ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (ལྔ་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཚེ་རིང་ཤཱཀྱ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བགྲོ་གླེང་དེ་ཡིས་སྲོལ་རྒྱུན་པ་དང་དེང་རབས་པ་བཅས་ཀྱི་དབར་ལ་འགོག་ཏུ་མེད་པའི་ཐད་རྒོལ་ཞིག་བསླངས་པ་དང་། སྐབས་དེར་དེང་རབས་པ་ཚོས་སྲོལ་རྒྱུན་རྙིང་པ་ནི་བཅོས་བསྒྱུར་གྱི་གེགས་ལྟར་ལྟ་བ་དང་གཞན་དག་གིས་སྲོལ་རྒྱུན་ནི་བོད་མི་སེར་སྤེལ་མཁན་ལས་ལོགས་སུ་དབྱེ་བྱེད་ཁྱད་དུ་འཕགས་པ་ཞིག་ཡིན་པར་བསྙད་ཅིང་། ཏང་གིས་བཀག་འགོག་བྱེད་པ་ལ་བརྟེན་ནས་སྲོལ་རྒྱུན་པ་ཚོས་མངོན་སུམ་གྱིས་རྒོལ་ལན་སློག་མ་བཏུབ། གང་ལྟར་ཡང་དངོས་ཡོད་བྱ་བའི་རྒྱུད་རིམ་དང་ལག་ལེན་གྱི་ནུས་ཤུགས་འདོན་པའི་སྐབས་སུ་མང་ཚོགས་ཀྱི་ཆ་ཤས་མང་དག་གིས་སྲོལ་རྒྱུན་རྒྱུད་འཛིན་ནི་བོད་ཀྱི་བདག་ཉིད་བརྒྱུད་འཛིན་གྱི་ལམ་ལྟ་བུ་དང་རྒྱ་ནག་ལས་ལོགས་སུ་དབྱེ་བྱེད་དུ་འགྲེལ་བརྗོད་ཀྱིས་དངོས་ཡོད་ར་སྤྲོད་བྱས་ཡོད།

རྩོམ་རིག་གི་བུ་ཆུང་གིས་འགོག་རྐྱེན་ལ་མ་ལྟོས་པར་ང་རྒྱལ་གྱིས་འགྲེང་ཞིང་བོད་པའི་དགག་སྒྲུབ་ཀྱི་གནས་ཚད་ལོ་རབས་ཉི་ཤུ་དང་སུམ་ཅུའི་ནང་གི་དེང་རབས་སྐོར་གྱི་བགྲོ་གླེང་དག་མཁས་པའི་མདུན་སར་འཁྱེར་ཡོང་བའི་རྒྱ་ནག་གི་ལྔ་བཞིའི་སྐབས་ཀྱི་རྩོམ་རིག་གི་ལས་འགུལ་དང་བསྡུར་ཆོག་ཅིང་། བོད་ཀྱི་རྩོམ་རིག་གི་ཐོག་མའི་དུས་སྐབས་ཀྱི་ཐུན་མིན་གྱི་ཁྱད་གཤིས་ནི་རྩོམ་པ་པོས་སྤྱི་ཚོགས་རྙིང་པ་ཐེར་འདོན་བྱེད་པ་ཡིན་པའི་དུས་དེར་བརྩམས་ཆོས་ཡག་ཤོས་ནི་ཏང་གི་དམིགས་བསལ་མཐུན་འགྱུར་གྱིས་ཉམས་ཆེན་པོ་ཐོན་པའི་རིགས་རྣམ་པར་འབྱེད་པ་དང་། འབྱོར་མེད་གྲལ་རིམ་བསྐྱར་མཚོན་གྱི་མི་སྣ་གཙོ་བོ་དག་དང་ཞིང་བྲན་དཔོན་འདྲེ་དག་དྲིལ་བསྒྲགས་ཀྱི་ནང་དུ་དར་ཁྱབ་ཆེ་ལ། འདས་བ་ལ་རྩོད་གླེང་བྱེད་པའི་སྐབས་དེར་དོན་གྲུབ་རྒྱལ་དང་གསར་སྐྱེས་རྩོམ་པ་པོ་གཞན་དག་གིས་ད་ལྟ་ལ་ཆབ་སྲིད་ཀྱི་དག་སྐྱེལ་ཡོང་བར་ཤུགས་སྣོན་བྱས་པ་མིན་ལ། ཁོང་ཚོས་མངོན་གསལ་དོད་པོས་ཡིད་དུ་མི་འོང་བའི་འདས་བ་ཞིག་དང་ཡིད་དུ་འོང་བའི་མ་འོངས་བ་ཞིག་གི་བར་ལ་དབྱེ་འབྱེད་བགྱིས་པའང་མིན་པར། ཁོང་ཚོས་འདས་བ་དང་ད་ལྟའི་བར་གྱི་རྙོག་འཛིངས་ཅན་གྱི་འབྲེལ་བ་དེ་འགྲེལ་བརྗོད་བྱས་པ་རེད། བོད་སྤྱི་ཚོགས་རྙིང་པའི་སྐྱོན་ཅན་གྱི་རང་བཞིན་དག་དེ་དག་གི་གྲུབ་འབྲས་དང་ལྷན་དུ་འགྲེལ་བརྗོད་བྱས་ཡོད།

སྒྲུང་ཐུང་དང་སྙན་ངག དཔྱད་བརྗོད་ཐུང་ངུ་མང་པོ་ཞིག་གི་ཁྲོད་དུ་དོན་གྲུབ་རྒྱལ་ནི་དེང་རབས་ཀྱི་རྒྱལ་ཁ་ལེན་མཁན་ཡིན་ལ། མ་ཟད་ཁོང་གི་བདེན་པའི་གཏུག་བཤེར་དེ་ཡང་གཞུང་འབྲེལ་གྱིས་བོད་རྗེས་ལུས་ཀྱི་རྣམ་པར་འགོད་ཚུལ་དེའི་ནང་དུ་ཚུད་མེད། དཔེར་ན་ཁོང་གི་སྙན་ངག་ལང་ཚོའི་རྦབ་ཆུ་ལ་མཚོན་ན། ཁོས་བོད་ཀྱི་མ་འོངས་པའི་བགྲོད་ལམ་ཉག་གཅིག་ནི་འཕྲུལ་རིག་དང་ཚན་རིག་གི་བག་མ་ཁབ་ཏུ་བསུ་དགོས་པར་ཚོར་བ་དེ་བཀྲམ་སྟོན་བྱས་ཡོད་ལ། ཁོང་གི་སྙན་ངག་དེ་ཡི་ཚིག་དུམ་འདིའི་ནང་དུ་ཁོས་འདས་པ་ཡིས་མ་འོངས་པའི་སྣ་འདྲེན་བྱེད་མི་བཏུབ་པ་བྲིས་ཡོད་དེ།
མཚར་སྡུག་འོད་སྟོང་འབར་བའི་སྔོན་ཆད་ཀྱིས་ད་ལྟའི་ཚབ་བྱེད་མི་རུང་ལ་
བ་ཚྭའི་དྲི་དང་འགྲོགས་པའི་ཁ་སང་གིས་དེ་རིང་གི་སྐོམ་པ་ག་ལ་སོད་
རྙེད་པར་དཀའ་བའི་ལོ་རྒྱུས་ཀྱི་བེམ་པོའི་ལུས་ལ་
དུས་དང་མཐུན་པའི་སྲོག་གི་དབང་པོ་མ་ཞུགས་ན
ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ་
སྔོན་ཐོན་གྱི་སྙིང་ཁྲག་རྒྱུ་མི་ཐུབ་ཅིང་
ཞེས་བོད་ཀྱི་འདས་བ་ནི་བ་ཚྭའི་དྲི་མ་ཅན་གྱི་ཆུ་དང་མ་འོངས་པ་ནི་སྐོམ་གདུང་གིས་མནར་བའི་མི་ཞིག་སྟེ་རང་ཉིད་གསར་བརྗེ་བྱེད་པའི་འཇོན་ནུས་ཀྱིས་ཕོངས་པ་ཞིག་ལ་ཞིབ་བསྡུར་བྱས་ཤིང་། ཁོང་གིས་བགྲང་བྱ་ལྔ་ཡི་རྗེས་ནས་སྤེལ་བའི་སྙན་ངག་འདི་ན་ཡང་དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་སྙིང་གསོན་པོ་ཞིག་འདུག་ཅེས་པའི་ནང་དུའང་ཁོས་བོད་ཀྱི་སྤྱི་ཚོགས་རྙིང་པ་ནི་རྙིང་ཞེན་དང་བག་འཁུམ། ལྟ་ལོག་གི་འདུ་ཤེས་བཅས་ཀྱི་ཟླ་རུ་དྲངས་པ་དང་། ཁོས་བསམ་བློ་གསར་བ་ཞིག་དང་ལུགས་སྲོལ་གསར་པ་ཞིག འདོད་ཚུལ་གསར་པ་ཞིག་གངས་ལྗོངས་སུ་གདན་འདྲེན་རྒྱུ་ཅི་འདྲའི་དཀའ་ཨང་ཞེས་ཚ་འདྲིའང་བྱས་ཡོད།

སྒྲུང་ཐུང་དང་དཔྱད་བརྗོད་ཐུང་ངུ་། དེ་བཞིན་སྙན་ངག་བཅས་ཀྱི་ནང་དུ་དོན་གྲུབ་རྒྱལ་གྱིས་བོད་དེང་རབས་ཅན་ལ་བསྒྱུར་དགོས་པའི་ཛ་དྲག་གི་དགོས་མཁོ་བསྔོག་འདོན་བྱས་པ་དང་། ཁོང་གི་བསམ་བློའི་ཞུན་མ་རུ་བཞེངས་པའི་འོད་སྟོང་འབར་ཞིང་རྩོད་གཞི་ཅན་གྱི་དཔྱད་བརྗོད་ལྷུག་རྩོམ་རྐང་ལམ་ཕྲ་མོ་སྤྱི་ལོ་༡༩༨༤ལོར་སྦྲང་ཆར་ཐོག་སྤེལ་ཞིང་། དཔྱད་བརྗོད་ལྷུག་རྩོམ་དེ་ནི་རང་གི་གྲོང་སྡེ་ནས་རྒྱང་རིང་དུ་འཐེན་ཡོད་པའི་རྐང་ལམ་ཕྲ་མོ་དེ་ལ་མིག་ཧུར་རེར་ལྟ་བའི་རྒན་རྒོན་སྐོར་ཞིག་དང་ལྷན་དུ་འགོ་བཙུགས་ཡོད་ལ། རྐང་ལམ་ཕྲ་མོ་ནི་ལོ་རྒྱུས་ཀྱི་དོན་གནད་མང་པོ་ཞིག་གིས་ཁེངས་ཤིང་སྡེ་བའི་རྒན་རྒོན་ཚོ་དང་དམ་དུ་འབྲེལ་བ་ཞིག་ཡིན། སྒྲུང་བ་རྒད་པོས་འདི་ནི་གླིང་གེ་སར་རྒྱལ་པོས་འཕྲེད་ཀྱིས་བཅད་པའི་ལམ་ཡིན་ཟེར་བ་དང་། ལ་ལས་བོད་མི་རིགས་ཀྱི་མེས་པོ་སྤྲེའུ་བྱང་ཆུབ་སེམས་དཔའ་ཡིས་ཀྱང་ལམ་འདི་བརྒྱུད་ཡོད་ཟེར་བ་དང་། རྒད་པོ་གཞན་རྣམས་ཀྱིས་ལམ་དེ་ནི་དམ་པའི་ཆོས་བསྣུབས་མཁན་གྱི་རྒྱལ་པོ་གླང་དར་བ་བཀྲོངས་མཁན་བཙུན་པ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཡིས་བཟོས་པའི་ལམ་ཡིན་ཟེར།

རྐང་ལམ་ཕྲ་མོ་ཡི་བྱུང་རིམ་རྒྱས་བཤད་མཁན་ནི་བུ་ཆུང་ཞིག་ཡིན་པ་དང་། ཁོས་ཉིན་ལྟར་སློབ་གྲྭར་འགྲོ་དུས་རྐང་ལམ་དེའི་སྟེང་གོམ་པ་བརྒྱབ་ནས་འགྲོ་ཞིང་སྡེ་མི་རྒན་རྒོན་ཚོས་སྡེ་འདབ་ཀྱི་གཞུང་ལམ་གསར་བ་དེ་ཅིའི་ཕྱིར་བེད་སྤྱོད་མི་གཏོང་བ་ཡིན་ནམ་སྙམ་ནས་ཡ་མཚར་བཞིན་ཡོད། ཁོ་ལ་མཚོན་ན་གནའ་དུས་ཀྱི་རྐང་ལམ་དེ་ཡིས་ཁོང་གི་ཡབ་མེས་དག་གི་དཔའ་ངར་དང་བཅོས་བསྒྱུར། བློ་སྟོབས་བཅས་ལ་ཡ་མཚར་དུ་འཇུག་པ་མ་ཟད། དེ་ཡིས་ཁོའི་སེམས་སུ་ངའི་ཡབ་མེས་ཚོས་ལམ་ཕྲན་འདི་འདྲ་ཞིག་བཟོ་བཏུབ་ན་ད་ལྟའི་མི་རབས་ཀྱིས་ཡར་རྒྱས་གཏོང་མ་ཐུབ་པར་རྙིང་ཧྲུལ་དུ་གྱུར་བ་བཅུག་པ་རེད་དམ་སྙམ་པའི་དྲི་བ་ཞིག་ཀྱང་འདྲི་བ་རེད།

དོན་གྲུབ་རྒྱལ་ལ་མཚོན་ན་རྐང་ལམ་ཕྲ་མོ་ནི་བོད་ཀྱི་གུ་དོག་པའི་བསམ་བློ་དང་རྙེང་ཞེན་རིང་ལུགས། བཀག་སྡོམ་བཅས་ཀྱི་བསྡུས་གཟུགས་ཤིག་ཡིན་ལ། སྲོལ་རྒྱུན་ལ་གུས་བརྩི་ཆེ་བའི་རྒན་རྒོན་ཚོར་བཅོས་བསྒྱུར་བྱེད་འདོད་མེད་ལ། དེ་ལས་ཀྱང་ལོ་རྒྱུས་ནི་ལེགས་བསྒྱུར་གྱི་བཅུད་ཀྱིས་གཏམས་པ་ཞིག་ཏུ་མཐོང་བ་དང་། སྲོལ་རྒྱུན་རིང་ལུགས་པ་ཚོས་ཁོང་ཚོའི་མི་ཚེའི་ལམ་ཁ་ནི་ནམ་ཡང་བསྒྱུར་མི་བཏུབ་པར་ནན་སྐུལ་དང་ཁོང་ཚོ་འཕེལ་རྒྱས་ལ་ཤིན་ཏུ་ནས་འཇིགས་ཤིང་སྐྲག་པ་བཅས་བསྟན་ཡོད། དོན་གྲུབ་རྒྱལ་གྱིས་རྐང་ལམ་ཕྲ་མོ་ཡིས་དེང་དུས་ཀྱི་བོད་མི་ཚོར་ཚན་རིག་དང་འཕྲུལ་རིག་གི་དོན་སྙིང་སྐོར་དེ་ཙམ་ཞིག་སློབ་མི་བཏུབ་པ་དང་སྲོལ་རྒྱུན་རིག་གཞུང་གི་དྲན་རྟགས་ཀྱིས་བོད་མི་ཚོར་རིག་གནས་གསར་བ་ཞིག་གསར་གཏོད་ཀྱི་ཤུགས་དང་བཅུད་ཀྱང་སྩོལ་མི་བཏུབ་པ་བཅས་ཀྱིས་མཇུག་བསྡུས་ཡོད་ལ། ང་ཚོས་བྱུང་རབས་རྒྱས་བཤད་མཁན་ང་ཡིས་ལམ་ཁ་གསར་པའི་སྟེང་ནས་སློབ་གྲྭར་འགྲོ་རྒྱུ་ཡོངས་བསྒྲགས་བྱས་པའི་སྐབས་དེ་ནས་བཅོས་བསྒྱུར་ལ་འབོད་པ་གཏོང་བ་དེ་དོན་གྲུབ་རྒྱལ་གྱི་རང་སྐད་རྣལ་མ་ཡིན་པ་རྟོགས་ཐུབ།

རྐང་ལམ་ཕྲ་མོ་སྙུག་མིང་འོག་ནས་བཏོན་པ་དང་བོད་སྤྱི་ཚོགས་ཁྲོད་སུན་གཙེར་བཟོས་པའི་རྙིང་ཞེན་ཅན་གྱི་ཤོག་ཁག་གི་མི་མང་པོ་ཞིག་གིས་སྲོལ་རྒྱུན་རིག་གཞུང་ལ་རྒོལ་བར་མཐོང་ཞིང་། དོན་གྲུབ་རྒྱལ་ལའང་དེ་བཏོན་པའི་རྗེས་ནས་སྲོག་ཉེན་གྱི་འཇིགས་སྐུལ་བྱུང་བར་གསལ་ཡོད། འོན་ཀྱང་ཁོས་ཞུམ་པ་མེད་པར་མུ་མཐུད་ནས་སྲོལ་རྒྱུན་གྱི་ཁ་གཏད་དུ་དེང་རབས་ཅན་གྱི་བརྗོད་གཞི་སྔོག་འདོན་བགྱིས། དེ་དག་རེ་རེའི་ནང་དུ་ཁོས་མིག་བཙུམ་ནས་སྤྱི་ཚོགས་རྙིང་པར་དགག་སྒྲུབ་བྱས་པ་མིན་པར་ཀློག་མཁན་ཚོར་སྟོབས་ཤུགས་དང་དབང་ཆ་ཡོད་ཚད་ལ་དོགས་སློང་བྱེད་པའི་བློ་སྟོབས་སྤེལ་ཞིང་། འདི་ཡིས་བོད་ཀྱི་རྩོམ་རིག་ལ་ཏང་གིས་འགན་འཁུར་སྤྲད་པ་ལས་ལོགས་སུ་དམིགས་ཡུལ་ཞིག་བདོ་བར་བྱས།

བོད་ཀྱི་རྩོམ་པ་པོ་ཚོར་དེང་རབས་དང་འབྲེལ་ད་དུང་བརྗོད་བྱ་ཁག་པོ་གཞན་ཞིག་གདའ་བ་ནི་ཆོས་ལུགས་ཡིན་ལ། དེ་ནི་ད་ལྟའང་དེ་ལྟར་ལ། ལག་ལེན་གྱི་གནས་ཚད་སྟེང་ནས་ཏང་གི་སྲིད་ཇུས་ཀྱིས་ཆོས་ནི་དེང་རབས་དང་དཔལ་འབྱོར་གྱི་བཀག་རྡོ་རུ་ལྟ་བ་དང་སྤྱི་ཚོགས་ཁྲོད་ཀྱི་ཆོས་ལུགས་ཀྱི་རྩོལ་བ་དང་དགའ་མོས་ནི་སྤྱི་ཚོགས་རིང་ལུགས་ལ་རྒྱབ་འགལ་བྱས་པར་ངོས་བཟུང་། རེད་དེ་བོད་མི་ཚོས་ཆོས་ལུགས་ཀྱི་ཁྲོད་ནས་རང་ཉིད་ཀྱི་ངོ་བོ་ངོས་འཛིན་པ་དང་། ཏང་གིས་ཐོག་མ་ནས་བོད་བརྒྱུད་ནང་བསྟན་ལ་མིང་ཆད་བཟོ་བའི་སྲིད་ཇུས་ལག་བསྟར་བྱས་པ་དེ་མི་དམངས་ཀྱིས་བོད་པ་རང་ཉིད་ལ་སྣང་ཆུང་བྱེད་པར་མཐོང་ཞིང་། དེ་ནས་རིམ་གྱིས་ཏང་ལ་ཁོང་ཚོས་ཐད་ཀར་ཆོས་ལ་རྒོལ་བ་དང་བཙན་དབང་གི་ཐབས་བྱ་ཐབས་དག་ཁྱོན་ཡོངས་ནས་ཕམ་ཉེས་བྱུང་བ་ར་འཕྲོད་ཡོད། དེ་བས་དུས་སྐབས་གསར་པའི་ནང་ཏང་གིས་རྩོམ་རིག་བརྒྱུད་ནས་ཆོས་ལ་ཤུགས་ནས་ཁ་གཏད་བྱ་རྒྱུ་ཐག་བཅད་ཅིང་། ཆོས་ལུགས་ཀྱི་དབང་ཚད་ཧབ་ཐོབ་རྒྱག་པའི་བྲིས་རྩོམ་སྤེལ་བ་དང་ཆོས་ཀྱི་རྣམ་པ་ལ་དགག་ཕྱོགས་ནས་འགྲེལ་བཤད་བྱེད་པའི་བློ་སྟོབས་སྤེལ་བ་རེད། (དེ་འདྲ་སོང་ཙང་བོད་པ་ཀློག་པ་པོ་དག་གིས་རྒྱུན་དུ་དེང་རབས་རྩོམ་རིག་ནི་གང་ཡང་མ་ཡིན་པར་རྒྱ་ནག་དམར་པོ་སྲིད་གཞུང་གི་ལག་ཆ་ཞིག་ཏུ་ལྟ་བ་རེད།)

དོན་གྲུབ་རྒྱལ་གྱིས་དྲི་བ་འདི་སྦྲང་ཆར་ནང་བཏོན་པའི་རྩོད་རྙོག་ཅན་གྱི་བརྩམས་སྒྲུང་ཁ་བྱང་ལ་སྤྲུལ་སྐུ་རུ་བཏགས་པ་དང་སྦྱར་ཞིང་། སྒྲུང་དེ་སྤྱི་ལོ་༡༩༨༠ནང་རིག་གནས་གསར་བརྗེའི་རྗེས་སུ་མི་དམངས་ལ་ཆེས་ཐོག་མར་ཆོས་ལ་དད་པ་བྱས་ཆོག་པའི་རང་དབང་ཐོབ་པ་དང་རྒྱང་རིང་ཞིག་ན་ཆགས་པའི་སྡེ་བ་ཞིག་གི་ནང་དུ་རང་ཉིད་བླ་མ་ཡིན་པར་སྒྲོག་པའི་མི་ཡ་མཚན་ཞིག་སླེབས་པ་ནས་འགོ་བརྩམས་ཡོད།

སྒྲུང་གི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་འགོ་ཁྲིད་དག་གིས་དགའ་མོས་བྱེད་པར་མཐོང་ལ། མི་སྣ་གཙོ་བོ་ཨ་ཁུ་ཉི་མ་དད་མོས་ཀྱི་གཟུགས་སུ་བཀོད་པ་དང་མི་དྲང་མོ་མདའ་ལྟ་བུ་ཞིག་ཏུ་འབྲི་བཞེངས་བྱས་ཡོད། ཁོང་དད་པ་ཧ་ཅང་ཆེ་སྟབས་ཁོས་རང་གི་ཡོན་ཏན་ལའང་ཡིད་ཆེས་མི་བྱེད། ཁོས་སྤྲུལ་སྐུ་ནི་སོ་སོ་རང་གིས་རང་ཉིད་བླ་མ་རུ་སྙོན་པ་དང་ནང་པའི་ཆོས་ཀྱི་ཡོན་ཏན་མ་རྫོགས་པ་དག་ནི་མིན་པ་གསལ་བོར་ཤེས་ཀྱི་ཡོད། འོན་ཀྱང་། ཨ་ཁུ་ཉི་མས་བླ་མས་ཐལ་སྐྱོན་འདི་དག་ལ་འགྲེལ་བཤད་བྱས་པ་ཁས་ལེན་དང་ཁོ་རང་གི་ངོས་ནས་དེ་དག་ནི་དད་པ་མེད་པའི་དོགས་གཞི་ཞིག་ཏུ་ངོས་འཛིན་བྱེད་པ་རེད།

སྒྲུང་དེ་ཐོན་པའི་སྐབས་ཐོག་དེར་དཔྱད་བརྗོད་པ་དག་གིས་དེ་ནི་ཆོས་དང་སྤྱི་ཚོགས་གཉིས་ཀའི་ཀུན་སྤྱོད་དྲིལ་སྒྲོག་གི་དེང་རབས་བརྩམས་ཆོས་ཡག་པོ་ཞིག་ཏུ་མཐོང་བ་དང་། སྒྲུང་གིས་མི་དམངས་ལ་ཆོས་ལུགས་རང་ཉིད་བསླུ་བྱེད་དུ་བེད་སྤྱོད་བྱ་སྲིད་པའི་ཉེན་བརྡ་བཏང་པ་ལྟ་བུར་གྱུར་བ་རེད་ལ། ཀློག་པ་པོ་དག་གིས་ཆོས་ལ་རྒོལ་བའམ་སྤྱི་ཚོགས་ལ་ཁ་གཏད་པ་བཅས་ཇི་ལྟར་འགྲེལ་རུང་སྒྲུང་དེ་བགྲོ་ཐེངས་གང་མང་གི་བརྗོད་གཞི་རུ་གྱུར་ཞིང་། ཆོས་ལུགས་ཀྱི་གདོང་འབག་གྱོན་ནས་དད་པ་ཅན་ལ་མགོ་སྐོར་གཏོང་མཁན་མང་པོ་ཡོད་པའང་བོད་མི་ཚོས་མཁྱེན་གསལ་རེད། དེ་བས་སྒྲུང་འདི་བོད་དང་རྒྱ་ནག་གི་དེང་རབས་ལོ་རྒྱུས་དང་སྦྱར་ནས་ཞིབ་ཚགས་ཀྱིས་ཀློག་མཁན་ཞིག་གིས་སྤྲུལ་སྐུའི་རྣམ་པ་ཡིས་མི་དམངས་ཀྱིས་མོའོ་དང་དམར་ཤོག་ཚོགས་པར་རྨོངས་དད་བྱས་པ་མཚོན་པའི་བསམ་ཚུལ་ཡང་འདོན་སྲིད།

གོ་དོན་མཐའ་གཅིག་ཏུ་གཏན་འཁེལ་མི་བཏུབ་པ་འདི་ལྟ་བུ་བོད་ཀྱི་དེང་རབས་བརྩམས་སྒྲུང་ཁྲོད་གང་མང་ཡོད་དེ། དཔེར་ན། བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ནང་བཏོན་པའི་གཡེར་དྲིལ་ཞེས་པས་རྒན་མོ་ནད་མ་ཞིག་གི་སྐོར་བརྗོད་ཡོད་ལ། ཁོ་མོའི་ཁྱིམ་ཚང་གིས་སྤྲུལ་སྐུ་ཞིག་ལ་ལུང་བསྟན་ཞུས་པར་དེ་ཡིས་ཨ་མ་གནས་མཇལ་ཏུ་འགྲོ་བཏུབ་ཚེ་དྲིལ་བུ་ཁྱད་དུ་འཕགས་པ་ཞིག་གི་སྒྲ་གོ་བ་དང་དེ་ནས་ཁོ་མོ་དྲག་སྐྱེད་ཡོང་སྐོར་གསུངས་པས། ཁྱིམ་ཚང་དེ་ས་ཐག་རིང་ཞིག་ལ་སོང་། འོན་ཀྱང་རྒན་མོ་དེ་ཚེ་ལས་འདས་སོང་། ཁོ་མོ་མ་གྲོངས་སྔོན་ཙམ་ལ་མོས་མཁར་རྔ་ཞིག་གི་སྒྲ་གོ་ཡོད་པ་རེད། ཁོ་མོའི་འདས་དོན་འགྲེལ་བརྗོད་ཐད་རྩོམ་པ་པོས་མོས་དྲིལ་བུའི་སྒྲ་ཐོས་མ་ཐག་ཁོག་ལ་འཛུམ་དང་ཞི་བདེ་ཡིས་ཁེངས་ཡོད་པ་ཤུགས་བསྟན་དུ་གོ་བར་བྱས་གདའ། ཆོས་ལུགས་ནི་ཡིད་རྟོན་མི་རུང་བ་ཞིག་ལ་བཀྲམས་སྟོན་བྱས་མིན་ལ་མ་ལྟོས་པར་སྒྲུང་གིས་ཕལ་ཆེར་ཆོས་ནི་ནང་སེམས་ལ་ཞི་བདེ་འབྱོར་བར་བེད་སྤྱོད་ཆེ་བའི་བསམ་ཚུལ་བཏོན་ཡོད་པ་རེད།

བོད་དང་རྒྱ་ནག་ནང་གི་རྩོམ་པ་པོ་ཚོར་རང་ཉིད་ཀྱི་བསམ་བློ་དང་བརྗོད་གཞི་ཁ་གསལ་དོན་གསལ་གྱིས་ཕྲ་ཞིབ་སྒོས་མངོན་མཚོན་གྱི་རང་དབང་མེད་པ་མངོན་གསལ་ལ། ཁོང་ཚོའི་བརྩམས་ཆོས་རྒྱ་ཡིག་ནང་འབྲི་དགོས་པ་དང་ཞིབ་བཤེར་གྱི་མིག་མདུན་ནས་འདོན་སྤེལ་དགོས་པའི་སྐབས་དེར་ཡང་རྟག་ཏུ་ཏང་གི་བཀའ་རྒྱ་ཁོ་ནའི་རྗེས་སུ་སོང་མེད་པ་ང་ཚོས་ཤེས་གསལ་ལྟར་དང་། ཏང་དང་སྲིད་གཞུང་གིས་བཙན་སྐུལ་བྱས་པ་ལ་མ་ལྟོས་པར་བོད་པ་རྩོམ་པ་པོ་དག་གིས་ཛ་དྲག་གི་གནད་དོན་མང་པོ་ཞིག་མདུན་དུ་འཁྱེར་ཡོང་བཏུབ་ཡོད་ལ། ང་ཚོས་མཐོང་གསལ་ལྟར་འདི་ཡིས་ཆབ་སྲིད་ཀྱི་ཐད་ནས་གླེང་གཞི་ལ་སྐྱོན་འཛུགས་ཀྱི་རྐྱེན་བཟོས། ཏང་དང་སྲིད་གཞུང་གིས་ཐག་བཅད་པའི་དགོས་འདུན་ནི་རྩོམ་པ་པོ་ཡོངས་ཀྱིས་འདོན་སྤེལ་བྱེད་པའི་རྩོམ་ཡིག་གཞུང་གི་ལམ་ལུགས་དང་མཐུན་དགོས་ངེས་དེ་མོད། ང་ཚོས་བརྩམས་ཆོས་རང་སྟེང་ལ་བརྟག་ཞིབ་བྱེད་དུས་ཁོང་ཚོའི་རུང་བསྟུན་ནི་དེ་ཙམ་མི་གསལ་ལོ།།

ད་ལྟའི་སྐབས་སུ་བོད་ནང་གི་འགྲན་རྩོད་ཀྱི་བསམ་བློའི་ཁྲོད་དུ་རྩོམ་རིག་ནི་ཤེས་ཡོན་པའི་ཐད་རྒོལ་གྱི་འཐབ་ར་གཙོ་བོ་ཡིན་ལ། སྐབས་དེར་ཡང་རྩོམ་རིག་གིས་བོད་བྱིས་པའི་གནས་སྐབས་སུ་ལུས་པ་དེ་ལས་བརྒལ་དུ་བཅུག་ཅིང་། བརྩམས་ཆོས་མང་པོ་ཞིག་བསྐྱར་ཟློས་ཡང་ཟློས་དང་བསླབ་བྱ་རྒྱག་པ། ཏང་གི་རི་མོ་དང་རྩོམ་རིག་གི་ལམ་སྟོན་རྗེས་སུ་ཁད་ཀྱིས་ཕྱོགས་སོང་པའང་ཡོད། སྤྱི་ལོ་༡༩༩༤ནས་བཟུང་བོད་པ་རྩོམ་པ་པོ་ཚོས་བརྩམས་ཆོས་འདོན་སྤེལ་ཐད་དམ་དྲག་ཤུགས་ཆེ་རུ་གྱུར་པ་དང་། ལོ་རབས་བརྒྱད་ཅུའི་སྟོད་དུ་བྱུང་བའི་གསར་གཏོད་ཀྱི་སྟོབས་ཤུགས་དེ་ཡང་འགོག་ཐབས་བྱས་ཤིང་རྩོམ་པ་པོ་རྣམས་སྔར་ལས་ཀྱང་དོགས་ཟོན་ཆེ་བར་བཟོས་སོ།།
མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ལང་ཚོའི་རྦབ་ཆུ་དང་དྲི་ཞིམ་མེ་ཏོག་ཚོམ་བུ། (ལྔ་བ)

  1. དེའི་བརྗོད་དོན་གཙོ་བོ་གང་ཡིན་ཁ་གསལ་མི་འདུག་རུང་རྩོམ་སྒྱུར་གནང་བར་ཐུགས་རྗེ།

Write a Reply or Comment

Your email address will not be published. Required fields are marked *

*