོ་རྒྱུས་ནི་ཁ་བརྒྱབས་ཟིན་པའི་དཔེ་དེབ་ཅིག་མ་རེད་ལ། ཆབ་སྲིད་ཡང་དུས་གཏན་དུ་མི་སྣ་སྐོར་ཞིག་ཁོ་ནའི་དབང་དུ་གྱུར་བ་ཞིག་ཀྱང་མིན་པ་འདྲ། དེར་བརྟེན། དབང་བསྒྱུར་མཁན་ཁོ་ཚོས་ཞིབ་ཚགས་པོའི་སྒོ་ནས་ཡོ་རོབ་རྒྱལ་ཁབ་ཁག་ཚང་མར་བྱེད་ཐབས་ཡོད་ཚད་ཀྱིས་ཇོས་མི་རིགས་ཡོད་ཚད་ལ་མཐོང་ཆུང་དང་བརྙས་བཅོས་བྱས་པ་རེད་ལ་ཡུ་རོབ་རྒྱལ་ཁབ་ཁག་ཚང་མའི་ཇོས་ཤུ་མི་རིགས་ཡིན་ཚད་ལ་དཀའ་ངལ་དེ་འཕྲད་པ་རེད། གལ་སྲིད། ཇོས་མི་རིགས་ཚོས་ཁོ་ཚོའི་རང་ཉིད་ཀྱི་ངོ་བོ་མུ་མཐུད་དུ་ཉར་ཚེ་ཁོ་ཚོ་ནི་ཡུལ་གྱར་བ་སྐོར་ཞིག་གི་སྣེ་ཁྲིད་བཞིན་རྒྱལ་ཁབ་ནས་རྒྱལ་ཁབ་བརྒྱུད་དེ་སྐྱབས་བཅོལ་ཞུ་བཞིན་མི་ཚེ་སྐྱེལ་རྒྱུ་ཉག་ཅིག་ཡིན་པ་དེ་རེད། དེ་ལྟར་ཇོས་མི་རིགས་ཀྱི་ལོ་རྒྱུས་ནང་དུ་ཐེངས་དང་བོར་ཡོ་རོབ་རྒྱལ་ཁབ་ཡོངས་རྫོགས་གཅིག་ཏུ་བསྒྲིལ་ནས་ཇོས་ཤུ་མི་རིགས་ཀྱི་ལྡོག་ཕྱོགས་སུ་ལངས་པ་རེད། གང་ཡིན་ཟེར་ན་གཅིག་སྒྲིལ་འདིིའི་འོག་ཏུ་ཁོ་ཚོས་ཇོས་མི་རིགས་རྣམས་འཆར་གཞི་དང་ལྡན་པའི་སྒོ་ནས་སྤྱི་ཚོགས་ལས་ཕྱིར་ཕུད་དང་མི་རིགས་ཡོངས་རྫོགས་རྩ་མེད་བཟོ་བའི་ཐབས་ཤེས་ལག་བསྟར་བྱེད་ཐུབ་པ་རེད།།
མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ང་ཚོ་སྐྱབས་བཅོལ་བ་ཚོ།(བཞི་པ)

  1. ཡར་འཕེལ་ ནས།

    ང་ཚོས་ལུས་ངག་ཡིད་གསུམ་གྱིས་བྱ་བ་གང་ཞིག་བྱས་ན་ཡང་དམིགས་ཡུལ་གཙོ་བོ་དེ་རང་ཉིད་ཇོས་ཤུ་མི་རིགས་མ་ཡིན་པ་ཞིག་ཏུ་བསྒྱུར་ཐབས་བྱེད་རྒྱུ་དེ་རེད། གང་ཡིན་ཟེར་ན། ང་ཚོ་ནམ་ཡང་སྐྱབས་བཅོལ་བ་བྱེད་འདོད་མེད་པར་བརྟེན་གནས་ལུགས་དེའི་ཆེད་དུ་ང་ཚོ་ཇོས་ཤུ་མི་རིགས་ཀྱང་བྱེད་འདོད་ཀྱང་མེད།

Write a Reply or Comment

Your email address will not be published. Required fields are marked *

*