ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (བཞི་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་ཤཱཀྱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དཔལ་འབྱོར་གྱི་མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ནི་བོད་ཡིག་ཏུ་བརྩམས་པའི་ལྷུག་རྩོམ་གྱི་བརྩམས་ཆོས་ཡག་ཤོས་ཤིག་ཏུ་ངོས་འཛིན་པ་དང་། སྒྲུང་གི་སྐད་ཆ་དང་རྣམ་པ་ནི་བརྩམས་ཆོས་གཞན་དང་བསྡུར་ན་དོན་དམ་པར་ཧ་ཅང་རྒྱས་སྤྲོས་ཆེ་ལ། རྩོམ་པ་པོས་སྒྲུང་གི་སྐད་ཆ་མི་དམངས་དང་ཉེ་སར་བཅར་བའི་དགོས་འདུན་དང་མཐུན་པར་སྦྱོར་བར་ཤུགས་སྣོན་བྱས་པ་དང་། སྲོལ་རྒྱུན་གྱི་ཁ་བརྡ་བཤད་སྟངས་ལྟར་ལྡུམ་ར་ཞིག་གི་ནང་གི་མེ་ཏོག་དག་གིས་ཁོང་ཚོའི་ཁྲོད་ཀྱི་གང་ཞིག་མཛེས་ཤོས་ཡིན་མིན་ལ་རྩོད་པ་བྱེད་པའི་བྱུང་རིམ་ཁྲོད་རྩོད་གཞི་ཅན་གྱི་ཁ་བྱང་གི་གོ་དོན་ལྟར་སྲོག་ཆགས་རེ་རེའི་གཤིས་ཀ་རང་དོན་ཅན་དང་ཡ་ང་སྙིང་རྗེ་མེད་པར་འབྲི་བཞེངས་བྱས་ཡོད།

བརྩམས་སྒྲུང་འདི་གཉིས་ཀྱིས་རིག་གནས་གསར་བརྗེ་ཡི་འདུ་ཤེས་འཛིན་སྟངས་ཀྱི་དར་ཆ་ལ་རྒོལ་ལན་སློག་ཅིང་། དེ་ཡང་ཏིན་ཞོའོ་ཕིན་གྱི་མགོ་ཁྲིད་གསར་པའི་སྲིད་ཇུས་དག་སྐྱེལ་བྱས་པ་ཙམ་མིན་པར་རྩོམ་པ་པོ་རྣམ་གཉིས་ཀྱིས་རང་རང་གི་མཉམ་མྱོང་ལ་གཏིང་ཟབ་པོས་ཕྱིར་རྟོག་བྱས་པ་དང་། མི་ཡི་གཉུག་གཤིས་དང་མི་ཡི་འབྲེལ་བའི་སྐོར་ལ་ཚ་འདྲི་བྱས་ཡོད། སེམས་གཅོང་གི་དོན་རྐྱེན་ཀུན་དང་འདྲ་བར་རིག་གནས་གསར་བརྗེ་ཡིས་ཀྱང་བརྣབ་སེམས་ཀྱིས་མཚོན་པའི་མི་ཡི་སྐྱིད་སྡུག་གི་ཚོར་བ་ཡོད་རྒུ་མྱངས་སུ་བཅུག་ཡོད་ལ། རབ་རྟོག་མངོན་མཚོན་གྱི་ལམ་ནས་སྒྲུང་གི་མི་སྣ་ཚོས་རང་རང་གི་དམིགས་ཡུལ་འགྲུབ་ཆེད་ཅི་འདྲའི་བྱ་སྤྱོད་ངན་པ་ཞིག་བསྟན་པ་དང་། རྩོམ་པ་པོ་དག་གིས་གལ་སྲིད་མི་ཡི་གཉུག་གཤིས་ནི་རང་འདོད་དོན་གཉེར་ཅན་ནམ་ཡང་ན་གཞན་ཕན་གྱི་ལྟ་བ་ཅན་དང་གཉིས་སུ་མེད་པའི་རང་གཤིས་ཤིག་ཡིན་ཚེ་ཞེས་དོགས་འདྲིའང་བྱས་གདའ།

དོན་དངོས་སུ་ཕྱོགས་གཞན་དང་གཞན་མངོན་མཚོན་ལ་རྩོམ་རིག་སྒོ་འབྱེད་བགྱིས་པ་འདི་ནི་སྲིད་ཇུས་ལ་ཞབས་འདེགས་ཞུ་བའི་ལག་ཆ་རུ་བཟོས་པའི་རྒྱ་ནག་གི་གསར་གཏོད་ཅིག་ཡིན་ལ། ཁོང་ཚོའི་ཕྱོགས་ནས་འགོ་ཁྲིད་དག་གིས་རྩོམ་རིག་གི་རྣམ་པ་གཉིས་མཐོང་བ་སྟེ། གསར་བརྗེ་ཡི་དགེ་མཚན་ལ་བསྟོད་གླུ་ལེན་པ་དང་སྲིད་གཞུང་གི་དགྲ་རུ་ཡང་ཡང་ལངས་པའི་ཞིང་བྲན་ལམ་ལུགས་ཀྱི་ནག་ཉེས་ཐེར་འདོན་བྱེད་པ་བཅས་ཡིན་ཞིང་། ཁོང་ཚོས་རྣམ་པ་དོད་པའི་བྲིས་རྩོམ་གསར་བརྗེ་ནི་བོད་སྔ་མའི་བར་བརྒལ་གྱི་དུས་མཚམས་ལ་ཞབས་འདེགས་ཞུ་བ་དང་རྒྱ་ནག་གུང་ཁྲན་ཏང་གི་ལྟ་སྐྱོང་འོག་སྤྱི་ཚོགས་རིང་ལུགས་ཀྱི་དུས་སྐབས་གསར་བར་བསྐྱོད་པར་དགའ་བསུ་ཞུ་བ་བཅས་ཡིན་པ་དང་། འདིའི་མཇུག་སྡོམ་དུ་བཅོས་སྒྱུར་གྱིི་དོན་ནི་རྣམ་རྟོག་གམ་ཡང་ན་མངོན་མཚོན་རང་དབང་ལ་གནས་ཡུལ་མེད་ཅས་པའོ།།

མཐའ་མར་དཔོན་རིགས་ཚོས་རྩོམ་རིག་གིས་ཆོས་ལུགས་ནི་མི་དམངས་ཀྱི་ཁ་བརྡའི་ནང་དོན་གཙོ་བོ་དང་མི་སྒེར་གྱི་ཀུན་སྤྱོད་ཀྱི་རྩ་བ་རུ་བདོ་བ་བརྗེ་ལེན་གྱིས་མི་ཆོས་རང་བཞིན་གྱི་སྲོལ་རྒྱུན་ཞིག་ལྟར་སྤེལ་ཡོང་བར་རེ་སྙེགས་བྱས་ཤིང་། མི་དམངས་ཀྱི་བློར་ཚ་ཚ་བླུགས་པ་ལྟར་དང་མི་སེར་གྱི་བྱ་སྤྱོད་ལ་གོ་སྐོན་སྦྱོང་བརྡར་ཐོབ་དགོས་པའི་རྩོམ་རིག་གི་སློབ་གསོའི་རང་བཞིན་གྱི་བྱེད་སྒོ་འདི་ཡིས་གུང་ཁྲན་རིང་ལུགས་འོག་གི་རྩོམ་པ་པོ་ཞིག་གིས་ཕྲག་ཏུ་འཁྱེར་དགོས་པའི་གལ་གནད་ཆེ་བའི་ཁུར་བོ་ཡི་ཆ་ཤས་ཤིག་བསྐྲུན་པ་དང་། ཐོན་གྱིན་པའི་བོད་ཀྱི་རྩོམ་པ་པོའི་མི་རབས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྒྱུར་བའི་སྔོན་བསྐྱོད་སྲུང་དམག་བྱེད་འདུན་བཅངས་པ་དང་ཁོང་ཚོའི་བརྩམས་ཆོས་ཀྱིས་རྒྱུ་མཚན་རྗེས་འབྲངས་ཀྱི་ལྟ་ཚུལ་ལ་འབོད་པ་གཏོང་བ་དང་དེ་ཡི་དཔེ་རིས་འབྲི་བའི་མིག་དཔེ་སྟོན་ཐུབ་པ། མི་མང་ལ་ཞི་བའི་ནང་དོན་ནི་བློ་སྒོ་འབྱེད་པ་དང་རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་གསར་བརྗེ་དང་ལེན་བྱེད་དགོས་པ་ཡིན་པ་ནན་སྐུལ་བྱེད་རེ་བཅངས།

འདི་ནི་གཞུང་འབྲེལ་གྱི་རྩོམ་རིག་གི་བྱེད་སྒོའི་ལྟ་ཚུལ་ཞིག་ལོས་ཡིན། རྩོམ་པ་པོ་དང་སྒྱུ་རྩལ་པ་ཚང་མས་སྤྱི་ལོ་༡༩༨༠ནང་ཁོང་ཚོས་ད་ལྟ་ལས་ལྷག་པ་ཞིག་བྱེད་ཀྱིན་ཡོད་མེད་རྩོད་གཞི་རེད། གང་ལྟར་ཡང་ཏང་གི་སྲིད་ཇུས་ཚིམས་པར་མ་བྱས་ཚེ་པར་སྐྲུན་བྱེད་མི་ཐུབ་པའི་གནས་སྟངས་ནི་ད་ལྟའང་གསལ་བོ་རེད།

སྤྱི་ལོ་༡༩༨༠ལོའི་རྗེས་ཀྱི་དུས་སྐབས་སུ་བོད་ཀྱི་ཤེས་ཡོན་པའི་སྤྱི་ཚོགས་ནི་དགོན་པའི་ནང་སློབ་གསོ་ཐོབ་པའི་སྲོལ་རྒྱུན་ཤེས་ཡོན་པ་རྣམ་དང་རིག་གནས་གསར་བརྗེ་ནས་སེམས་རྨ་ཚབས་ཆེན་བཟོས་པའི་ན་གཞོན་ཤེས་ཡོན་ཅན་གྱི་མི་རབས་རྒྱ་ནག་གི་སློབ་ཆེན་ཁག་ནས་ཐོན་པ་ཁག་ཅིག་བཅས་ཡིན། ཁོང་ཅག་ཡོངས་ཀྱིས་བོད་ཀྱི་རིག་གནས་དང་ངོ་རྟགས་ཀྱི་རྣམ་པར་འཐབ་མོ་བྱས་པ་དངོས་སུ་མཐོང་ཡོད་ལ། ད་ལྟ་ཏང་གིས་མངོན་མཚོན་གྱི་གོ་སྐབས་ཅུང་ཙམ་སྤྲད་པའི་སྐབས་སུ་ཤེས་ཡོན་པའི་སྤྱི་ཚོགས་ནི་སྲིད་ཇུས་གསར་པས་སྤྲད་པའི་གནང་བ་དེ་བེད་སྤྱོད་བྱེད་སྟངས་ཡག་ཤོས་ཀྱི་ཚད་གཞིའི་ཐད་ཀྱི་བགྲོ་གླེང་ལ་ཐིམ་འདུག་སྟེ། སྤྱི་ཚོགས་ཁྲོད་སྲོལ་རྒྱུན་རིང་ལུགས་པས་ཤེས་ཡོན་པའི་འབད་བརྩོན་དང་ཤུགས་སྣོན་གྱི་ཁ་གཏོད་ས་ནི་བརླག་སོང་བ་དང་གཏོར་བཅོམ་བྱས་པ་དག་བསྐྱར་གསོ་བྱེད་རྒྱུ་ཡིན་དགོས་པར་བརྗོད་པ་དང་། ཚོགས་སྡེ་འདི་ཡིས་གཏོར་སྐྱོན་ཕོག་པའི་ཆོས་དཔེ་བསྐྱར་དཔར་བྱེད་པའི་ལས་དོན་ལ་ཞུགས་པ་དང་། དེར་བརྟེན་ནས་གཅིག་དགུ་བརྒྱད་ཅུའི་སྐབས་སུ་བོད་ཀྱི་པར་སྐྲུན་ཁྲོད་བསྐྱར་དར་གྱི་དུས་སྐབས་ཤིག་བྱུང་བ་དང་དཔེ་རྒྱུན་དཀོན་རིགས་ཀྱི་ཆོས་དཔེ་དང་དཔེ་དེབ་མང་པོ་ཞིག་མི་དམངས་ཀྱི་བདག་དབང་འོག་ཤོར་བའི་འགོའང་ཚུགས་སོ།།

ལེགས་བཅོས་དུས་རབས།
དུས་སྐབས་དེར་ན་གཞོན་ཤེས་ཡོན་པའི་སྡེ་ཡིས་བོད་ཀྱིས་གདོང་གཏོད་དགོས་པ་ནི་ཁོང་ཚོས་ལེགས་བཅོས་ཞེས་འབོད་ཀྱིན་དེ་ཡིན་པར་ཡིད་ཆེས་ཡོད་ལ། ཁོང་ཚོས་བོད་ཀྱིས་གུང་ཁྲན་ཏང་གི་འོག་ནས་སྡུག་སྦྱོང་མནར་གཅོད་མྱངས་པ་ལས་དམག་དང་སྲིད་ཇུས་རྒྱ་ཡིས་ཡིན་པ་ཙམ་གྱིས་མིན་པ་དང་། ད་དུང་བོད་ཀྱི་རིག་གཞུང་ཁྲོད་དུའང་སྐྱོན་ཆ་ཞིག་རང་བཞིན་གྱིས་ཡོད་སོང་པ་དང་། དེ་ཡིས་གསར་བརྗེའི་སྟོབས་ཤུགས་གཅིག་སྒྲིལ་དང་གདོང་ལེན་བྱེད་མི་ཐུབ་པར་བགྱིས་པར་ཡིད་ཆེས་བྱས་པ་རེད།

བོད་ཀྱི་རྩོམ་པ་པོ་ཡི་ཤེས་ཡོན་པའི་ཁྲོད་ནས་བགྲོ་གླེང་འདི་ལས་འབུར་ཏུ་ཐོན་པ་ནི་མིང་ལ་དོན་གྲུབ་རྒྱལ་(1953-1985)ཟེར་བའི་ན་གཞོན་ཞིག་ཡིན་ལ། ད་ལྟ་བོད་ཀྱི་དེང་རབས་རྩོམ་རིག་གི་ཤིང་རྟའི་སྲོལ་འབྱེད་དུ་ངོས་འཛིན་པ་དང་། ཁོང་ནི་རྒྱ་ནག་གི་དབང་ཤུགས་སླེབས་པའི་རྗེས་ཀྱི་ལོ་ཤས་རྗེས་སུ་སྤྱི་ལོ་༡༩༥༣ལོར་སྣང་ར་རྫོང་དགུ་རོང་ཕུ་པ་ཞེས་པའི་ཡུལ་དུ་སྐྱེས། དོན་གྲུབ་རྒྱལ་ཡང་དམར་ཤོག་གི་གསར་བརྗེའི་ཁེ་ཕན་ཐོབ་མཁན་གཙོ་གྲས་སུ་ཆ་འཇོག་བྱས་པའི་བཅིངས་གྲོལ་རྗེས་སུ་སྐྱེས་པའི་མི་རབས་ཐོག་མའི་གྲས་ཡིན། གང་ལྟར་ཡང་ཁོང་གི་མི་རབས་དེའི་མི་མང་པོ་ཞིག་ལྟར་ཁོའི་སློབ་སྦྱོང་ཡང་རིག་གནས་གསར་བརྗེའི་སྐབས་སུ་ཧད་ཀྱིས་མཚམས་འཇོག་དགོས་བྱུང་བ་རེད།

སྤྱི་ལོ་༡༩༧༩ལོར་དོན་གྲུབ་རྒྱལ་པེ་ཅིན་མི་རིགས་སློབ་གྲྭ་ཆེན་མོ་རུ་ཐོ་འགོད་བྱས་ཤིང་དེ་རུ་བོད་ཀྱི་མཁས་བ་གྲགས་ཅན་དུང་དཀར་བློ་བཟང་འཕྲིན་ལས་གྱི་དྲུང་ནས་སློབ་གཉེར་བྱེད་འགོ་བཙུགས། ཁོང་གིས་དོན་གྲུབ་རྒྱལ་ནི་དྲན་ཤེས་ཡང་དག་གི་བཀྲགས་མདངས་རབ་ཏུ་འབར་བའི་སློབ་མ་ཞིག་ཡིན་ཞེས་དྲན་གསོ་དང་། ཁོས་འཛིན་ཁང་ནང་ལག་ཏུ་འབྲི་དེབ་ཅིག་ཀྱང་མ་བཟུང་བར་སྡོད་པ་དང་ཉིན་ཤས་རྗེས་སུ་ཉིན་དེར་ཐོས་པ་ཡོད་ཚད་དྲན་ཐུབ་ཅེས་ཀྱང་གསུངས་ཡོད།

སྤྱི་ལོ་༡༩༨༣ལོར་དོན་གྲུབ་རྒྱལ་གྱིས་བོད་པ་ཚོའི་ཁྲོད་དུ་ཚོར་འདུ་ཞིག་བསླངས་སོང་པའི་སྙན་ངག་ལང་ཚོའི་རྦབ་ཆུ་ཞེས་པ་སྤེལ་ཞིང་། སྙན་ངག་དེ་ནི་ཁོང་ཚོས་སྔར་བཀླགས་པ་དེ་དག་དང་གཏན་ནས་མི་འདྲ་ལ། དེ་ནི་རྩོམ་རིག་ལེགས་བཅོས་ཀྱི་དན་རྟགས་ཙམ་མིན་པར་མི་རིགས་ཀྱི་ཚོར་རྣོན་པོའི་བསྒྲགས་གཏམ་དང་སྙིང་སྟོབས་ཀྱིས་ཕྱུག་པ་ཞིག་ཏུ་གདའ་ལ། ལང་ཚོའི་རྦབ་ཆུ་ཡིས་གདུང་ཤུགས་དྲག་པོས་བོད་མི་ཚོར་མི་རིགས་ཀྱི་སྤོབས་པ་དང་རིག་གཞུང་སོགས་རྙིང་ཚབ་གསར་བརྗེ་ཡིས་དེང་རབས་ཅན་ཀྱི་པང་དུ་ལོག་པའི་འབོད་བརྡ་བཏང་པ་དང་ན་གཞོན་རྣམས་ལ་འདས་སོང་གི་རྒྱ་ལས་གྲོལ་ཏེ་སྤོབས་པ་ཆེན་པོས་མ་འོངས་པའི་ཕྱོགས་སུ་བསྐྱོད་པར་ཞུ་འབོད་ཀྱང་བྱས་ཡོད། སྙིང་སྟོབས་ཀྱི་སྤྱོད་ཚུལ་འདི་དང་ཚོར་བ་རྣོན་པོ་དག་ནི་དོན་གྲུབ་རྒྱལ་གྱི་བརྩམས་ཆོས་དག་གི་ཐུན་མིན་གྱི་ཁྱད་ཆོས་ཡིན་ལ། ཆེས་ཐོག་མར་སྙན་ངག་གི་ཐབས་རྩལ་དང་རྟོག་བཏགས་བརྒྱུད་ནས་བོད་ཀྱི་དེང་རབས་ཅན་གྱི་སྐོར་ལ་བགྲོ་གླེང་རྣམ་དག་ཅིག་བསླང་སྲིད་པ་དང་། དུས་རབས་ཉི་ཤུའི་ཕྱེད་ཕྱི་མའི་སྐབས་ཀྱི་བོད་ཀྱི་ངོ་བོ་དང་འབྱུང་འགྱུར་གྱི་ཁ་ཕྱོགས་བཅས་ཀྱི་ཆགས་འཇིག་གི་ཉེན་ཁ་ཡང་མཐོང་དུ་བྱས་སོ།།

དོན་གྲུབ་རྒྱལ་གྱི་བརྩམས་ཆོས་ནི་དཀྱོགས་མཚམས་ཤིག་ཡིན། གང་ལགས་ཤེ་ན་སྐབས་དེར་རྒྱ་ནག་གི་འགོ་ཁྲིད་ཚོར་སྐྱོན་བརྗོད་བྱེད་ས་ཡེ་ནས་མེད་ཅིང་། བོད་མིའི་སེམས་རྨ་ཡི་སྐོར་སྤྱི་ཚོགས་ནང་ཡོངས་ཁྱབ་ཀྱིས་བསྒྲགས་མི་ཆོག་པ་དེ་ལྟར་ཡང་ཁོས་མི་བཞི་ཤོག་ཁག་གི་མགོ་ཁྲིད་ཀྱི་དུས་སྐབས་དང་སྦྱར་ནས་བསྟན་ཡོད།

དེ་ལས་ཀྱང་ཁོང་གིས་དེང་རབས་ཅན་གྱི་སྐོར་ལ་བགྲོ་གླེང་ཞིག་གི་ཆོས་ཉིད་དེས་བོད་ཀྱི་གནད་དོན་གྱི་གནས་བབ་དེ་དམའ་རིམ་ནས་ཡར་བསླངས་ཤིང་། སྐབས་འདིར་བྲིས་རྩོམ་གྱི་དུས་དེབ་གསར་འཛུགས་བྱེད་མཁན་ཚོས་རང་གི་ལས་དོན་ནི་བོད་ཀྱི་ངོ་བོ་དང་རིག་གཞུང་རྙིང་ཚབ་གསར་བརྗེ་བྱེད་པ་ལས་གང་ཡང་མ་ཡིན་པར་གཟིགས་པ་དང་། སྤྱི་ལོ་༡༩༨༠ནས་སྤྱི་ལོ་༡༩༨༧བར་གྱི་བོད་ཀྱི་རྩོམ་རིག་ལ་ཁྱབ་པའི་བརྗོད་ཚིག་གཅིག་ནི་མི་རིགས་ཀྱི་ལ་རྒྱ་ཞེས་པ་ཡིན་ལ། དེའི་དོན་ནི་མི་རིགས་གཟེངས་སུ་བསྟོད་པ་དང་། མི་རིགས་ཀྱི་ང་རྒྱལ་བདོ་བ། མི་རིགས་ལ་ལར་ཞེན་བགྱི་བ་བཅས་དང་། བརྗོད་བྱ་འདི་ལྟ་བུ་ཡར་བསླངས་པའི་རྩོམ་རིག་ཅིག་འབྱུང་སྲིད་དེ། གང་ལགས་ཤེ་ན་ཡུལ་དེ་ག་རང་དུ་སྐྱེས་པ་དག་གི་བོད་ཀྱི་གཞན་འགྱུར་གྱི་བགྲོ་གླེང་ཐད་གཤིབ་ཀྱི་གནས་བབ་ནི་དེང་རབས་ཅན་གྱི་སྟེང་ལ་བགྲོ་གླེང་འགན་དུ་བཞེས་པ་སྟེ། དེ་ནི་དེང་རབས་ཅན་བཞི་ཟེར་བ་དེ་ལ། འགོ་ཁྲིད་ཚོས་བོད་ཀྱི་རྩོམ་རིག་ཁྲོད་མངོན་བཞིན་པའི་བགྲོ་གླེང་དེ་ཏང་གི་མངོན་འདོད་དང་མཐུན་པ་དང་། དེ་བཞིན་གཞུང་ཕྱོགས་ཀྱི་འགྲེལ་བཤད་ལ་ཁ་གཏད་དུ་ལངས་སྲིད་པའི་ཏང་གི་འཇིགས་སྣང་ཉུང་དུ་གཏོང་བར་མཐོང་། འོན་ཀྱང་། སྤྱི་ཡོངས་ནས་བྲིས་རྩོམ་གྱི་ཁྲོད་དུ་གནད་དོན་ཆེ་ཁག་མང་པོ་ཞིག་གླེང་སློང་བྱུང་ཡོད་པ་རེད།
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*