ལམ་འགྲོ་བའི་གཏམ་འདི་ཡིད་ལ་ཞོག


འཇིགས་མེད་ནུབ་པ།

ལོ་རྒྱུས་ལྟར་ན། ང་ཚོ་ཚང་མ་ཁྱིམ་ཚང་གཅིག་ནས་ཡིན་རུང་། དུས་ཚོད་དང་གནས་སྟངས་ཀྱི་དབང་གིས་ང་ཚོ་འཛམ་གླིང་གང་སར་ཁ་འཐོར་ནས་ཡོད། ཁ་འཐོར་བའི་གནས་སྟངས་འོག་ཏུ་ཡང་ང་ཚོས་ཕན་ཚུན་བརྗེད་མེད། བརྗེད་མེད་པའི་བརྩེ་དུང་དེའི་དབང་གིས་ང་ཚོས་ཕན་ཚུན་ལ་འབྲེལ་བ་དུས་ནས་དུས་སུ་བྱེད་བཞིན་ཡོད། འབྲེལ་བ་བྱེད་སྟངས་དེ་ཡང་སྔོན་ཆད་སྦྲགས་ཁང་བརྒྱུད་ནས་ཡིན། འོན་ཀྱང་། འཕྲུལ་རིག་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། དེང་སང་ང་ཚོས་ལག་འཁྱེར་ཁ་པར་བརྒྱུད་ནས་ཕན་ཚུན་ལ་འབྲེལ་བ་བྱེད་ཀྱི་ཡོད། འབྲེལ་བ་བྱེད་སྟངས་དེ་ནི་ང་ཚོ་ཚང་མར་དུས་ཚོད་མྱུར་བ་དང་སྟབས་བདེ་བ་བཅས་ཡོད། དེར་བརྟེན། དུས་ཡུན་ཐུང་ངུ་ཞིག་གི་ནང་ལ། ང་ཚོས་ཕན་ཚུན་ལ་འཕྲིན་ཐུང་བསྐུར་བ་དང་འདྲ་པར་བསྐུར་བ། ཐ་ན་བརྙན་ཐུང་སོགས་ཀྱང་བསྐུར་ཐུབ་གི་ཡོད།

ད་བར་དུ། ང་ཚོས་ལག་འཁྱེར་ཁ་པར་བརྒྱུད་ནས་ཕན་ཚུན་ལ་འབྲེལ་བ་བྱེད་ཐུབ་པ་དེར་དགའ་སྣང་སྒོམ་པ་མ་གཏོགས། ལག་འཁྱེར་ཁ་པར་གྱིས་ང་ཚོ་ཕན་ཚུན་གྱི་བདེ་སྲུང་ལ་འགན་ལེན་ཇི་ཙམ་བྱེད་ཀྱི་ཡོད་མེད་ལ་དོགས་ཟོན་དེ་ཙམ་བྱེད་གི་མེད། འོན་ཀྱང་། ང་ཚོས་ལག་འཁྱེར་ཁ་པར་བརྒྱུད་ནས་སྤྱིར་བཏང་གི་སྐད་ཆ་ཙམ་མ་ཡིན་པར། གནས་ཚུལ་གལ་ཆེ་བ་དང་གསང་རྒྱ་ཅན། ལྷག་པར་དུ་སྒེར་དང་འབྲེལ་བའི་གནད་དོན་མང་པོ་ཞིག་བརྗོད་ཀྱི་ཡོད། འོ་ན། ལག་འཁྱེར་ཁ་པར་གྱིས་གནས་ཚུལ་དེ་ཚོར་ཉེན་སྲུང་གི་འགན་ལེན་ཐུབ་བམ་ཟེར་ན། མི་ཐུབ། ལྷག་པར་དུ། ལག་འཁྱེར་ཁ་པར་བེད་སྤྱོད་གཏོང་སྟངས་ཡག་པོ་མ་ཤེས་ན། རང་གི་གྲོགས་པོ་དང་སྤུན་མཆེད། ཕ་མ་སོགས་ཡིན་རུང་གསང་རྒྱ་ཅན་གྱི་གནད་དོན་རེ་གཉིས་ལ་བརྟེན་ནས་དཀའ་ངལ་ནང་གཡུག་སྲིད། དེར་བརྟེན། ལག་འཁྱེར་ཁ་པར་བེད་སྤྱོད་ཐད་དོ་སྣང་དང་གཟབ་ནན་བྱེད་རྒྱུ་ནི། ཕྱོགས་གཅིག་ནས་རང་གཞན་གཉིས་ཀ་སྲུང་བ་དང་ཕྱོགས་གཉིས་ནས་རང་གཞན་གཉིས་ཀའི་བདེ་འཇགས་ལ་ཕན་པ། ད་དུང་ཉེ་འཁོར་གྱི་མི་རྣམས་ལ་ཡང་གལ་ཆེ།

ལག་འཁྱེར་ཁ་པར་བེད་སྤྱོད་ཐད་དོ་སྣང་དང་གཟབ་ནན་གནང་ཟེར་དུས། ཁྱོད་རང་ལག་འཁྱེར་ཁ་པར་བེད་སྤྱོད་ཐད་ལ་ཆེད་མཁས་ཡིན་དགོས་ཟེར་གི་མེད་པར། དེའི་སྐོར་ལ་རྒྱུན་ཤེས་དགོས་རྒྱུ་གལ་ཆེན་རེད་ཟེར་གི་ཡོད། དཔེར་ན། ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་(Operating System)དེ་ཡང་ནས་བསྐྱར་དུ་གསར་སྣོན་(Update)བྱེད་རྒྱུ་ཧ་ཅང་གལ་ཆེ། བཀོལ་སྤྱོད་མ་ལག་དེ་གསར་སྣོན་མ་བྱས་པར་རྙིང་པ་དེ་བེད་སྤྱོད་མུ་མཐུད་དུ་བྱས་ཚེ། དེ་ནི་ཁང་པའི་ལྟག་རྒྱབ་ནས་ཨི་ཁུང་བརྡོལ་བ་ནང་བཞིན། རྐུན་མ་ནང་དུ་འཛུལ་སླ་བ་ཡོད། དེར་བརྟེན། རྟག་པར་ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་གསར་སྣོན་བྱེད་རྒྱུ་གལ་ཆེ་བ་མ་ཟད། དེ་ལྟར་བྱེད་པ་ནི་སོ་སོའི་ལག་འཁྱེར་ཁ་པར་གྱི་ཉེན་སྲུང་བརྟན་དུ་གཏོང་བ་ཡིན། ད་དུང་། དྲ་འབུ་འགོག་བྱེད་ཀྱི་མཉེན་ཆས་དེ་འདྲ་ལག་འཁྱེར་ཁ་པར་ངོས་སུ་ཕབ་ལེན་བྱས་ན་ཡག དཔེར་ན། www.lookout.com བརྒྱུད་ནས་ཕབ་ལེན་བྱེད་ཐུབ།

ལྷག་པར་དུ། ང་ཚོར་ལག་འཁྱེར་ཁ་པར་ཡོད་པའི་རྗེས་སུ། ང་ཚོའི་ལག་འཁྱེར་ཁ་པར་དེ་དྲ་ལམ་དང་འབྲེལ་འབྲེལ་པ་ལྟ་བུ་རེད། དེར་བརྟེན། ང་ཚོར་རིན་མེད་ཉེར་སྤྱོད་མཉེན་ཆས་མང་པོ་འབྱོར་ཡོང་གི་རེད། འོན་ཀྱང་། ཉེར་སྤྱོད་མཉེན་ཆས་འབྱོར་ཚད་ཕབ་ལེན་བྱེད་མི་ཉན། གང་ཡིན་ཞེ་ན། ཉེར་སྤྱོད་མཉེན་ཆས་མང་པོ་ཞིག་གིས་ང་ཚོའི་གནས་ཚུལ་དང་སྡོད་གནས། འབྲེལ་བྱང་སོགས་མང་པོ་ཞིག་གཞན་ལ་བགོ་བཤའ་བྱེད་གི་རེད། ལྷག་པར་དུ། ལག་འཁྱེར་ཁ་པར་གྱི་འཕྲིན་ཐུང་བརྒྱུད་ནས་འབྱོར་བའི་ཟུར་སྣོན་དང་འབྲེལ་ཐག་རིགས་ལ་གང་བྱུང་བསྣུན་མི་ཉན། དེ་ཚོ་མང་པོ་ཞིག་གིས་དྲ་འབུ་འཁྱེར་གི་ཡོད།

ལྷག་པར་དུ། གནས་ཚུལ་གསང་རྒྱ་ཅན་གྱི་རིགས་ཕན་ཚུན་ལ་བགོ་བཤའ་བྱེད་པའམ་དོན་དག་གལ་ཆེའི་རིགས་གླེང་མོལ་བྱེད་དུས། སྐུད་མེད་འབྲེལ་མཐུད་སྔོན་པོ་(Bluetooth)དང་བ་ཧྤེ་(Wi-fi)སོགས་ངེས་པར་དུ་གཟིམས་ན་བདེ་འཇགས་ལ་ཕན། དེ་མ་གཏོགས། སྐུད་མེད་འབྲེལ་མཐུད་སྔོན་པོ་དང་བ་ཧྥེ་སོགས་ཁ་ཕྱེས་ན། གཞན་གྱིས་ཁྱེད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་ཡོད་པའི་སྒེར་གྱི་གནས་ཚུལ་རིགས་ལ་སིམ་འཛུལ་བྱེད་སླ་བ་མ་ཟད་ལྐོག་འཁྱེར་བྱེད་རྒྱུའི་ཉེན་ཁ་ཡང་ཡོད། ད་དུང་། ང་ཚོ་མང་པོ་ཞིག་གིས་དུས་རྟག་དུ་ལག་འཁྱེར་ཁ་པར་སྒང་གི་ཕྱོགས་སྟོན་ཡོ་ཆས་(GPS)དེ་ཁ་ཕྱེས་ནས་ཡོད། ཕྱོགས་སྟོན་ཡོ་ཆས་དེས་ཁྱེད་ཀྱིས་གཞན་དང་མཉམ་དུ་ཅི་ཞིག་བྱས་རུང་ཁྱེད་རང་གི་སྡོད་གནས་སྟོན་གི་རེད། དེར་བརྟེན། སོ་སོའི་སྡོད་གནས་གཞན་གྱིས་མ་ཤེས་བའི་སླད་དུ་ཕྱོགས་སྟོན་ཡོ་ཆས་དེ་སྒོ་རྒྱག་རྒྱུ་ཡང་གལ་ཆེ།

ངེད་ཀྱིས་རྩོམ་ཡིག་སྔ་མ་ཞིག་སྟེ། ལག་འཁྱེར་ཁ་པར་ཨེ། བེད་སྤྱོད་བྱེད་དུས་གཟབ་གཟབ་གནང་ཨ། ཟེར་བའི་དེའི་ཁོངས་སུ་ལག་འཁྱེར་ཁ་པར་གྱི་བདེ་འཇགས་དང་འབྲེལ་བའི་གནད་དོན་ཇི་སྙེད་ཅིག་གླེང་ཟིན་པས། རེ་རེ་བཞིན་བསྐྱར་དུ་འདི་རུ་གླེང་གི་མིན། གཞན་གྱིས་ང་ཚོའི་ལག་འཁྱེར་ཁ་པར་གྱི་བྱང་བུ་དང་རྒྱལ་སྤྱིའི་ལག་འཁྱེར་ཁ་པར་ངོས་འཛིན་ཨང་གྲངས་(IMEI)གཉིས་ཀྱིས་ང་ཚོ་རྗེས་འདེད་དང་ངོས་འཛིན་ཐུབ་པ་མ་ཟད་། ད་དུང་ང་ཚོའི་ལག་འཁྱེར་ཁ་པར་བརྒྱུད་ནས་ང་ཚོར་ལྐོག་ཉན་ཡང་བྱེད་ཐུབ་གི་ཡོད་པ་རེད། དེར་བརྟེན། གནད་དོན་གལ་ཆེའི་རིགས་སྒྲུབ་པའི་སྐབས་དང་མི་སྣ་གལ་ཆེན་སོགས་དང་མཉམ་དུ་གླེང་མོལ་བྱེད་པའི་སྐབས་སུ། གཞན་གྱིས་ཁྱེད་ཀྱི་གླེང་མོལ་ལ་ལྐོག་ཉན་མི་ཐུབ་པའི་ཆེད་དུ། ལག་འཁྱེར་ཁ་པར་གྱི་གློག་རྫས་ཕྱིར་འདོན་པ་དང་ལག་འཁྱེར་ཁ་པར་ནང་དུ་འཇོག་པ། ཡང་ན་གླེང་མོལ་བྱེད་སའི་ཁང་མིག་དང་སྡོད་གནས་སོགས་མ་ཡིན་པའི་ས་གནས་གཞན་དུ་འཇོག་པ་སོགས་གལ་ཆེ་བ་མ་ཟད། རིན་གོང་ཧ་ཅང་ཆུང་ཞིང་ཐེངས་གཅིག་མ་གཏོགས་བེད་སྤྱོད་མི་བྱེད་པའི་ལག་འཁྱེར་ཁ་པར་དང་བྱང་བུ་བེད་སྤྱོད་བཏང་ན་ཡང་དེས་ཀྱང་བདེ་འཇགས་ལ་ཕན།

ངེད་ཀྱི་གཏམ་མ་རྫོགས་སྔོན་ལ། ང་ཚོའི་སེམས་ལ་ཉར་དགོས་བའི་གཏམ་གཞན་ཞིག་ཡོད་པ་ནི། (Google Sync)དང(Google Apps Device Policy) ཟེར་བའི་ཉེར་སྤྱོད་མ་ལག་འདི་གཉིས་ཡིན། ཉེར་སྤྱོད་མ་ལག་འདི་གཉིས་ཀྱི་གང་རུང་ཞིག་ང་ཚོས་གློག་ཀླད་སྟེང་ནང་འཇུག་བྱས་ཡོད་ཚེ། ཁྱེད་ཀྱི་ལག་འཁྱེར་ཁ་པར་ལ་བོར་བརླག་དང་རྐུ་འཁྱེར་སོགས་ག་རེ་བྱུང་རུང། ཉེར་སྤྱོད་མ་ལག་འདི་གཉིས་ཀྱི་གང་རུང་སྤྱད་ནས། ཁ་པར་སྟེང་གི་ན་ཡོད་པའི་འདྲ་པར་དང་གནས་ཚུལ། འབྲེལ་མིང་སོགས་གསུབ་ཐུབ་གི་རེད། དེ་ལྟར་བྱས་ན། ཁྱེད་ཀྱི་ཁ་པར་རྙེད་མཁན་ནམ་ཡང་ན་རྐུ་མཁན་དེས་ཁྱེད་ཀྱི་ལག་འཁྱེར་ཁ་པར་མ་གཏོགས་གཞན་ཅི་ཡང་རྙེད་མི་ཐུབ།

བསྐྱར་དུ་ཞུ་རྒྱུར། དོན་མེད་དུ་དཀའ་ངལ་ལ་ལྷུང་འདོད་མེད་ན། ལམ་འགྲོ་བའི་གཏམ་འདི་ཡིད་ལ་ཞོག

ངའི་གློག་འཕྲིན་ཁ་བྱང་། jigmeynubpa@gmail.com
(འཇིགས་མེད་ནུབ་པ་ནི་རྩོམ་འབྲི་དང་ཡིག་སྒྱུར། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*