དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ།

(དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ།)

པད་མ་འབུམ།

དང་པོ།
༢༠༡༡ ལོའི་སྟོན་ཁ་ནས་མགོན་པོ་ཚེ་རིང་ལགས་ལ་སྐུ་ཚེ་རིང་པོ་ལྷག་མེད་པ་ཁོང་དང་ང་ཚོ་ཚང་མའི་སེམས་ན་གསལ་པོ་ཡིན། ཡིན་ན་ཡང་ཁ་རྩང་ཁོང་གི་གྲོངས་གཏམ་ཐོས་དུས་བསམ་ཡུལ་ལས་འདས་པའི་གཏམ་ཞིག་ཐོས་པ་ནང་བཞིན་རེ་ཞིག་ལ་མགོན་ཚེ་ཡི་སྐོར་ལ་ཅི་ཡང་བསམ་རྒྱུ་མེད་པ་ལྟ་བུ་ཞིག་ཏུ་གྱུར། ཡུད་ཙམ་འགོར་རྗེས་ཁོང་དང་འབྲེལ་བའི་འདས་དོན་མག་མོག་དང་མག་མོག་མ་ཡིན་པ་སྐོར་ཞིག་སེམས་ལ་འཁོར་ཡོང་བ་རྣམས་འདི་ལྟར།

ཕལ་ཆེར་ང་ནི་མགོན་ཚེ་ངོ་ཤེས་མཁན་རྙིང་ཤོས་ཀྱི་གྲས་གཅིག་ཡིན་རྒྱུ་རེད། ལོ་རབས་བདུན་ཅུའི་ནང་ལ་ང་ཧི་ནན་ཞན་གྱི་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་སྐབས་ཁོང་སློབ་གྲྭ་དེའི་སློབ་མ་རེད། དེ་དུས་ཁོང་ཇི་འདྲ་ཞིག་ཡིན་པ་དྲན་སྣང་གསལ་པོ་ཞིག་མི་འདུག མིག་ལམ་ལ་སྐྲ་འདབས་སྨིན་མ་ལ་རེག་ཅིང་རྣ་འཇོག་གི་ཕྱེད་ཀ་ཡང་བཀབ་ཡོད། སློག་པ་རུམ་ལུག་ཅིག་གོན་ཡོད་པ་ཞིག་འཁོར་གྱི་འདུག དྲན་སྣང་ཅུང་ཙམ་གསལ་བ་ཞིག་ནི་ཁོང་རྩིས་རིག་གི་སློབ་ཚན་ལ་མི་དགའ་བ་དེ་རེད། མགོན་པོ་ཚེ་རིང་འབྲིང་རིམ་གྱི་འཛིན་གྲྭ་གཉིས་པའི་སྐབས་ལ་རྩིས་རིག་དགེ་རྒན་ནི་རེབ་གོང་གི་ཚེ་རིང་དོན་གྲུབ་ཟེར་བ་ཞིག་ཡིན། ང་ཁོ་ཚོའི་འཛིན་གྲྭ་གོང་མ་དེའི་རྩིས་རིག་དགེ་རྒན་ཡིན། དགེ་རྒན་ཚེ་རིང་དོན་གྲུབ་དང་ངེད་གཉིས་འཛོམས་ན་རང་རང་གི་འཛིན་གྲྭའི་ནང་གི་རྩིས་རིག་ལ་མི་དགའ་བའི་སློབ་མ་རྣམས་གླེང་གཞི་ཞིག་ཡིན། དེ་དུས་མགོན་པོ་ཚེ་རིང་གི་མིང་ཐེངས་དུ་མར་ཐོས་མྱོང་།

ལོ་རབས་བརྒྱད་ཅུའི་ནང་ལ་མགོན་པོ་ཚེ་རིང་ལགས་ནས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ནང་ན་སློབ་སྦྱོང་བྱས། ང་དེ་དུས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ན་ཡོད། ཉིན་ཞིག་ང་ཟི་ལིང་ལ་སོང་ནས་དོན་དག་ཅིག་གི་ཆེད་དུ་ཁོ་ཚོའི་ཉལ་ཁང་ལ་སླེབས་སོང་། ཉིན་དེར་མགོན་པོ་ཚེ་རིང་ལགས་ཀྱང་ཉལ་ཁང་ན་འདུག ཁོ་ཉལ་ཁྲི་ཉིས་བརྩེགས་ཅན་ཞིག་གི་སྟེང་མའི་ཐོག་ན་དཔེ་ཆ་ཞིག་ཀློག་བཞིན་ཡོད་པ་ད་དུང་ཡང་དྲན། ཁོས་སྦྱོང་རྒྱུ་ནི་དངོས་ཁམས་རིག་པ་རེད། ངའི་སེམས་ལ་ཁོ་རྩིས་རིག་ལ་མི་དགའ་མཁན་ཞིག་གིས་དངོས་ཁམས་རིག་པ་ཇི་ལྟར་སྦྱོང་གི་ཡོད་པ་ཡིན་ནམ་བསམས་སོང་། ཕྱིས་སུ་མགོན་ཚེ་རང་གིས་ང་ལ་དངོས་ཁམས་རིག་པ་རྒྱུགས་འཕྲོད་ཙམ་ཞིག་སྦྱངས་པ་ཡིན། དུས་ཚོད་མང་ཆེ་བ་བོད་ཡིག་གི་དཔེ་ཆ་བཀླགས་པ་ཡིན་ཟེར།

༡༩༨༧ ལོའི་སྟོན་ཀ་ལ་ལྷ་སའི་ཡར་ལངས་བྱུང་། བར་དེར་ནུབ་བྱང་མི་རིགས་སློབ་གྲྭའི་བོད་རིགས་ཀྱི་དགེ་རྒན་དང་སློབ་མའི་སློབ་ཁང་དང་ཉལ་ཁང་སོགས་སུ་༧རྒྱལ་བ་རིན་པོ་ཆེའི་་ཨ་རིའི་གྲོས་ཚོགས་ལ་བཏོན་པའི་ཞི་བའི་དོན་ཚན་ལྔ་སྣུམ་པར་དུ་བཏབ་ནས་ལྐོག་འགྲེམས་བྱེད་ཀྱི་འདུག མཚམས་མཚམས་ལ་སྦྲག་ལམ་བརྒྱུད་ནས་ཀྱང་འབྱོར། ང་ལ་གཅིག་འབྱོར་བ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་ཞན་དབྱང་ཟེར་བའི་བཟོ་གྲྭ་ཞིག་ནས་བཏང་ཡོང་འདུག དེ་དང་མཉམ་དུ་སུ་ཞིག་གིས་བྲིས་པ་མི་ཤེས་པའི་ཡར་ལངས་འབོད་སྐུལ་གྱི་ཡི་གེ་ཚིག་སྟོབས་ཅན་ཞིག་སྐུར་འགྲེམས་བྱས། དེའི་ཚོགས་དོན་དེང་སང་ངས་མི་དྲན། ཡི་གེ་དེ་ནི་ཚིག་གི་སྦྱོར་བ་ཧ་ཅང་བདེ་ཞིང་ཁ་ཧ་ཅང་གསལ་པ། འབོད་སྐུལ་གྱི་ནུས་པ་ཧ་ཅང་ལྡན་པ་ཞིག་ཡིན། སྐབས་དེར་རེབ་གོང་གི་བོད་ཀྱི་སློབ་འབྲིང་གི་སློབ་མས་ཀྱང་ཁྲོམ་སྐོར་བྱས་པ་རེད། རྗེས་ནས་གོ་གསལ་ལ། རེབ་གོང་གི་སློབ་མ་མ་ལངས་སྔོན་ལ་ཡི་གེ་དེ་སློབ་མའི་ཁྲོད་དུ་འགྲིམ་འདུག སློབ་མ་རྣམས་ཁྲོམ་སྐོར་གྱི་ཞོགས་ཀར་ཡི་གེ་སློབ་གྲྭ་དེའི་སྒོ་ཁ་ལ་སྦྱར་འདུག་ཟེར། སྐབས་དེར་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིག་གྱར་དེ་དག་གི་ཐད་ལ་ང་ལ་ཡང་དོགས་པ་ཞིག་ལངས་པ་ཡིན་ནམ། ལན་ཀྲོའུ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་ང་ལ་གསང་ཐུག་གིས་ཡིག་གྱར་དེ་དག་གི་སྐོར་ལ་འདྲི་རྩད་ཐེངས་དུ་མར་བྱས་སོང་། ཁོ་ཚོས་སྤྱི་བདེ་ལས་ཁུངས་ཡིན་ཟེར་བ་མ་གཏོགས་དོན་གྱིས་གསང་བའི་ལས་ཁུངས་ཡིན་པ་འདྲ། ཁོ་ཚོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་གི་མགྲོན་ཁང་ཞིག་གི་ནང་ན་བསྡད་འདུག ང་འབོད་དུས་མགྲོན་ཁང་གི་ལས་བྱེད་ཀྱིས་ངའི་ཕ་ཡུལ་གྱི་མི་ཞིག་ཡོང་ནས་ཁང་མིག་དེའི་ནང་ན་བསྡད་ཡོད་ཅིང་་ཁོས་ང་བོས་སོང་ཟེར། སྤྱི་བདེ་ལས་བྱེད་དེ་དང་ངེད་གཉིས་ཐེངས་དུ་མར་ཐུག་འབྲས་སུ་ཁོས་ང་དང་ཡིག་གྱར་དེ་དག་བར་ལ་འབྲེལ་བ་མེད་པ་ལ་ཡིད་ཆེས་བྱས་སོང་། ཡིན་ན་ཡང་ཁོས་ང་དང་གྲོགས་པོ་བསྒྲིག་གི་ཡིན་ཟེར། ཕལ་ཆེར་ཁོ་ཚོས་ང་དང་འབྲེལ་ཐག་ཅིག་བཟུང་འདོད་ཀྱི་ཡོད་པ་འདྲ། ཉིན་ཞིག་སྤྱི་བདེ་ལས་བྱེད་དེས་ཁོ་ཚོའི་པེ་ཅིན་གྱི་དཔོན་པོ་ཞིག་ཡོང་ནས་ང་ལ་ཐུག་འདོད་བྱེད་ཀྱི་འདུག་ཟེར། དེ་ལ་ང་ངོས་ལེན་མ་བྱས།

རྗེས་སུ་རྒྱ་གར་ཡོད་དུས་མགོན་པོ་ཚེ་རིང་ལགས་དང་ངེད་གཉིས་ནས་ཁ་བརྡ་འདྲ་མིན་བྱས་པར། ཡི་གེ་དེ་འབྲི་མཁན་ཁོང་རང་རེད་འདུག ཁོ་ལ་ད་དུང་གྲོགས་པོ་ཞིག་འདུག དེའི་མིང་ད་ངས་དྲན་གྱི་མི་འདུག ལྷ་སའི་ཡར་ལངས་སྐབས་ཀྱི་དགོང་མ་གཅིག་ལ་མགོན་པོ་ཚེ་རིང་ལགས་དང་ཁོང་གི་གྲོགས་པོ་དེ་གཉིས་ནས་ཆང་འཐུང་ཞིང་བོད་དོན་སྐོར་ཁ་བརྡ་བྱས་ནས་ངར་ལངས་ནས་བྲིས་ཤིང་། དགོང་མོ་དེ་ལ་སྣུམ་པར་དུ་བཏབ་པ་དང་། དེའི་ཕྱི་ཉིན་ཁོ་གཉིས་ནས་སློབ་གྲྭ་ལ་དགོངས་ཞུས་ཀྱིས་ས་གནས་གཞན་ལ་སོང་ནས་ཡིག་སྦྲག་གཏོང་བྱས་པ་ཡིན་ཟེར།

གཉིས་པ།
༡༩༨༨ ལོའི་ལོ་མཇུག་ལ་ང་རྒྱ་གར་ལ་འབྱོར་ནས་ཡུན་རིང་མ་སོང་བར་མགོན་པོ་ཚེ་རིང་ལགས་དང་། ཆབ་བྲག་ལྷ་མོ་སྐྱབས། མགོན་པོ་ཚེ་རིང་ལགས་ཀྱི་ཚ་བོ་བླ་མ་སྐྱབས་(དེང་སང་དབྱིན་ལན་ལོན་ཏྲོན་ན་བོད་རིག་པའི་འབུམ་རམས་པ་དེ་)དང་ཁོང་ཚོ་སྐོར་ཞིག་འབྱོར་སོང་། ཁོང་ཚོ་རྒྱ་གར་ལ་ཡོང་བའི་ལམ་དུ་ལྷ་སར་སྒོར་མོ་ཚར་ནས་ལྷ་སའི་ཁྲོམ་ལ་ཤེལ་དམ་གྱི་སྐེ་ལ་ལྕགས་ཀྱི་ཨ་ལོང་གཡུག་འཕེན་བྱེད་པའི་རྒྱན་རྩེད་ལྟ་བུ་ཞིག་བཤམ་ནས་སྒོར་མོ་མང་པོ་ཐོབ་ཀྱང་། དེ་ཡང་ཤོར་བར་གྱུར་བའི་སྒྲུང་སྙན་མོ་ཞིག་བཤད་རྒྱུ་ཡོད།

ང་ཚོ་རྒྱ་གར་ལ་འབྱོར་མ་ཐག་དོ་སྣང་ཞིག་བྱུང་བ་ནི་རྡ་རམ་ས་ལ་ན་བོད་ཡིག་གི་དུས་དེབ་དང་ཚགས་པར་དཀོན་པ་དེ་རེད། དེ་དུས་ང་ཚོ་སྐོར་ཞིག་རྡ་རམ་ས་ལའི་སྣེ་ལེན་ཁང་གི་རྒྱབ་རིའི་སྟེང་ལ་འཛོམས་ནས་དེའི་སྐོར་ཁ་བརྡ་བྱས་པ་ཡིན། དེའི་གྲས་ན་དེ་དུས་གསར་དུ་འབྱོར་བའི་ཨ་མདོའི་མི་མང་པོ་ཞིག་ཡོད། མགོན་པོ་ཚེ་རིང་ཁོ་རང་དང་། ལྷ་མོ་སྐྱབས། ཨེ་ཤར་ཡ་རྒྱང་བསྒྲགས་ཁང་གི་དཔལ་ལྡན་རྒྱལ། སྤྱི་ཟུར་གདུགས་དཀར་ཚེ་རིང་སོགས་ཡིན། དེ་དུས་ང་ཚོས་བོད་ཡིག་གི་དུས་དེབ་དང་ཚགས་པར་མང་ཙམ་དགོས་ཀྱི་འདུག་པའི་ཚོར་བའི་ཐོག་ནས་ཁ་བརྡ་དེ་བྱས་པ་མ་གཏོགས། ང་ཚོ་རང་ནས་དུས་དེབ་དང་ཚགས་པར་འདོན་རྒྱུའི་འཆར་གཞི་ལ་ཁ་བརྡ་བྱེད་རྩིས་མེད། ང་ཚོ་ཚང་མ་གསར་དུ་འབྱོར་ཡིན་སྟབས་རྡ་རམ་ས་ལ་ནི་མི་ཆ་མེད་དང་ས་རྒྱུས་མེད་རེད། ང་ཚོ་རང་གིས་ཅི་ཞིག་བསྒྲུབ་ཐུབ་པ་དང་མི་ཐུབ་པ་ལ་གདེང་ཚོད་ཅི་ཡང་ཡོད་པ་མ་རེད། དེ་ཡང་ང་ལ་མཚོན་ན་གཙོ་བོ་འགྲོ་སོང་དང་རྩོམ་ཡིག་གི་ཡོང་ཁུངས་གཉིས་ཀྱི་གདེང་ཚོད་གཏན་ནས་མི་འདུག ཡིན་ན་ཡང་ང་ཚོས་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ང་ལ་རྩོམ་ཡིག་གིས་རང་ཁ་སོས་པའི་ཚོར་བ་ཞིག་སྐྱེས། ཚོར་བ་དེ་སྟེར་མཁན་གཙོ་བོ་ལྷ་མོ་སྐྱབས་དང་མགོན་པོ་ཚེ་རིང་ལགས་གཉིས་ཡིན། དྲང་མོར་བཤད་ན། འདིའི་སྔོན་ལ་ངས་ཁོ་གཉིས་ཀའི་རྩོམ་བཀླགས་མ་མྱོང་། ཁོ་གཉིས་ལ་དེ་འདྲའི་གདེང་ཚོད་ཅིག་ཇི་ལྟར་ཡོད་པ་ཡིན་ནམ་སྙམ། དེ་དང་མཉམ་དུ་ཡིད་ཆེས་ཀྱང་ཅུང་ཙམ་སླེབས། ཁོ་གཉིས་ཀ་མི་འཇོན་འཇོན་མདོག་དང་མི་ཤེས་ཤེས་མདོག་བྱེད་མཁན་ནི་གཏན་ནས་མ་རེད། དེའི་ཐོག་ལ་ང་ཚོའི་གྲོགས་པོ་གཞན་པ་མང་པོས་ཀྱང་རྩོམ་གྱི་དཀའ་ངལ་འཕྲད་ཀྱི་མིན་པར་ཡིད་ཆེས་བྱེད་ཀྱི་འདུག

ངས་ང་ཚོའི་བསམ་ཚུལ་དེ་ཡབ་གཞིས་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་ལ་ཞུས་པ་ཡིན། ཁོང་གིས་བསམ་ཚུལ་དེ་ལ་ཧ་ཅང་ཐུགས་དགྱེས་པོ་གནང་ཞིང་། འཆར་གཞིར་བྲིས་ནས་བཀའ་ཤག་ལ་འབུལ་དགོས་པ་རེད་གསུངས། ངས་འཆར་གཞི་དེ་བྲིས་ཀིན་བྲིས་ཀིན་དྲུང་ཡིག་ལགས་ལ་བསྟན་གྱིན་བསྟན་གྱིན་བྱས། མཐར་ཐུག་དུས་དེབ་རྩོམ་སྒྲིག་ཁང་དེ་ལས་ཁུངས་ཤིག་གི་ངོ་བོ་ལྟ་བུ་ཞིག་ལ་གྱུར། འཆར་གཞི་དེ་ཧ་ཅང་ཞིབ་པས་སྒེའུ་ཁུང་གི་སྒེའུ་ཡོལ་ཅི་ཙམ་དགོས་པ་ཡང་བྲིས་ཡོད་པ་འདྲ་ཞིག་དྲན་གྱི་འདུག ཡིན་ན་ཡང་འཆར་གཞི་དེ་བཀའ་ཤག་ནས་མོས་མཐུན་གནང་ཡོད་པ་མ་རེད།

རྗེས་སུ་ལྟག་མཚེར་རིན་པོ་སྐུ་སྒེར་ནས་རྒྱབ་སྐྱོར་གནང་ནས་རྩོམ་རིག་གི་དུས་དེབ་ལྗང་གཞོན་འགོ་བཙུགས་པ་རེད། འགོ་མ་བཙུགས་སྔོན་ལ་ང་ཚོས་རྩོམ་ཡིག་གིས་དུས་དེབ་ཀྱི་ཁ་གང་ཐུབ་མིན་ལ་སེམས་ཁྲལ་བྱས། དངོས་སུ་འགོ་འཛུགས་དུས་ངས་སེམས་ཁྲལ་དེ་ནི་ནོར་འཁྲུལ་ཡིན་པ་ཤེས། བོད་ནང་གི་དུས་དེབ་དང་བསྡུར་ན་ང་ཚོའི་རྩོམ་གྲངས་ཉུང་ན་ཡང་ལོ་གཅིག་ལ་དུས་དེབ་འདོན་ཐེངས་རེ་ཟུང་གི་ཁ་གང་བ་ལ་དཀའ་ངལ་མི་འདུག མགོན་པོ་ཚེ་རིང་གིས་གཙོས་པའི་ཁོ་ཚོ་ཁ་ཤས་ཀྱི་རྩོམ་ནི་བོད་ནང་གི་དུས་དེབ་ལ་བཀོད་ན་ཡང་སྤུས་ལེགས་ཀྱི་གྲས་ཡིན་པའི་ཚོར་བ་སྐྱེས། ང་རང་ད་བར་རྩོམ་རིག་ལ་དོ་སྣང་ཅན་ཞིག་ཡིན་པའི་ཆ་ནས་མགོན་པོ་ཚེ་རིང་གི་རྩོམ་ཀློག་རྒྱུ་མ་བྱུང་བ་དེ་ལ་ཡ་མཚར་སྐྱེས། ང་ལ་མི་རྣམས་གྲགས་པའི་རྗེས་སུ་རྒྱུགས་རྒྱུར་དགའ་བ་དེས་དོན་དངོས་སྐོར་ཞིག་མཐོང་གི་མེད་པའི་ཚོར་བ་ཡང་སྐྱེས། མགོན་པོ་ཚེ་རིང་གི་རྩོམ་རྣམས་རིམ་བཞིན་བཀླགས་ཏེ་ཁོའི་རྩོམ་རྣམས་་ཚིག་གིས་ཚིག་འདྲེན་པའི་རྩོམ་མ་ཡིན་པར་ཚིག་གིས་དོན་འདྲེན་པའི་རྩོམ་ཡིན་ལ། ཁོས་ཅི་ཞིག་འབྲི་ན་ཤེས་ཐག་ཆོད་ནས་འབྲི་བ་ལས་ཤེས་མ་ཤེས་ཀྱི་བར་ནས་མི་འབྲི་བ་དང་། ཚོར་བ་གསལ་པོ་ཞིག་གི་ངང་ནས་འབྲི་བ་མ་གཏོགས་ཚོར་བ་མེད་པ་པའམ་མོག་མོག་གི་ངང་ནས་མི་འབྲི་བ་བཅས་ཀྱི་ཡོན་ཏན་ཡོད་པ་མཐོང་། ཁོའི་རྩོམ་རྣམས་ལས་རང་སྒྲོག་དང་ཀླན་ཀ་འཚོལ་བའི་ཚིག་ཟུར་ཙམ་ཡང་མཐོང་རྒྱུ་མེད་ལ། སྔ་ཕྱི་འགལ་བར་གྱུར་བའི་རིགས་ཀྱང་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན། ཁོ་ལ་རྒྱུས་ཡོད་པ་ཞིག་གིས་བལྟས་ན་རྩོམ་གཤིས་འདི་དག་ནི་ཁོའི་རང་གཤིས་དང་འབྲེལ་ནས་ཡོད་ལ། ངས་ཁོས་རང་སེམས་དང་འགལ་བའི་རྩོམ་མི་འབྲི། ཁོ་རང་ཉིད་ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གོང་བུ་ལྟ་བུ་ཞིག་ཡིན་པའི་གཤིས་ཀ་དེ་ཁོའི་རྩོམ་གྱི་ནང་ལ་སིམ་ཡོད་པའི་ཚོར་བ་སྟེར།

གསུམ་པ།

རྡ་རམ་ས་ལར་མགོན་པོ་ཚེ་རིང་གིས་ལས་ཀ་བྱེད་བཞིན་པའི་པར་ཞིག མགོན་ཚེ་ནི་རྒྱབ་མཐའ་ན་བཞུགས།

མགོན་པོ་ཚེ་རིང་ལགས་རྒྱ་གར་ལ་སླེབས་ནས་ཡུན་རིང་མ་འགོར་བར་སིམ་ལ་དེ་འདྲ་ཞིག་ལ་དགེ་རྒན་དུ་སོང་། ཡིན་ན་ཡང་དེར་ཡུན་རིང་འདུག་མ་ཐུབ། དེ་དུས་ང་ཚོ་མང་པོར་རྒྱ་གར་དུ་སྡོད་ཆོག་པའི་ཨར་སེ་ཟེར་བའི་ཡི་གེ་ཡོད་པ་མ་རེད། སྦིར་དང་རྡ་རམ་ས་ལ་ལྟ་བུ་ན་ཨར་སེ་མེད་མཁན་མང་ཡང་དེ་ལ་གོམས་ནས་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་དེ་འདྲའི་དོ་སྣང་བྱེད་ཀྱི་མེད་པ་འདྲ། ཡིན་ན་ཡང་གསར་འབྱོར་ཉུང་བའི་ས་ཆ་ན་དེ་ལ་རྒྱ་གར་གྱི་བདེ་སྲུང་ལས་ཁུངས་ཀྱིས་དོ་སྣང་བྱ་ཡུལ་དུ་འགྱུར་གྱི་ཡོད་པ་འདྲ། མགོན་པ་ཚེ་རིང་ལགས་ཀྱིས་དགེ་རྒན་གནང་ས་དེར་ཁོ་ལ་ཨར་སེ་མེད་པ་ཤེས་ནས་ཁོང་འཛིན་གྲབས་ཡོད་པའི་སྐབས་ཤིག་ལ་ཁོང་རྡ་རམ་ས་ལ་ལར་བྲོས་ནས་ཡོང་། ཉིན་ཞིག་མགོན་ཚེ་ནས་ང་ཚོ་སྐོར་ཞིག་དང་མཉམ་དུ་གངས་སྐྱིད་སྤྱི་ཐབ་ཏུ་དྲོས་ཇ་འཐུང་བཞིན་པའི་སྐབས་ལ་ཁོ་འཚོལ་མཁན་གྱི་རྒྱ་གར་གྱི་བདེ་སྲུང་ཡོང་གི་འདུག་ཟེར་ནས་ཟ་མ་ཟ་མཚམས་ཅམ་འཇོག་གིས་ངེད་གཉིས་ངའི་ལས་ཤག་ཏུ་བྲོས་ནས་ཡིབ་དགོས་བྱུང་། དེ་ནས་མགོན་ཚེ་ལ་རྡ་རམ་ས་ལར་བསྡད་ན་ཡང་བདེ་འཇགས་མིན་ཞིང་། དེ་བས་སྦིར་སློབ་གྲྭར་བསྡད་ན་དེར་ཨར་སེ་མེད་མཁན་རྡ་རམ་ས་ལ་ལས་ཀྱང་མང་བས། ཁོ་གཅིག་པོ་ལ་དེ་འདྲའི་དོ་སྣང་ཆེན་པོ་མི་ཡོང་བར་ཆ་འཇོག་གིས་ཤེས་རིག་ལས་ཁུངས་ནས་ཁོང་སྦིར་ལ་བཏང་ནས་དེར་དགེ་རྒན་གྱི་ལས་ཀ་བྱས།

མགོན་པོ་ཚེ་རིང་དང་ཕྲན་རྩོམ་པ་པོ་གཉིས་ཤག་ཏུ་ཡོད་པ།

༩༢ ལོ་ལ་ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་དངོས་སུ་ཚུགས། ང་ཡང་དེ་འཛུགས་མཁན་དང་དེའི་འགན་འཛིན་གྱི་གྲས་གཅིག་ཡིན། དེ་སྔ་ང་ཚོ་གྲོགས་པོ་སྐོར་ཞིག་གིས་གཉེར་བཞིན་པའི་དམངས་གཙོ་ཚགས་པར་དང་ལྗང་གཞོན་ཞེས་པའི་རྩོམ་རིག་དུས་དེབ་དེ་གཉིས་ཀྱང་ཨ་མྱེས་རྨ་ཆེན་ལ་ཟླ་སྒྲིལ་བཏང་། དེ་དུས་ངའི་ལས་རྒྱ་ཇེ་ཆེར་སོང་སྟེ་དམངས་གཙོ་དང་ལྗང་གཞོན་གཉིས་གཅིག་པོ་གཙོ་གནད་དུ་འཛིན་ཐུབ་ཀྱི་མེད་སྟབས།། བོད་ཡིག་གི་རྐང་འཛིན་མཁན་ཞིག་དགོས་ཀྱི་ཡོད་པ་ང་ཚོས་སྦིར་སློབ་ཀྱི་དགེ་རྒན་ཡིན་པའི་མགོན་ཚེ་གདན་འདྲེན་ཞུས། དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་སྔ་ཕྱིར་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་ལགས་གཉིས་ནས་ཁུར་གྱི་ཡོད་ན་ཡང་བོད་ཡིག་གི་མ་རྩོམ་འབྲི་རྒྱུ་ངས་འགན་བླངས་ཡོད། ཁོང་གཉིས་གཙོ་བྱས་ནས་ང་ཚོས་ཚགས་པར་འདོན་ཐེངས་རེའི་ནང་དོན་གཏན་ལ་ཕབ་རྗེས་ངས་མ་རྩོམ་འབྲི་གི་ཡོད། དེ་དུས་གློག་ཀླད་རྡ་རམ་ས་ལར་ཁྱབ་བརྡལ་དུ་འགྲོ་འགོ་ཚུགས་ཙམ་ཡིན། ང་ད་དུང་གློག་ཀླད་ལ་གོམས་མེད་སྟབས་གློག་ཀླད་ཐོག་ལ་འབྲི་བ་ལས་ཤོག་ཐོག་ལ་བྲིས་ན་མགྱོགས་པ་ཡོད། ངས་ཤོག་ཐོག་ལ་བྲིས་པ་མགོན་ཚེ་ནས་གློག་ཀླད་ལ་འཇུག་གི་ཡོད།

སྐབས་དེར་དམངས་གཙོ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་གྲགས་ཆེན་གྱི་ཚགས་པར་གཅིག་པོ་ཡིན། དེ་ལྟར་ཡིན་དོན་ནི་ཚགས་པར་ནང་དོན་སྣ་འཛོམས་དང་སྐབས་དོན་ལ་རྣོ་བ་བཅས་ཀྱིས་ཡིན་ཏེ། དེའི་རྗོད་བདེ་བ་དང་གོ་བདེ་བ་ཡང་རྒྱུ་མཚན་གཙོ་བོ་གཅིག་ཡིན། དེ་ལ་མགོན་པོ་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐོན་ཡོད། ཁོས་ངས་ཤོག་ཐོག་ཏུ་བྲིས་པ་གློག་ཀླད་དུ་འཇུག་པ་གཅིག་པོ་མ་ཡིན་པར། ཚིག་སྦྱོར་དང་དག་ཆ་རྣམས་ལ་ཡང་སྟངས་འཛིན་བྱེད་ཀྱི་ཡོད་ཅིང་། གོ་བདེ་བ་དང་རྗོད་བདེ་བའི་ཐོག་ལ་ཁོས་དུས་ཚོད་མང་པོ་གཏོང་། མཚམས་མཚམས་ལ་རྗོད་ངག་གཅིག་གི་ཚིག་སྦྱོར་ལ་ངེད་གཉིས་ཀྱི་འདོད་པ་གཉིས་ཡོང་ནས་རྩོད་པ་རྒྱག་དགོས་པའི་སྐབས་ཡོང་གི་ཡོད། རྩོད་པ་རྒྱག་དུས་མང་ཆེ་བ་ང་ཕམ་པར་འགྱུར། ཁོ་ལ་བརྡ་སྤྲོད་ཀྱི་ཐོག་ན་ཁུངས་འདེད་ཀྱི་ཡོད་པའི་ཐོག་ལ་རྩོད་པ་རྒྱག་རྒྱུར་ཐང་ཆད་རྒྱུ་མེད། ངས་དེ་གཉིས་ཀ་ཁོ་ལ་འགྲན་ཐབས་མེད།

དེ་དུས་མགོན་ཚེ་ནས་ང་ཚགས་རྩོམ་བྲིས་ནས་མགྱོགས་པ་ལ་ཡ་མཚར་གྱི་ཡོད། ཁོས་ངོ་བཤུས་རྒྱག་རྒྱུ་དེ་ངས་རྩོམ་བྲིས་པའི་རྗེས་ཟིན་གྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ངོ་མ་བཤད་ན་ང་མགྱོགས་པ་གཅིག་པོ་མ་རེད། ཁོ་རང་ཡང་ད་དུང་གློག་ཀླད་ལ་བྱང་གོམས་མིན་པའི་ཁར་ངའི་ཚིག་སྦྱོར་དང་དག་ཆ་ལ་ཡང་ཞུས་དག་གཏོང་གི་ཡོད་པ་རེད། ཁོས་རྩོམ་འཇུག་བྱེད་སྐབས་གློག་ཀླད་ཀྱི་ཐོག་ལ་རྣམ་རིག་བསྒྲིམས་ནས་ཁོའི་གདོང་དང་གློག་ཀླད་ཀྱི་ཤེལ་ངོས་གཉིས་ཀྱི་བར་ཐག་ཧ་ཅང་ཉེ་ན་སྐབས་འགར་ཐུག་ལ་ཁད་ཡོད། དེ་དུས་ཚགས་པར་གྱི་ཇུས་འགོད་པ་སུའི་སི་ནས་ཡོང་བའི་ཕི་ཊིར་ཟེར་བ་ཞིག་ཡིན། ཁོས་གློག་ཀླད་ནི་མགོན་ཚེ་ཡི་དགའ་རོགས་རེད་ཟེར་ཞིང་། ཁོས་མགོན་ཚེ་མཐོང་སྐབས་སྐེ་མདུན་ལ་སྲིང་ཞིང་། གྲུ་མོ་གཉིས་ཕྱི་ལ་བརྐྱངས། མཛུབ་མོ་རྣམས་བྲང་ཁར་ཀྲབ་ཀྲབ་བྱས་ནས་མགོན་ཚེ་ཡིས་གློག་ཀླད་སྟེང་ན་ལས་བྱེད་སྐབས་ཀྱི་ལུས་ཉམས་དགོད་བྲོ་བོ་ཞིག་སྟོན་རྒྱུ་ཡོད། ཐོག་མའི་དུས་སུ་དེ་མཐོང་སྐབས་མགོན་པོ་རང་ཡང་གད་མོ་ཤོར་ནས་མིག་ཆུ་ཡང་ཐོན་མྱོང་། ཁོའི་སྟེང་གི་དགོད་བྲོ་བོ་རྣམས་ཁོ་རང་ལ་བརྗོད་ན། ཁོའི་སྨིན་མ་སྟུག་པོའི་འོག་གི་མིག་གཉིས་ལ་འཛུམ་འོད་འཚེར་ཞིང་། ཁོས་དེའི་ཐོག་ལ་ཁ་སྣོན་བྱས་ནས་གད་མོ་སློང་བར་འགྱུར།

༡༩༩༤ ལོར་ང་ཨ་རི་ལ་ཡོང་རྗེས་ཁོས་དམངས་གཙོ་ཚགས་པར་ལ་འཁུར་བའི་འགན་ཇེ་ལྗིད་ལ་སོང་ནས་ཕལ་ཆེར་བོད་ཡིག་གི་སྟངས་འཛིན་ཁོས་བྱས་ཡོད་པ་འདྲ། དམངས་གཙོ་ཚགས་པར་སྤྱི་ཚོགས་ནང་ལ་རྐང་ཚུགས་པར་མགོན་པོ་ནས་ནུས་པ་ཆེན་པོ་ཐོན་ཡོད་ལ། ཁོ་དེ་ལ་རྩིས་ཐང་ཡང་ཆེན་པོ་ཡོད། ༡༩༩༦ ལོར་ཨ་མྱེས་རྨ་ཆེན་ཚང་གིས་དམངས་གཙོ་ཚགས་པར་སྒོ་རྒྱག་དུས་མགོན་པོ་ལ་བློ་ཕམ་ཆེན་པོ་བྱུང་བའི་རྩོམ་ཞིག་གཉན་ཆེན་ཐང་ལྷའི་ཚགས་པར་སྟེང་ལ་བཀོད་ཡོད།

མགོན་པོ་ཚེ་རིང་དང་ང་ཚོ་གྲོགས་པོ་རྣམས་ལྷན་དུ།

བཞི་པ།

རྩོམ་རིག་གི་དུས་དེབ་ལྗང་གཞོན་ནི་ཨ་མྱེས་རྨ་ཆེན་ཚང་ལ་ཟླ་སྒྲིལ་མ་བྱས་སྔོན་ལ་ལས་ཀ་མང་ཆེ་བ་དཔལ་ལྡན་ལགས་ཀྱིས་སྒྲུབ་ཀྱི་ཡོད། ཨ་མྱེས་རྨ་ཆེན་ཚང་ལ་ཟླ་སྒྲིལ་བཏང་རྗེས་ངས་རྩོམ་སྒྲིག་པའི་མིང་ཁུར་ཡོད་པ་མ་གཏོགས་དོན་གྱིས་རྩོམ་སྒྲིག་པ་མགོན་པོ་ཁོ་རང་ཡིན། རྩོམ་པ་པོ་ལ་འབྲེལ་གཏུགས་དང་། རྩོམ་ཡིག་འདེམས་རྒྱུ། བདམས་པའི་རྩོམ་ཡིག་རྣམས་གློག་ཀླད་ལ་འཇུག་རྒྱུ་དང་ཞུས་དག་གཏོང་རྒྱུའི་ལས་ཀ་མང་ཆེ་བ་ཁོ་རང་གིས་བྱེད་ཀྱི་ཡོད། ངས་མཐའ་མར་པར་སྐྲུན་གྱི་ཆོག་མཆན་སྟེར་རྒྱུ་ཙམ་ཡིན། ང་ཨ་རི་ལ་ཡོང་རྗེས་ཁོའི་འགན་ཁུར་ཇེ་ཡང་དུ་མི་འགྲོ་བ་ནི་སྨོས་མ་དགོས་པ་རེད།

(མགོན་ཚེ། ཨ་རིའི་བོད་སྐད་རྒྱང་བསྒྲགས་ཁང་གི་རྡོ་རྗེ་ཚེ་བརྟན། སྨན་པ་་གཡང་འབུམ་རྒྱལ། ང་བཅས་ངའི་ཤག་ཏུ།)

དེ་དུས་ལྗང་གཞོན་དང་དམངས་གཙོ་ཚགས་པར་གཉིས་ལས་དམངས་གཙོ་ཚགས་པར་ལ་ལས་ཚེགས་ཆེ་ཞིང་ལས་ཀའི་གནོན་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡིན། དེ་འདྲ་ཡིན་ན་ཡང་མ་རྩོམ་མ་ཐོན་སྔོན་གྱི་རྩོམ་སྒྲིག་གི་ལས་རིམ་ན་ལྷ་བཟང་ཚེ་རིང་ལགས་དང་། འཇམ་དབྱངས་ནོར་བུ་ལགས། ང་ཚོ་གསུམ་གྱི་ཐོག་ལ་མཚམས་མཚམས་ལ་བཀྲ་ཤིས་ཚེ་རིང་བཅས་ཀྱིས་ནང་དོན་གཏན་འབེབས་དང་། གནས་ཚུལ་འཚོལ་སྒྲིག རྩོམ་གདན་འབྲི་བ་དང་ཡིག་སྒྱུར་བྱེད་པ་སོགས་བྱེད་ཀྱི་ཡོད་པས་ལས་རིམ་དེའི་གནོན་ཤུགས་མི་དུ་མའི་ཐོག་ལ་འབབ་ཀྱི་ཡོད། ཡིན་ན་ཡང་དེ་དག་ཚང་མ་བོད་ཡིག་གི་ལམ་ནས་གློག་ཀླད་དུ་འཇུག་པ་དང་ཞུས་དག་གཏོང་བའི་འགན་གཙོ་བོ་མགོན་པོ་ཚེ་རིང་གིས་ཁུར་ཡོད་སྟབས་ལས་ཀའི་མཐར་ཐུག་གནོན་ཤུགས་དེ་ཁོ་གཅིག་པོའི་ཐོག་ལ་འབབ་ཀྱི་ཡོད། ལས་ཀའི་གནོན་ཤུགས་ཇི་ལྟར་ཆེ་ན་ཡང་མགོན་པོ་ལགས་འཚུབ་ཆ་ལངས་རྒྱུ་དང་། ལས་ཚིག་ཟ་རྒྱུ། སླ་ཆོས་བྱེད་རྒྱུ་སོགས་ཁོའི་གཤིས་ཀའི་ནང་ན་མེད་སྟབས། ཁོ་རང་གི་སྒེར་གྱི་དུས་ཚོད་གང་མང་བློས་གཏོང་གི་ཡོད། དགོང་མོར་འཕྱི་བོར་འདུག་པ། གཟའ་སྤེན་པ་ཉི་མ་བློས་གཏོང་རྒྱུ་ནི་ང་ཚོ་དང་ལྷག་པར་དུ་མགོན་པོ་ལགས་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན། ལས་ཀ་གང་ཞིག་ཚར་བའི་རྗེས་ལ་བྱས་ཡུས་བརྗོད་རྒྱུ་དང་བྱས་ངོམ་བྱེད་རྒྱུ་ཡང་ཡོད་པ་མ་རེད།

ཚགས་པར་འདོན་ཐེངས་ཤིག་གི་མ་རྩོམ་ཐོན་རྗེས་ཕི་ཊིར་དང་མགོན་པོ་གཉིས་ནས་ཕན་ཚུན་ལ་འབྲེལ་གཏུགས་གང་མང་བྱེད་དགོས། ཁོ་གཉིས་ནས་ཐོག་མའི་དུས་སུ་གཅིག་གིས་བོད་སྐད་མི་ཤེས། གཅིག་གིས་དབྱིན་སྐད་ཡག་པོ་མི་ཤེས་པར་གོ་བརྡ་འཕྲོད་ཁག་པོ་ཡོད། རིམ་གྱིས་ཁོ་གཉིས་ནས་ཕན་ཚུན་གོ་བརྡ་འཕྲོད་ཐབས་རྙེད་འདུག་ལ། མགོན་པོའི་དབྱིན་ཇི་འབྲོག་གདངས་མ་དེ་ཕི་ཊིར་གྱིས་གོ་བ་ལེན་ཐུབ་ཀྱི་ཡོད། ཕི་ཊིར་གྱིས་ཤོག་ངོས་ཇུས་འགོད་ཀྱི་སྐབས་སུ་ཤོག་ངོས་སུ་མ་ཤོང་བ་དང་ཤོག་ངོས་ལྷག་པའི་སྐབས། ཡིག་དུམ་ཞིག་གནས་སྤོར་བ་སོགས་ཀྱི་སྐབས་སུ་མགོན་པོ་འཚོལ་དགོས་ཤིང་། སྐབས་ལ་ལར་ཁོས་མགོན་པོ་འཚོལ་སྐབས་མིང་གིས་མི་འབོད་པར། སྐེ་མདུན་ལ་སྲིང་ཞིང་། གྲུ་མོ་གཉིས་རྒྱབ་ལ་འབུར། མཛུབ་མོ་རྣམས་བྲང་ཁ་ལ་ཀྲབ་ཀྲབ་བྱེད་བཞིན་ཁང་མིག་རེ་རེར་སོང་ནས་མི་རྣམས་ཀྱི་གདོང་ལ་བལྟ། ནང་དོན་ནི་ཁྱེད་ཀྱིས་མགོན་པོ་མཐོང་སོང་ངམ་ཞེས་པའི་དོན་ཡིན།

མགོན་ཚེ་ཡི་སྤྱོད་ལམ་རྣམས་ལ་བཅོས་མ་མེད་སྟབས་མཚམས་མཚམས་ལ་སྤྱོད་ལམ་དེ་དག་དགོད་བྲོ་བོའི་གནས་སུ་ཡང་འགྱུར་གྱི་ཡོད། གཟའ་ཉི་མའི་ཉིན་ཞིག་ཡིན། ང་ཁོའི་སྡོད་ཤག་ཏུ་སོང་བ་ཡིན། ཁོ་སྡོད་ས་ནི་རྒྱ་གར་གྱི་ཁྱིམ་ཚང་ཞིག་གི་ཁང་མིག་ཅིག་ཡིན། ངས་སྒོ་བརྡུང་བ་ཡིན། ཨ་ལན་སྟེར་ཡང་སྒོ་ཕྱེ་མ་སོང་། ང་ནང་ལ་འཛུལ་བ་ཡིན། ནང་ན་མི་མི་འདུག ངས་ཁང་མིག་དེའི་ནང་ལ་ཡར་མར་བལྟས་པར་ཁོའི་བྱིན་པ་གཉིས་ཉལ་ཁྲིའི་འོག་ནས་མཐོང་སོང་། ང་ཅུང་ཙམ་སྐྲག་ནས་ཨ་རོ་མགོན་པོ་ཞེས་བོས་པ་ཡིན། ཁོས་ “ཁྱོད་སྡོད་དང་། མལ་ཁྲིའི་འོག་ཏུ་དུད་སྣེ་ཞིག་ཞིག་ཡོད་ངས་མཐོང་སོང་།”ཟེར་ནས་ཁོ་ཉལ་ཁྲིའི་འོག་ནས་གྲགས་ཡོང་གི་འདུག ཡིན་པ་ནི་ཁོ་ལ་ཐ་མ་ཚར་ནས་ཐ་སྐྱོ་ལངས་ནས་དུད་སྣེ་འཚོལ་གྱི་ཡོད་པ་རེད། ངས་མཐོང་སྣང་འདི་བཟུང་ནས་ངས་སྒྲུང་ཐུང་ཞིག་འབྲི་འགོ་བརྩམས་ཀྱང་སྒྲུང་མཇུག་མ་འཁྱོངས། སྒྲུང་གི་ནང་དུ་ཉལ་ཁྲིའི་འོག་ནས་མངོན་པའི་ཁོའི་བྱིན་པ་ཡ་གཅིག་གི་ཐོག་ན་རྨ་ཤུལ་ཞིག་ཡོད་ཅིང་། དེ་ནི་ཁོ་ཕ་ཡུལ་ན་ཡོད་དུས་དགོང་མོ་ཞིག་ལ་དགའ་རོགས་འཚོལ་དུ་སོང་ནས་ཁྱིས་རྨུག་པའི་གནས་ཚུལ་ཞིག་རྟོག་བཟོ་བྱས་ནས་དགའ་རོགས་དེ་དང་ཁོ་གཉིས་ཀྱི་བར་གྱི་འབྲེལ་བའི་བྱུང་རིམ་ཞིག་ཡིན། མགོན་པོས་དེ་ཀློག་ནས་ཁོ་ཁྱི་ཁ་འགོག་པ་ལ་བྱང་གོམས་མེད་དེ་དཀའ་ངལ་ཅུང་ཙམ་མང་པོ་འཕྲད་མྱོང་ཟེར།

(ང་དང་། མགོན་ཚེ། མགོན་ཚེ་ཡི་ཚེ་གྲོགས་པད་མ་ཁང་གསར་ལགས་བཅས་ངའི་ཤག་ཏུ།)

འདིར་བཀོད་པའི་འདྲ་པར་ལས་མགོ་ལ་སྐེ་རགས་དམར་པོ་དཀྲིས་པ་མཐོང་ན་ཡང་དགོང་མོ་དེར་ང་ཚོའི་གྲོགས་པོ་སྐོར་ཞིག་ཕོ་བ་སྐྱོར་ནས་མགོན་པོ་ཡིས་གད་མོ་བསླངས་པ་ཞིག་ཡིད་པ་ཤར་ཡོང་འདུག དགོང་མོ་དེར་ཕྱི་རྒྱལ་བ་ཞིག་གིས་ང་ཚོ་རེ་རེ་ལ་ལག་རྟགས་རེ་བྱིན་ཅིང་མགོན་པོའི་མགོ་ན་ཡོད་པའི་སྐེ་རགས་དེ་ཁོ་ལ་བྱིན་པའི་ལག་རྟགས་རེད། ཁོང་ཆང་གིས་ཅུང་ཙམ་བཟི་ཡང་འདུག ཁོའི་འཁྲིས་ན་ཡོད་པའི་ཁོའི་དགའ་རོགས་པད་མ་ཁང་གསར་ལགས་དང་གྲོགས་པོ་གཞན་པ་རྣམས་ཀྱིས་ཁོ་ལ་གླུ་དབྱངས་ཤིག་ལེན་དགོས་ཟེར་ན་ཨུ་ཚུགས་བརྒྱབ་སོང་། ཁོས་ལེན་ན་འདོད་ཀྱང་ལེན་རྒྱུ་ཞིག་ངོ་མ་སེམས་ལ་མ་འཁོར་ནས་ “གཟའ་རོ། ད་ཅི་ཞིག་ལེན་དགོས་རེད། ག་རེ།”ཟེར་ནས་མིག་གཉིས་ཡང་ཡང་གནམ་ལ་འཁོར་གྱི་འདུག དེ་དུས་ངའི་སེམས་ལ་ཅིག་དྲན་སོང་། ང་སྔོན་མ་ཁོའི་ཕ་ཡུལ་འབྲོག་ཁུལ་དུ་བསྡད་མྱོང་བ་རེད། དེ་ན་དབྱར་མགོ་ལ་འབྲོག་པ་རྣམས་ཀྱིས་ཕྱིང་བ་འཇོག་ཅིང་། ཕྱིང་བ་སྒྲིལ་སྒྲིལ་བྱེད་སྐབས་སྒྲིལ་མཁན་རྣམས་ཀྱི་འཁྲིས་ལ་རྡེའུ་བཅུ་གྲངས་ཤིག་བཞག་ནས་སོག་སྐད་ཀྱིས་ “ཛོ་ནེ་ནི་གེ། ཛོ་ནེ་དོ་ལོང་། ཛོ་ནེ་ཧོ་ཡོ་”ཟེར་ནས་དབྱངས་ལ་འཐེན་ནས་ཕྱིང་བ་སྒྲིལ་བའི་གྲངས་ཀ་བགྲང་རྒྱུ་ཞིག་ཡོད། གྲངས་ཀ་གང་འཚམས་རེ་བགྲང་རྗེས་རྡེའུ་རེ་ལོགས་སུ་འདོན་པར་བྱེད། ངའི་སེམས་ལ་དེ་འཁོར་ནས་ཁ་ནས་རང་བཞིན་གྱིས་་ “ཛོ་ནེ་ནི་གེ”ཞེས་དབྱངས་ལྟ་བུ་ཞིག་ཤོར་སོང་། ཁོས་དེ་ཐོས་མ་ཐག་ “ཛོ་ནེ་དོ་ལོང་། ཛོ་ནེ་ཧོ་ཡོ་…”ཟེར་ནས་ངའི་ཁ་འཕྲོག་སོང་། དབྱངས་དེ་འཐེན་བཞིན་དུ་ཅོག་ཙེའི་ཐོག་ན་ཡོད་པའི་ཨ་ཅོར་ཞིག་ཕྱིང་བུ་ཞིག་ཡིན་པའི་ཚུལ་གྱིས་སྒྲིལ་སོང་། དེ་སྒྲིལ་གིན་སྒྲིལ་གིན་ཁོའི་སྐད་མགོ་ཇེ་མཐོར་སོང་ཞིང་། ཁོའི་བྲང་ཁ་ནས་སྐེ་རགས་ཀྱི་སྣེ་འཛར་ཕར་ཡོ་ཚུར་ཡོ་བྱེད། ཁོའི་གདོང་ན་འཛུམ་མདངས་མེད། མིག་གཉིས་ལག་འོག་གི་ “ཕྱིང་བུ་”ལ་ལ་གཏད། གྲོགས་པ་རྣམས་ཀྱིས་དེ་མཐོང་ནས་གད་མོ་ཤོར། ཁ་ཤས་ཀྱིས་མིག་ཆུ་འབྱིད་ཞོར་དུ་དགོད། ཁ་ཤས་ཀྱིས་ཕོ་བ་སྐྱོར་ནས་དགོད། ཁོས་ད་དུང་ “ཛོ་ནེ་དོ་ལོང་། ཛོ་ནེ་ཨི་སོང་།”ཟེར་ནས་དབྱངས་འཐེན་ནས་ “ཕྱིང་བུ་”སྒྲིལ་”བཞིན་ཡོད།

ལྔ་པ།

ཨ་མྱེས་རྨ་ཆེན་གྱི་ནང་དུ་ལས་ཀ་བྱེད་སྐབས་ནི་ང་ཚོ་ཚང་མའི་སེམས་ཁམས་སྐྱིད་པའི་དུས་ཚོད་ཅིག་ཡིན། ལས་ཀ་ལྕི་ལ་སྤྱི་ཚོགས་ཐོག་ན་ངན་སྨྲས་དང་ཐ་ན་དགྲར་འཛིན་བྱེད་མཁན་ཡང་ཡོད། གནས་སྐབས་ཤིག་ལ་ཨ་མྱེས་རྨ་ཆེན་ཚང་གི་འགན་འཛིན་རྣམས་ཀྱིས་རང་སྲུང་གི་ཆེད་དུ་རྒྱབ་ཁུག་གི་ནང་དུ་མཚོན་ཆ་བཟུང་ནས་འགྲོ་དགོས་པའི་དུས་ཤིག་ཀྱང་ཤར། ཡིན་ན་ཡང་འགན་འཛིན་ལས་བྱེད་ཚང་མས་རང་རང་གི་བྱེད་འདོད་པ་དང་། བོད་སྤྱི་ཚོགས་ཀྱི་གོ་རྟོགས་སད་པ་ལ་མེད་དུ་མི་རུང་བའི་ལས་དོན་ཞིག་སྒྲུབ་ཀྱི་ཡོད་པའི་ཚོར་སྣང་ཡོད། ལས་ཀ་ཙམ་མ་ཡིན་པའི་ང་དང་མགོན་པོ་ལ་མཚོན་ན་ཕོགས་ཐོབ་ཀྱང་ཇེ་བཟང་ལ་སོང་ནས་སྒེར་གྱི་འཚོ་ཐབས་ལ་ཡང་ལེགས་བཅོས་བྱུང་། དེའི་སྔོན་གྱི་འཚོ་བ་ནི་ངོ་མས་ངན་ངོན་ཟེར་བ་དེ་ཡིན། མགོན་པོ་ལགས་སྦིར་ནས་ཡོང་སྟེ་དགོང་མོ་ཞིག་ངའི་ནང་ལ་བསྡད། ང་ལ་རང་ཉིད་མི་གྲང་བའི་ཉལ་ཆས་མ་གཏོགས་མེད། དགོང་མོ་དེར་ངའི་ཉལ་ཆས་གཅིག་ཁོ་ལ་སྟེར་དགོས་བྱུང་། དགོང་མོ་ཆར་ཞོད་ཡོང་ནས་འབྲུག་སྒྲ་ལྡིར་ཏེ་ང་གཉིད་ལས་སད་སོང་། གཉིད་ལས་སད་དུས་ཅུང་ཙམ་གྲང་གི་ཡོད་པའི་ཚོར་བ་ཞིག་སྐྱེས། ངས་ཐང་ན་ཉལ་བའི་མགོན་པོ་ལ་བལྟས་པ་ཡིན། ཁོ་ཉལ་ཐུལ་གྱི་འོག་ན་ལུས་པོ་བཀུམ་ནས་ཉལ་འདུག ཕལ་ཆེར་གཉིད་ཨེ་ཡོད་བསམས། ཡིན་ན་ཡང་ངས་ཁོ་མ་བོས། ཞོགས་ཀར་ངས་མདང་དགོང་གི་སྣང་ཚུལ་དེ་སྙན་ངག་འདྲ་བོ་ཞིག་གི་ལམ་དུ་དྲངས་ནས་བྲིས་པ་སྐབས་དེའི་འབྲི་དེབ་ཅིག་གི་ནང་ན་འདུག་ངས་རྙེད་སོང་།

ཆར་རླུང་གི་མཚན་མོ།
སྨག་རུམ་གྱིས་འཇིག་རྟེན་ཁུར་མིད་བྱས།
གནམ་ནས་ས།
ས་ནས་གནམ།
ཐམས་ཅད་སྟོང་སིང་ངེ་།
ཡོད་ཚད་ནག་འཐིབས་སེ།
སེམས་ཁོང་འཁྱག་སིལ་ལེ།
ནོར་ལྷ་དང་ལས་འབྲེལ་མེད་པའི་སྙན་ངག་མཁན་ཞིག
ཡང་ཞིང་སྲབ་པའི་ཉལ་ཐུལ་གྱི་ནང་དུ།
པུས་མོ་བྲང་སྦྱར།
རྟིང་པ་འཕོངས་ལ་སྦྱར།
སྒོ་སྲུབས་ནས་ལྷགས་རླུང་གིས་ཤུ་སྒྲ་སྒྲོགས།
ལག་ཟུང་ཉལ་ཐུལ་ལ་འཐམས།
ཤེལ་དྲ་ལ་ཆར་བས་ཐེག་ཐེག་རྡེག
མགོ་བོ་རུམ་ལ་བཏུམས།
མགོ་བོ་དང་པུས་མོ་ཞལ་མཇལ་ཐོབ།
ཁ་རླུང་དང་ཞབས་རླུང་གཅིག་ཏུ་འདྲེས།

ང་ཚོའི་འཚོ་ཐབས་སྐྱོ་ན་ཡང་། མགོན་པོ་ལ་དེས་ཅི་ཡང་མི་གནོད། ཡོད་དུས་ཟ་ཞིང་འཐུང་། མེད་དུས་སྡུག་སྐད་གཏན་ནས་རྒྱག་རྒྱུ་མེད། གང་ཡོད་པ་དེ་ཟས་ནས་འཐུང་ནས་འདུག་པ་མ་གཏོགས་དེ་ལས་ལྷག་པ་འཚོལ་སྒྲུབ་ཀྱང་མི་བྱེད། ཆང་རེ་འཐུང་རྒྱུ་ཡོད་དུས་བག་མེད་དུ་འགྲོ་བའི་བར་དུ་འཐུང་། ཕྱི་ཉིན་ཡོང་ནས་མདང་དགོང་ངས་ཅི་བྱས་སོང་ཟེར་ནས་འདྲི། ཁོས་དགོད་རྒྱུ་ཡོང་བ་རེ་བྱས་ཤིང་བཤད་ཡོད་ན་དེའི་ཐོག་ལ་སྣོན་མ་བརྒྱབ་ནས་བཤད་ན་ཁོའི་སྨིན་མ་སྟུག་པོའི་མིག་གཉིས་ལས་འཛུམ་ཟེར་འཕྲོ་ཞིང་ཧབ་་ཆ་བརྒྱབ་ནས་དགོད། ཡིན་ན་ཡང་ཁོས་གྲོགས་པོ་དང་ལྷན་འཛོམས་དང་སྟོན་མོ་སོགས་ཀྱི་སྐབས་སུ་འཐུང་བ་མ་གཏོགས་རྒྱུན་དུ་མི་འཐུང་། དེ་དུས་གསར་འབྱོར་པ་རྣམས་ཀྱི་འཚོ་ཐབས་སྐྱོ་སྟབས་གསར་འབྱོར་བ་མང་པོའི་ཚོར་བ་ལ་རྙིང་འབྱོར་བ་རྣམས་ཀྱིས་ཁོ་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པའི་ཚོར་བ་རྒྱུན་དུ་ཡོང་གི་ཡོད། ཡིན་ན་ཡང་མགོན་པོ་ལ་ཚོར་བ་དེ་འདྲ་ཡང་མེད།

མགོན་པོའི་ཧབ་ཆ་བརྒྱབ་ནས་དགོད་པ་བཤད་ན་ཡང་ངས་ཁོའི་ཧབ་ཆ་འཛད་མཐའ་མེད་པའི་དགོང་མོ་ཞིག་དྲན་སོང་། དགོང་མོ་དེར་ངས་ནུབ་ཚ་བཏུང་ཚར། མགོན་པོ་དང་དཔལ་ལྡན་རྒྱལ་གཉིས་ངའི་ནང་ལ་ཡོང་སོང་། མགོན་པོའི་མིག་གཉིས་ལ་འཛུམ་ཆེན་ཞིག་ཤར་འདུག དཔལ་ལྡན་རྒྱལ་གྱི་མཆུ་འདབས་ལ་འཛུམ་ལངས་འདུག ངས་ཁོ་གཉིས་ལ་ནུབ་ཚ་བཏུང་ངམ་ཞེས་དྲིས་པ་ཡིན། མགོན་པོས་ཧབ་ཆ་བརྒྱབ་ནས་བགད་སོང་། ངས་དེ་ལ་ཅིའི་ཕྱིར་དགོད་ཀྱི་ཡོད་དམ་སྙམ་ནས་ག་རེ་རེད་ཅེས་པ་དྲིས་པ་ཡིན། མགོན་པོ་ངའི་ཉལ་ཁྲིའི་ཐོག་ལ་བསྡད་ནས་ཧབ་ཆ་བརྒྱབ་ནས་དགད་སོང་། ངས་ཁོ་གཉིས་ཆང་གིས་བཟི་ཡོད་པ་རེད་སྙམ་ནས་ཇ་འཐུང་རྒྱུན་ཡིན་ནམ་ཞེས་དྲིས་པ་ཡིན། མགོན་པོས་ལུས་སྟོད་ངའི་ཉལ་ཐུལ་ལྟེབས་མའི་ཐོག་ལ་བསྙེས་ནས་ཧབ་ཆ་བརྒྱབ་ནས་དགད་སོང་། ངས་ཅི་ཞིག་བྱེད་དགོས་མ་ཤེས་ལ་ཅི་ཞིག་བཤད་དགོས་ཀྱང་མ་ཤེས། ད་ཁྱོད་ཉལ་དུ་སོང་ཞེས་བཤད་པ་ཡིན། མགོན་པོས་ད་དུང་གདོང་ངའི་ཉལ་ཐུལ་ལ་སྦྱར་ནས་ཧབ་ཆ་རྒྱག་བཞིན་འདུག དཔལ་ལྡན་རྒྱལ་གྱི་གདོང་ལ་འཛུམ་ཞིག་ལངས་ནས་ཁོ་ལ་ད་འགྲོ་ཟེར་ནས་ཁོ་གཉིས་ཕྱིན་སོང་། ཁང་པའི་ཕྱི་ན་མགོན་པོ་ད་དུང་ཧབ་ཆ་རྒྱག་ཞོར་དུ་འགྲོ་གི་འདུག ཕྱིས་སུ་ཤེས་པ་ལྟར་ན་དགོང་མོ་དེར་མགོན་པོས་ལྡུམ་བུ་ཞིག་འཕུར་ནས་ཉལ་ཐ་ཞིག་ལེན་རྒྱུ་ཡོད་པ་བླངས་ནས་འཐེན་པ་རེད་ཟེར། ཉལ་ཐ་དེ་འཐེན་ན་མི་སྐོར་ཞིག་ལ་དགོད་རྒྱུ་འཛད་མེད་ཅིག་ཡོང་རྒྱུ་ཡོད་པ་རེད་ཟེར། དེའི་རྗེས་སུ་མགོན་པོས་ཉལ་ཐ་འཐེན་པ་གཏན་ནས་མཐོང་རྒྱུ་མ་བྱུང་། ཕལ་ཆེར་ཐེངས་དེར་ཁོས་ཚོད་ལྟ་འདྲ་ཞིག་བྱས་པ་མིན་ནམ་སྙམ།

དྲུག་པ།

རྡ་རམ་ས་ལའི་དྲན་སྣང་བརྗོད་ན་དྲན་སྣང་གིས་དྲན་སྣང་དྲངས་ནས་དྲན་སྣང་གི་ཀློང་ཞིག་བརྡོལ་མི་ཡོང་ངམ་སྙམ། དྲན་སྣང་ཚང་མ་བརྗོད་ཐབས་བྲལ་ཡང་ད་དུང་དྲན་སྣང་གཉིས་བརྗོད་ནས་རྗོད་མཚམས་བཞག་ན་འདོད། དྲན་སྣང་དེ་གཉིས་ནི་སྐྱི་གཡའ་བའི་དྲན་སྣང་གཉིས་ཡིན། ༡༩༩༢ ལོའི་ལོ་མཇུག་ནས་ངའི་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ཟེར་བའི་རྩོམ་ཡིག་དེ་ལ་སྤྱི་ཚོགས་ཐོག་ལ་རྩོད་གླེང་བྱུང་ནས་མཐར་ཐུག་ངའི་བདེ་འཇགས་དེ་གྲོགས་པོ་རྣམས་ཀྱིས་སེམས་ཁུར་བྱེད་དགོས་པ་ཞིག་ཏུ་གྱུར། ལས་ཁུངས་གྲོལ་ན་ཨ་མྱེས་རྨ་ཆེན་ཚང་གི་འགན་གྲོགས་རྣམས་ཀྱིས་རེས་མོས་ཀྱིས་ང་ནང་ལ་བསྐྱལ་ནས་འགྲོ་ཞིང་། ནང་ལ་མགོན་པོ་ཚེ་རིང་ལགས་དང་། བསོད་ནམས་ཚེ་རིང་ལགས། བོན་རྒྱ་ལགས། གཡང་འབུམ་རྒྱལ་ལགས་བཅས་ཀྱིས་རེས་མོས་ཀྱིས་ང་སྲུང་ནས་ངའི་ནང་ལ་ཉལ་གི་ཡོད། ང་ཚོ་ཚང་མ་སུ་ཞིག་གིས་ངའི་སྲོག་ལ་རྒོལ་བར་ཡིད་ཆེས་ཀྱི་མེད། མགོན་པོ་ཚེ་རིང་གིས་ལྷག་པར་དུ་དེ་ལ་ཡིད་ཆེས་མི་བྱེད། ཁོ་ནི་ཁོ་རང་ལ་གནག་སེམས་དང་གཡོ་སྒྱུ་མེད་སྟབས་གཞན་གྱི་གནག་སེམས་དང་གཡོ་སྒྱུ་ལ་ཡང་ལས་སླ་བོར་ཡིད་ཆེས་མཁན་ཞིག་གཏན་ནས་མིན། འོན་ཀྱང་ང་ཚོ་ཚང་མས་ངའི་བདེ་འཇགས་སྣང་མེད་དུ་ཡང་འཇོག་ཕོད་ཀྱི་མེད། སྐབས་དེ་ལ་ང་བསད་ན་སྡིག་གླ་ཧིན་སྒོར་འབུམ་གཅིག་སྤྲོད་མཁན་ཡོད་པའི་གཏམ་ཡན་ཞིག་ཀྱང་གྲག་བཞིན་ཡོད།

དགོང་ག་ཞིག་མགོན་པོ་ཚེ་རིང་དང་ངེད་གཉིས་ནས་ངའི་ཤག་ཏུ་ནུབ་ཚ་གྲ་སྒྲིག་བྱེད་བཞིན་ཡོད། ཁོས་ཁོ་ཆབ་གསང་ལ་འགྲོ་གི་ཡིན་ཟེར་ནས་ཕྱི་ལོགས་ལ་ཕྱིན་སོང་། ཕྱི་ལོགས་ལ་ཐོན་མ་ཐག་རྡིག་སྒྲ་དང་ཆོབ་སྒྲ་ལྟ་བུ་ཞིག་གྲག་སོང་། ངའི་སེམས་ལ་ད་ནི་ངོ་མ་ང་ལ་རྒོལ་མཁན་ཞིག་སླེབས་པ་འདྲ་བསམས། ང་སྒོ་ལ་ཐོན་དུས་ཕྱི་ལོགས་ན་ཁུ་སིམ་མེར་འདུག མགོན་པོ་ཚེ་རིང་མཐོང་ས་ན་ཡང་མི་འདུག ཁོང་ངའི་ཁང་པའི་སྒོ་ཁ་ནས་གོམ་པ་ཁ་ཤས་སོང་ན་མར་རྒྱ་སྒོ་ཡི་བར་དུ་རྡོ་ཡི་སྐས་འཛེགས་ཤིག་ཡོད་པ་་དེའི་སྟེང་ནས་རིལ་བ་ཡིན་པ་འདྲ། མ་གིའི་རྒྱ་སྒོའི་རྩ་ན་འགྱེལ་འདུག མར་རྒྱུགས་སོང་ནས་ཁོ་ཡར་འཐེན་ཞོར་དུ་ཁོ་ལ་ཅི་བྱུང་དྲིས་པ་ཡིན། ཁོས་ཀྱང་ཅི་བྱུང་ཤེས་ཀྱི་མི་འདུག ཡར་བསླངས་དུས་ཁོའི་གཉའ་ལྟག་ན་ཁྲག་བཞུར་གྱི་འདུག སྟབས་ཡག་པ་ལ་གླ་འཁོར་སྟོང་བ་ཞིག་མར་ཡོང་གི་འདུག ངས་དེ་མྱུར་དུ་བཀག་ནས་ཁོ་བདེ་བླག་སྨན་ཁང་ལ་ཁྱེར་བ་ཡིན།

ཆུ་ཚོད་རེ་ཟུང་གི་རྗེས་སུ་ཁོ་གཉིད་ལྟ་བུ་ཞིག་སད་ནས་ཁོ་གང་ན་ཡོད་པ་རེད་ཟེར། ངས་ཁྱོད་རྡ་རམ་ས་ལ་ན་ཡོད་པ་རེད་ཅེས་བཤད་པར། ངས་རྡ་རམ་ས་ལ་ན་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཟེར། ངས་ཁོ་ལ་ཁྱོད་ཀྱིས་ཨ་མྱེས་རྨ་ཆེན་ཚང་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་པར་ཁོས་ད་ཤེས་སོང་ཟེར། ཅུང་ཙམ་འགོར་ནས་ཡང་དྲི་བ་དེ་དག་ཡང་སྐྱར་དྲིས་ཡོང་། མཚམས་མཚམས་ལ་ཁོས་ཁོ་རྒྱ་གར་ན་ཡོད་པ་ཡང་ཤེས་ཀྱི་མི་འདུག ཉིན་གཉིས་པའི་ཞོགས་ཀ་ང་སྨན་ཁང་ལ་སོང་དུས་ཁོ་གཉིད་སད་དེ་ཁོའི་དྲན་པ་ཡོངས་སུ་སོས་འདུག ཡིན་ན་ཡང་མདང་དགོང་གི་དོན་རྐྱེན་དེ་ཇི་ལྟར་བྱུང་བར་ཁོ་ལ་བཤད་རྒྱུ་ཅི་ཡང་མི་འདུག ངས་ཁོ་ལ་སྐས་འཛེག་ནས་མར་འབབ་དུས་གོམ་འཆོལ་འདྲ་བྱུང་ནས་རིལ་བ་ཡིན་ནམ་ཞེས་པར། ཁོས་དེ་ཡིན་རྒྱུ་མ་རེད། གསང་སྤྱོད་ངའི་ཁང་པའི་རྒྱབ་ན་ཡོད་སྟབས་རྡོ་སྐས་ཀྱི་ཕྱོགས་ལ་འགྲོ་དགོས་དོན་ཡོད་པ་མ་རེད་ཟེར། མི་ཞིག་གིས་ཁོ་ལ་བརྒྱབ་པའི་དེ་འདྲའི་དྲན་སྣང་ཡང་ཁོ་ལ་མི་འདུག ཡིན་ན་ཡང་དེ་ནས་བཟུང་ངའི་བདེ་འཇགས་ལ་ཁོ་བློ་མི་བདེ་བ་ཇེ་ཆེར་སོང་འདུག ཁོ་ངའི་ནང་ལ་སྤོར་ནས་ཡོང་གི་ཡིན་ཡང་ཟེར།

དྲན་སྣང་གཉིས་པ་དེ་ནི་དང་པོ་སྐྱིད་པོ་ཡིན། དེ་ནི་ ༡༩༩༤ ལོའི་དཔྱིད་ཀའི་ཉིན་ཞིག་རེད། དགོང་མོ་དེར་མགོན་པོ་ལགས་དང་ང་ཚོ་འཇམ་དབྱངས་ནོར་བུའི་ནང་ལ་འཛོམས་ནས་དགོང་མོ་འཕྱི་བོ་བར་དུ་བསྡད་པ་ཡིན། གནམ་གཤིས་དྲོ་ཡང་ཚ་བ་མེད་པས་ང་ཚོ་འཇམ་དབྱངས་ནོར་བུའི་བཞུགས་ཤག་གི་ར་སྐོར་གྱི་སྤང་ཐོག་ལ་བསྡད་དེ་ཁ་བརྡ་སྐྱིད་པོ་བྱས་ནས་གད་མོ་བགད། གླུ་དབྱངས་འདྲ་བླངས་ནས་བསྡད། འཇམ་ནོར་གྱི་ཨ་མ་ལགས་དགུང་ལོ་མཐོ་ན་ཡང་མོ་ཡང་སྤང་ཐོག་ལ་ཕེབས་ནས་ང་ཚོ་དང་མཉམ་དུ་བཞུགས། མོ་ནི་དགེ་འདུན་ཆོས་འཕེལ་དང་འབྲེལ་འདྲིས་ཡོད་ལ། ང་ཚོའི་ཨམ་གདངས་ཀྱི་དབུས་སྐད་གོ་ཡོང་དུས་མོས་མོ་རང་ཆུང་དུས་དགེ་འདུན་ཆོས་འཕེལ་ལགས་བཀྲས་མཐོང་ཚང་ལ་ཕེབས་ནས་བཀའ་མོལ་གནང་གི་ཡོད་པ་དྲན་ངོར་འཁོར་ཡོང་གི་འདུག་ཟེར། དགོང་འཛོམས་དེ་ཚར་ནས་ང་ཚོ་གངས་སྐྱིད་ལ་ལོག་ཡོང་མཁན་རྣམས་ཀྱིས་མུ་མཐུད་ནས་ལམ་ཁར་གད་མོ་སློང་ཞོར་དང་གླུ་དབྱངས་ལེན་ཞོར་དུ་ཡོང་བ་ཡིན།

ཞོགས་ཀར་ངས་ནངས་ཇ་འཐུང་གྲབས་ཀྱི་སྐབས་ལ་བསོད་ནམས་ཚེ་རིང་དང་བོན་རྒྱལ་གཉིས་ངའི་ནང་ལ་ཡོང་ནས་མདང་དགོང་ང་གར་སོང་དྲིས། ཁོ་གཉིས་ནས་མདང་དགོང་རྡ་ཞོལ་གྱི་གང་ཞིག་ལ་རྒྱ་གར་གྱི་གསར་བུ་ཁ་ཤས་དང་བོད་པའི་གསར་བུ་ཁ་ཤས་ཀྱི་བར་ལ་ལག་འཛིང་ཤོར་ནས་རྒྱ་གར་གྱི་གསར་བུ་ཞིག་ལ་སྲོག་སྐྱོན་བྱུང་སྟེ། ས་གནས་རྒྱ་གར་བ་རྣམས་ཀྱིས་བོད་པ་མཐོང་ཚད་ལ་བརྡུང་ནས་རེ་ཟུང་སྨན་ཁང་ལ་བསྐྱལ་འདུག་ཟེར། ང་ཚོ་ཚང་མ་མདང་དགོང་ང་ཚོ་འཇམ་དབྱངས་ནོར་བུའི་ཁྱིམ་ནས་ལོག་པའི་ལམ་དུ་རྒྱ་གར་བ་ལ་མ་འཕྲད་པ་དེ་རླུང་རྟ་རྒྱུགས་པ་རེད་ཟེར་ནས་ཡུན་རིང་མ་སོང་བར་རྒྱ་ལམ་གྱི་ནང་དུ་རྒྱ་གར་བ་རྣམས་ཀྱིས་སྐད་འབོད་བྱས་སོང་། དེ་ཅི་ཡིན་འདི་ཡིན་བསམ་ཁོམ་ཙམ་ཡང་མ་བྱུང་བར་ངའི་སྒེའུ་ཁུང་དང་སྒོའི་ཐོག་ལ་རྡོ་བ་ཆར་བ་འབབ་འབབ་བྱས། ང་ཚོ་ཚང་མ་ཐབ་ཚང་ནང་ལ་བྲོས། དེ་ལ་སྒོ་ཞིག་མ་གཏོགས་སྒེའུ་ཁུང་གཅིག་ཀྱང་མེད། ང་ནི་རྒྱ་གར་རྣམས་ཁང་བའི་ནང་ལ་ཡོང་རྒྱུ་རེད་སྙམ་ནས་སྐྲག་སྣང་སྐྱེས། ཡུད་ཙམ་ནས་ཤེལ་སྒོ་གཅོག་པའི་སིལ་སྒྲ་མཚམས་ཆད་སོང་། ངའི་ཁང་པའི་མར་ཕྱོགས་ནས་རྒྱ་གར་བ་རྣམས་ཀྱིས་མུ་མཐུད་ནས་སྐད་བརྒྱབ་ནས་ཕྱིན་པ་ན་ཁང་བའི་ནང་ལ་མ་ཡོང་བ་རེད་སྙམ་ནས་བློ་བདེ་བར་གྱུར། ཐབ་ཚང་ལས་ཕྱི་ལོགས་ལ་ཐོན་པ་ན་ཁང་པའི་ནང་གི་དྲ་མ་རྣམས་ཀྱི་ཤེལ་སྒོ་གཅིག་ཀྱང་ལུས་མེད།

ལམ་ཁ་ལ་མ་འཁེལ་བའི་འདུག་ཁང་སྐོར་ཞིག་ལ་རྒྱ་གར་བ་རྣམས་ཀྱིས་གཏོར་བཅོམ་བྱས་མི་འདུག ང་ཚོ་གཏོར་བཅོམ་བྱས་མེད་པའི་ཁྱིམ་ཚང་ཞིག་ལ་སོང་ནས་ཅུང་ཙམ་བསྡད། ཡིན་ན་ཡང་རྒྱ་གར་བ་རྣམས་ཀྱིས་ཡང་སྐྱར་སྐོར་བ་བརྒྱབ་ནས་མི་ཡོང་ངམ་སྙམ་ནས་དངངས་སྐྲག་གི་ནང་དུ་ཉིན་གུང་བར་དུ་བསྡད་ཀྱང་ཡང་སྐྱར་མ་ཡོང་། དེ་དུས་བོད་པ་རྣམས་ཕྱི་ལ་ཐོན་ནས་ཕར་ཚུར་ལ་འགྲོ་འོང་བྱེད་འགོ་བརྩམས་ཟིན་པས་ང་ཡང་མགོན་པོ་ལ་བལྟ་རུ་སོང་བར་ཁོ་དང་ཁའི་དགའ་རོགས་པད་མ་ཁང་གསར་གཉིས་དང་ཁོ་ཚོའི་ཁང་པ་ལ་ཅི་ཡང་བྱུང་མི་འདུག གངས་སྐྱིད་ཀྱི་བོད་གཞུང་གི་ལས་ཁུངས་མང་ཆེ་བ་གཏོར་བཅོམ་བྱས་འདུག ཅན་དི་སྒར་ནས་རྒྱ་གར་བ་སྟོང་ཕྲག་དུ་མ་ཞིག་བོད་པ་ལ་ངོ་རྒོལ་བྱེད་དུ་ཡོང་རྒྱུ་རེད་ཟེར་བའི་གཏམ་ཡན་ཞིག་གིས་གངས་སྐྱིད་ཀྱི་མི་ཚང་མ་དངངས་སྐྲག་གི་ནང་ན་བསྡད་ཡོད།

ངའི་ཁང་པའི་སྒེའུ་ཁུང་ཚང་མ་བཅག་ཚར་བ་དང་། རྒྱ་གར་བས་ཡང་སྐྱར་བོད་པ་ལ་རྒོལ་ན་ངའི་ཁང་པ་ནི་རྒྱ་ལམ་གྱི་ཁ་ན་ཡོད་སྟབས་རྒོལ་ས་དང་པོ་ལྟ་བུ་ཞིག་ཡིན་སྟབས་ང་ཡང་སྐྱར་ངའི་ཁང་པ་ལ་ལོག་མ་ཐུབ། ངས་མགོན་པོ་དང་པད་མ་ཁང་གསར་གཉིས་ལ་སྐྱབས་བཅོལ་ཞུ་དགོས་བྱུང་། དེ་དུས་དགེ་འདུན་རབ་གསལ་ལགས་ཀྱང་མགོན་པོ་དང་ཁྱིམ་མཚེས་རེད། ང་ཚོ་གསུམ་པོས་མཉམ་དུ་དངངས་སྐྲག་གི་ཉིན་ཁ་ཤས་སྐྱེལ་དགོས་བྱུང་།

ཟིང་ཆ་དེ་འཇགས་པ་ན་མགོན་པོ་དང་ངེད་གཉིས་ཟིང་ཆ་དེ་དམངས་གཙོ་ཚགས་པར་ལ་འགོད་པའི་བྲེལ་ཟིང་གི་ནང་ལ་འཁོར། དེ་ནི་མགོན་པོ་དང་ངེད་གཉིས་རྒྱ་གར་ན་ཡོད་སྐབས་ཀྱི་དྲན་སྣང་མཐའ་མ་དེའོ།

བདུན་པ།

འདྲ་པར་འདི་ནི་ ༡༩༩༥ ལོར་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་རྡ་རམ་ས་ལར་བསྐངས་པའི་བོད་ཀྱི་རྒྱལ་ཡོངས་རྩོམ་པོའི་ཚོགས་ཆེན་དང་པོ་ཟེར་བ་དེའི་ཚོགས་འདུའི་དབུ་འབྱེད་ཀྱི་ཐོག་རེད། ལོ་དེའི་ཟླ་བ་གསུམ་པའི་ནང་རེད། ༧སྐུ་མདུན་གྱི་གཡས་ཕྱོགས་ཀྱི་མི་དང་པོ་དེ་མགོན་པོ་ཚེ་རིང་དང་། གཉིས་པ་དེ་ང་། གསུམ་པ་དེ་ལྷ་བཟང་ཚེ་རིང་ལགས། བཞི་པ་དེ་འཇམ་དབྱངས་ནོར་བུ་ལགས། ལྔ་པ་དེ་བཀྲ་ཤིས་ཚེ་རིང་ལགས་བཅས་རེད། ངའི་དྲན་སྣང་ལ་མགོན་པོ་ཚེ་རིང་ལགས་ནི་ཉིན་དེའི་ཚོགས་འདུའི་མཛད་རིམ་སྒྲོག་སྦྱོང་གནང་མཁན་ཡིན།

ང་ཚོགས་འདུ་འདི་ལ་ཞུགས་ཆེད་ཨ་རི་ནས་རྡ་སར་སླེབས་དུས་ཨ་མྱེས་རྨ་ཆེན་ཚང་གི་འགོ་ལས་ཚང་མ་ཚོགས་འདུ་གྲ་སྒྲིག་གི་བྲེལ་ཟིང་ཧ་ཅང་ཆེ། དམངས་གཙོ་ཚགས་པར་འདོན་ཐེངས་ཤིག་འདོན་པའི་དུས་ཚོད་ཀྱང་སླེབས་འདུག ངས་མགོན་པོ་ཚེ་རིང་གི་ཚབ་བྱས་ནས་ལྷ་བཟང་ཚེ་རིང་དང་ངེད་གཉིས་ནས་འདོན་ཐེངས་དེ་རྩོམ་སྒྲིག་བྱས།

དེ་སྔའི་རྡ་སའི་ང་ཚོ་གྲོགས་པོ་རྙིང་པ་རྣམས་ཁ་ཐོར་ནས་ལོ་རེ་ཟུང་སོང་ཡོད་པ་ལ། ལོ་དེར་རྩོམ་པ་པོའི་ཚོགས་འདུ་དེ་གྲོགས་རྐྱེན་དུ་གྱུར་ནས་ང་ཚོ་གྲོགས་པོ་རྙིང་པ་ཁ་ཤས་ཏེ། དཔལ་ལྡན་རྒྱལ་དང་རྡོ་རྗེ་ཚེ་བརྟན། རབ་གསལ། ང་ཚོ་སླར་ཡང་རྡ་སར་འཛོམས་ཐུབ་པར་གྱུར། ཡིན་ན་ཡང་སྐབས་དེར་ཚོགས་འདུའི་འདུ་འཛི་ཆེ་ནས་ང་ཚོ་གཅིག་པོ་ལྷོད་ལྷོད་འདོད་པ་ཁེངས་པ་ཞིག་ཡོང་མ་ཐུབ། དགོང་མ་གཅིག་རྡོ་རྗེ་ཚེ་བརྟན་དང་དཔལ་ལྡན་རྒྱལ། ང་བཅས་མགོན་ཚེ་ཡི་གསར་སྐྱེས་བུ་མདའ་ཚན་སྐལ་ལྡན་ལ་བལྟ་རུ་སོང་ནས་ཅུང་ཙམ་ལྷོད་ལྷོད་ཅིག་བྱུང་།

ཚོགས་འདུའི་རིང་གི་མཚན་མོ་ཞིག་ལ། སྙན་ངག་ཀློག་འདོན་བྱས་པ་ལ། རཀ་ར་རིན་པོ་ཆེ་ནས་ཨ་མདོ་དགེ་འདུན་ཆོས་འཕེལ་གྱི་ཕ་ཡུལ་གཅིག་པའི་སྙན་ངག་པ་རྣམས་དང་སྙན་ངག་ཀློག་རྒྱུའི་གོ་སྐབས་བྱུང་སོང་ཟེར་ནས་ཐུགས་འུར་འདྲ་ཞིག་ལངས་ནས་ཁོང་གིས་སྐབས་ཐོག་དེ་ལ་སྙན་ངག་གསར་རྩོམ་གནང་ནས་ཀློག་པ་ཞིག་དྲན་ངོ་ན་འདུག ད་དུང་མཚན་མོ་དེར་ཆབ་བྲག་ལྷ་མོ་སྐྱབས་དང་། ཀླུ་སྨྱོན་སོགས་ཀྱིས་ཀྱང་སྙན་ངག་བཀླགས་སོང་བ་ཞིག་དྲན་གྱི་འདུག ཡིན་ན་ཡང་མགོན་པོ་ཚེ་རིང་ལགས་ནས་སྙན་ངག་བཀླགས་ཡོད་མེད་དྲན་གྱི་མི་འདུག

ཚོགས་འདུ་དེ་ནི་བཙན་བྱོལ་དུ་ཡོད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་འཛོམས་པ་ཐེངས་དང་པོ་དང་ཐ་མ་དེ་ཡིན་ལ། རྣ་ཐོས་ཡོད་ཀྱང་མིག་མཐོང་མེད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་རྣམས་ཕན་ཚུན་ཐུག་འཕྲད་དང་གླེང་མོལ་གྱི་གོ་སྐབས་བཟང་པོ་བྱུང་ལ་བྲེལ་ཟིང་ཡང་ཧ་ཅང་ཆེ།

པར་འདི་ནི་ཚོགས་འདུའི་བར་གསེང་ཞིག་ལ་མཁས་དབང་གདོང་ཐོག་བསྟན་པའི་རྒྱལ་མཚན་མཆོག་དང་། མགོན་པོ་ཚེ་རིང་ལགས། ང་བཅས་མཉམ་འཛོམས་ཀྱི་སྐབས་ཤིག་ཡིན།
དེ་ནས་ལོ་བརྒྱད་ཀྱི་རྗེས་སུ་ཡང་སྐྱར་ཚོགས་འདུ་ཞིག་གི་གོ་སྐབས་དང་བསྟུན་ནས་མགོན་ཚེས་གཙོས་པའི་གྲོགས་པོ་རྙིང་པ་ཁ་ཤས་ཡང་སྐྱར་ལྷན་འཛོམས་ཤིག་བྱུང་། དེ་ནི་ཉིས་སྟོང་གསུམ་གྱི་ལོར་ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་ཁང་ལ་ཡིན། ལོ་དེའི་སྟོན་ཀར་ལ་རྩེ་དཔེ་མཛོད་ཁང་ནས་དགེ་འདུན་ཆོས་འཕེལ་འཁྲུངས་ནས་ལོ་ངོ་བརྒྱ་ཐམ་པ་འགོར་བའི་རྗེས་དྲན་ཚོགས་འདུ་རྒྱ་ཆེན་པོ་ཞིག་སྐོང་ཚོགས་བྱས། མགོན་པོ་ཚེ་རིང་ལགས་ཁེ་ན་ཊ་ནས་ཚོགས་འདུ་དེ་ལ་ཆེད་ཕེབས་གནང་། ཚོགས་འདུའི་གྲ་སྒྲིག་གི་སྐབས་སུ་ཁོས་ཁོ་རང་གི་ཕ་རྒན་ལ་དགེ་ཆོས་སྐོར་ལ་བཅར་འདྲི་བྱས་པའི་སྒྲ་ཐག་ཅིག་ཀྱང་ང་ལ་བསྐུར་ནས་ཡོང་། ཁོའི་ཕ་རྒན་ནི་ཆུང་དུས་སུ་བླ་བྲང་གི་གྲྭ་པ་ཡིན་ཞིང་། རྗེས་སུ་འབྲོག་པའི་མི་ཚེ་བསྐྱལ་ན་ཡང་རིག་པ་འཚོལ་བ་དང་ཁ་བྲལ་མ་མྱོང་ཞིང་དགེ་ཆོས་ཀྱི་སྐོར་ལ་གོ་ཐོས་མང་ཞིང་དགེ་ཆོས་ཀྱི་གསུང་མང་པོ་ཀློག་མྱོང་མཁན་ཞིག་ཡིན།


ཚོགས་འདུའི་སྐབས་ཀྱི་དགོང་མ་ཞིག་ང་ཚོས་ངའི་ནང་ལ་ཆང་འཐུང་ནས་ནམ་རྒྱུན་ལྟར་གླེང་མོལ་དང་རྩོད་གླེང་སྣ་ཚོགས་བྱས། བཤད་ཀྱིན་བཤད་ཀྱིན་བཤད་མཁན་མང་བ་དང་ཉན་མཁན་ཉུང་བར་གྱུར་བ་དང་། བཤད་རེས་ཀྱང་ཐོབ་དཀའ་བའི་གནས་སུ་གྱུར། ང་ཚོའི་ནང་ནས་ཁ་འཕྲོག་པ་ལ་མི་དཔའ་བ་ནི་མགོན་པོ་ཡིན་པ་འདྲ། རབ་གསལ་ལགས་ཀྱིས་དྲན་གསོ་བྱས་དོན། མགོན་པོས་དགོང་མོ་དེར་ཐེངས་མང་པོར་ཁ་གདངས། ལག་པ་ཡར་བཀྱགས་ནས་ཅིག་བཤད་གྲབས་ཀྱི་སྐབས་སུ་ཁ་ནང་ནས་ཚིག་ཐོན་ཁོམ་མི་སྟེར་བར་ང་ཚོ་གཅིག་གིས་ཁོའི་ཁ་འཕྲོག་འགྲོ་གི་འདུག་ཟེར། ཐེངས་དེའི་ང་ཚོ་འཛོམས་པ་དེ་མགོན་པོས་འཛོམས་ཐེངས་རྩ་ཆེན་ཞིག་ཏུ་བརྩིས་ཡོད་པ་འདྲ། ཁོ་ལ་ནད་ངན་དེ་བྱུང་ནས་ང་ཚོ་བལྟ་རུ་སོང་བའི་སྐབས་ལ་ཁོས་སྐབས་དེའི་འདྲ་པར་ཆེར་སྐྱེད་བྱས་ནས་བདག་ཉར་བྱས་འདུག་པ་འདི་ང་ཚོར་བསྟན་ནས་པར་འདི་ང་ཚོར་གནང་།

པར་འདིའི་ནང་གི་གཡོན་མདུན་དང་པོ་ནས་རྡོ་རྗེ་ཚེ་བརྟན་དང་། ང་། བསོད་ནམས་དར་རྒྱས། མགོན་པོ་ཚེ་རིང་། ཚེ་རིང་དོན་གྲུབ། དཔལ་ལྡན་རྒྱལ། རབ་གསལ། བོན་རྒྱལ་བཅས་བཅས་ཡིན།

ཚོགས་འདུ་འདིའི་སྐབས་ལ་དེ་སྔའི་ཨ་མྱེས་རྨ་ཆེན་ཚང་གི་ཡང་ལྷ་བཟང་ཚེ་རིང་ལགས་མ་གཏོགས་འགོ་ལས་གཙོ་བོ་མང་ཆེ་བ་འཛོམས་ཡོད། པར་འདིའི་ཐོག་ན་གཡས་ཕྱོགས་ནས་མགོན་པོ་ཚེ་རིང་དང་། འཇམ་དབྱངས་ནོར་བུ། ང་། བསོད་ནམས་དར་རྒྱས་བཅས་ཡིན། པར་གྱི་ནང་ན་མེད་པ་མ་གཏོགས་ཚོགས་འདུ་འདི་ལ་ད་དུང་བཀྲ་ཤིས་ཚེ་རིང་ལགས་ཀྱང་ཕེབས་ཡོད།

བརྒྱད་པ།
དེའི་རྗེས་སུ་མགོན་པོ་དང་ངོ་ཚོ་ཐུག་རྒྱུ་ཉུང་ན་ཡང་ཁ་པར་ནང་ལ་ནི་རྟག་པར་ཁ་བརྡ་བྱེད་ཀྱི་ཡོད། ཁང་གསར་རྡོ་རྗེ་ལགས་ཀྱིས་གསུངས་པ་དེ་ངོ་མ་རེད། ཁོ་ལ་ཁ་བརྡ་བྱེད་ཐེངས་རེར་ཁ་བརྡ་བྱེད་ཡུན་ཧ་ཅང་རིང་། དུས་ཚོད་མང་ཆེ་བ་ཁོ་བཤད་མཁན་དང་ང་ཉན་མཁན་ཡིན། ལག་པ་དང་རྣ་བ་བརྗེ་རེས་བྱས་ནས་ཉན་དགོས། ངས་ཁོ་ལ་ཕར་ཁ་པར་གཏོང་ན་དུས་ཚོད་རིང་པོ་ཞིག་ཡོད་པ་བྱས་ནས་གཏོང་གི་ཡོད། དེ་མ་གཏོགས་ཁོའི་ཁ་བརྡ་མཇུག་རྫོགས་མི་ཐུབ།
ཁ་བརྡའི་ནང་དོན་ནི་རིག་གཞུང་དང་བོད་ཀྱི་ཆབ་སྲིད། ཕ་ཡུལ་གྱི་སྐབས་དོན་སོགས་ཡིན། ངེད་གཉིས་ནས་དོན་དག་སྣ་མང་གི་ཐོག་ལ་རྩོད་པ་ཡང་ཐེངས་མང་པོ་བྱས་མྱོང། དཔེར་ན་རིག་གནས་གསར་བརྗེའི་སྐབས་ལ་བོད་ཡིག་ལ་རྒྱ་གཞུང་གིས་སྒྱུར་བཅོས་ཤིག་བཏང་བ་དེ་ལ་ང་ནི་ངོ་རྒོལ་བྱེད་མཁན་ཡིན། ཁོ་ནི་རྒྱབ་སྐྱོར་བྱེད་མཁན་རེད། ཁོས་དེ་ཡག་པོ་འདུག དེང་སང་ཡང་དེ་ལག་བསྟར་བྱེད་ཐུབ་ན་བོད་ཡིག་སྦྱོང་བདེ་བོ་ཡོང་ས་རེད། དེ་མ་གཏོགས་བྱིས་པ་རྣམས་ལ་བོད་ཡིག་ཟེར་དུས་ཤེས་རྒྱུ་མེད་པ་ཞིག་ལ་སེམས་ལ་ཤར་ཡོང་གི་འདུག་ཟེར། བཅོས་སྒྱུར་བྱས་པའི་བོད་ཡིག་ལྟར་སྟབས་བདེ་བྱས་ནས་འབྲེལ་སྒྲ་ལ་མཚོན་ན་གྱི་སྒྲ་དང་ཀྱི་སྒྲ་སོགས་བེད་སྤྱོད་བྱེད་ཀྱི་མིན་ཟེར་ནས་ཡུན་གང་མཚམས་ཤིག་ལ་མགོན་ཚེ་ལགས་ནས་ཁ་བརྡའི་ནང་ལ་ཚིག་ཕྲད་དེ་དག་ཀྱང་བེད་སྤྱོད་བཏང་མ་སོང་།

ཁོ་ནམ་ཞིག་ལ་ཕ་ཡུལ་ལ་ལྟ་སྐོར་དུ་འགྲོ་འགོ་ཚུགས་པ་ངས་མི་དྲན། ཕ་ཡུལ་ལ་ལྟ་སྐོར་ལ་འགྲོ་འགོ་ཚུགས་ནས་བཟུང་ཕ་ཡུལ་གྱི་སྐོར་ནི་ངེད་གཉིས་ཀྱི་ཁ་བརྡའི་བརྗོད་གཞི་གཙོ་བོ་ཞིག་ཡིན། ཁོ་ཕ་ཡུལ་ལ་སོང་ནས་ཁོ་ལ་མཐོང་སྣང་མི་བདེ་བ་ཡང་འགའ་རེ་བྱུང་འདུག དཔེར་ན་ཕ་ཡུལ་གྱི་གཞི་རིམ་གྱི་དཔོན་པོ་རྣམས་ཀྱིས་མཐོ་རིམ་དཔོན་པོ་རྣམས་ཀྱི་ལྟག་སྒོ་འགྲོ་ཐུབ་པར་གྱུར་བ་དང་དེ་རྣམས་ལ་ལྐོག་རྔན་བརྫངས་པའི་དོན་དག་དེ་ཚོ་ཆང་འཐུང་ས་ལ་ངོམ་བཤད་བྱས་ནས་གསང་བ་ཡང་བྱེད་དགོས་ཀྱི་མི་འདུག་ཟེར་ནས་ཁོས་ཡ་མཚར་བྱེད་ཀྱི་འདུག ཐེངས་ཤིག་ཁོ་ཕ་ཡུལ་དུ་ཕྱིན་སྐབས། བཞུར་ཆུ་ཞིག་གི་ནང་ལ་འགྱིག་དམ་འགྱིག་ཤོག་མང་པོ་ཡོད་པ་ཁོ་རང་ཆུ་ནང་ལ་སོང་ནས་དེ་རྣམས་སེལ་བ་ཡིན་ཟེར། ད་དུང་ཁོའི་ཨ་ཞང་ཞིག་གི་རྟ་ནི་ལོ་རེ་བཞིན་རྒྱུགས་འགྲན་གྱི་སྐབས་ལ་ཨང་དང་པོ་མང་པོ་ལེན་གྱི་ཡོད་པ་དང་ཁོའི་རྟའི་སྙན་གྲགས་ཐག་རིང་དུ་གྲགས་ནས་ས་ཐག་རིང་ནས་ཉོ་རུ་ཡོང་མཁན་མང་བའི་གནས་ཚུལ་ཞིག་ཀྱང་ཐེངས་དུ་མར་བཤད་སོང་།

ནད་ངན་དེ་མ་བྱུང་བའི་སྔོན་གྱི་ལོ་དུ་མའི་རིང་ལ། བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་གི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་དཔེ་དེབ་མང་པོ་ཀློག་གི་ཡོད་པ་འདྲ། ཁོས་དོ་སྣང་བྱེད་ས་གཅིག་ནི་ནུབ་ཕྱོགས་པའི་བོད་ལ་དོ་སྣང་ཡོང་སྟངས་ཀྱི་སྐོར་ཡིན་ཅིང་། སྔ་བོའི་དུས་སུ་བོད་ལ་བསྐྱོད་མྱོང་བའི་ནུབ་ཕྱོགས་པའི་སྐོར་ལ་ཁོ་ལ་ཁ་བརྡ་བྱེད་རྒྱུ་མང་པོ་འདུག ངས་ཞུ་སྐུལ་བྱས་པ་ལྟར་ཁོས་ལ་རྩེ་དཔེ་མཛོད་ཁང་གསར་འཕྲིན་འདོན་ཐེངས་དྲུག་པའི་ཐོག་ལ་ཡང་ཨ་ཙ་ར་ཇོར་རྗེ་བྷོར་གལ་ཟེར་བའི་རྩོམ་ཞིག་ཀྱང་བྲིས་ཏེ་སྤེལ་། ལ་རྩེ་ཡི་གསར་འཕྲིན་རྗེས་མ་ཞིག་ལ་ཁོས་དེ་འདྲ་ཞིག་འབྲི་འདོད་གནང་སོང་། ཡིན་ན་ཡང་རྗེས་སུ་ཁོ་ལ་ནད་ངན་དེ་བྱུང་བ་རེད། ཁོ་ལ་ནད་ངན་དེ་བྱུང་རྗེས་ཀྱང་རིག་གཞུང་གི་དོན་དག་མང་པོ་ལ་དོ་སྣང་བྱེད་ཀྱི་འདུག ཐེངས་ཤིག་ཁོས་ང་ལ་བོད་ཀྱི་ལོ་རྒྱུས་ཐོག་གི་ས་མིང་གར་ལོག་ཟེར་བ་དེ་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་ཚང་དག་གཤིབ་བསྡུར་བྱས་ནས་ཅི་སྙེད་ཀྱི་སྐོར་ལ་ཁ་བརྡ་ཞིག་བྱས་སོང་། ང་ཡ་མཚར་བ་ནི་ཁོའི་རྒྱ་ཡིག་གི་ཤེས་ཚད་ཡིན། ངས་ཁོའི་རྒྱ་ཡིག་གི་ཤེས་ཚད་ནི་ཚགས་པར་དང་སྤྱིར་བཏང་གི་དཔེ་དེབ་རེ་ཀློག་ཐུབ་ཙམ་ལ་ཆ་འཇོག་བྱས་ཡོད། ང་ནོར་འདུག ངེད་གཉིས་ཀྱིས་ཁ་བརྡ་བྱེད་སྐབས་ཁོས་རྒྱ་ཡིག་གི་ཡིག་ཚང་རྙིང་པའི་ཡིག་ཁུངས་ཀྱང་གླེང་གི་འདུག དཔེར་ན་གར་ལོག་ལྟ་བུའི་ས་མིང་རྙིང་པ་ཡང་རྒྱ་ཡིག་གི་ཡིག་ཚང་རྙིང་པ་ལ་གཤིབ་བསྡུར་བྱས་ནས་བཤད་རྒྱུ་འདུག ཡང་ཐེངས་ཤིག་ཁོས་མི་ལ་རས་པའི་རྣམ་ཐར་མཛོད་ནག་མ་ཟེར་བ་ཞིག་ཀློག་རྒྱུ་བྱུང་ཟེར་ནས་དེ་དང་གཙང་སྨྱོན་ཧེ་རུ་ཀའི་མི་ལའི་རས་པའི་རྣམ་ཐར་གཉིས་ཀྱི་ཁྱད་པར་སྐོར་བརྗོད་སོང་། རྣམ་ཐར་དེ་ངས་ལ་རྩེ་དཔེ་མཛོད་ཁང་ལ་བླུས་ནས་ལོ་དུ་མ་སོང་། ཡིན་ན་ཡང་ཀློག་རྒྱུ་མ་བྱུང་། ངས་མ་ཀློག་པས་ང་རང་བཞིན་གྱིས་ཁོའི་ཁ་བརྡའི་ཉན་མཁན་དུ་གྱུར། གར་ལོག་ཀྱང་དེ་ལྟར་རེད། བོད་ཀྱི་ཆོས་འབྱུང་ཁག་ཀློག་མཁན་ཞིག་ཡིན་ན་ས་མིང་འདི་མིག་ལ་མ་ཐོགས་པ་ཞིག་ཡོད་པ་མ་རེད། ཡིན་ན་ཡང་ང་ལ་མཚོན་ན་ས་ཆ་འདི་དངོས་སུ་གང་ཞིག་ཡོད་པ་ལ་བསམ་བློ་ཙམ་བཏང་མ་མྱོང་། མགོན་པོས་བསམ་བློ་བཏང་བས་མི་ཚད་སྐད་ཡིག་མི་འདྲ་བའི་ཡིག་ཚང་ལ་གཤིབ་བསྡུར་ཡང་བྱས་འདུག

ཉིས་སྟོང་བཅུ་གཅིག་གི་དཔྱིད་ཀའི་ཉིན་ཞིག་ལ་མགོན་པོས་ང་ལ་ཁ་པར་ཞིག་སླེབས་ནས་ཁོ་ཕ་ཡུལ་ལ་འགྲོ་རྩིས་ཡོད་པའི་སྐོར་ཞིག་བཤད་སོང་། དེ་ནས་ལོ་དེའི་དབྱར་མཇུག་བར་དུ་ཅི་ཡང་གོ་རྒྱུ་མ་བྱུང་། ཉིན་ཞིག་དཔལ་ལྡན་རྒྱལ་ལགས་ནས་ཁ་པར་ཞིག་འབྱོར་ནས། ཁོ་གསར་འགོད་ཀྱི་ཆེད་དུ་ཁེ་ན་ཊ་ལ་སོང་ནས་མགོན་པོ་ལ་ཐུག་པ་ཡིན་ཏེ། མགོན་པོ་ལ་ཕོ་སྐྲན་བྱུང་ནས་ཟླ་བ་གཉིས་གསུམ་གྱི་མི་རུ་གྱུར་འདུག་ཟེར། དེ་ནས་ཉིན་གཉིས་ཀྱི་རྗེས་སུ་མགོན་པོ་རང་ནས་ཀྱང་ཁ་པར་ཡོང་ནས་ “ང་གཤིན་རྗེ་ཆོས་རྒྱལ་གྱི་ཁ་ནང་ན་ཡོད།”ཟེར།

ཟླ་གཅིག་ཙམ་གྱི་རྗེས་སུ། དཔལ་ལྡན་རྒྱལ་ལགས་ནས་མོ་ཊ་བཏང་ནས་ང་ཚོ་གྲོགས་པོ་གསུམ་མགོན་པོ་ཚེ་རིང་གི་ཁྱིམ་དུ་འབྱོར། སྐབས་དེའི་མཐོང་སྣང་དང་པོ་དེ་ད་དུང་ཡང་ངའི་མིག་ལམ་ན་འདུག ང་ཚོ་ཁོའི་ཁྱིམ་དུ་འཛུལ་བ་ན་མགོན་པོ་ལགས་དཔེ་དེབ་ཀྱི་ཤོག་སྒམ་ཞིག་གི་འཁྲིས་ནས་ཡར་ལངས་སོང་། ཁོའི་སྐྲ་ཐུང་བས་དཔྲལ་བ་ཇེ་ཆེར་སོང་ཡོད་པ་དང་། ཁོའི་སྨིན་ཚོམ་སྟུག་པོ་དེ་གཉིས་ཇེ་མཐུག་དང་ཇེ་ནག་ཏུ་སོང་ཡོད་པའི་ཚོར་བ་སྟེར། མཁུར་ཚོས་གཉིས་དང་སྣ་གཟེངས་གཉིས་ཀྱང་ཇེ་མཐོར་སོང་འདུག དེ་རྣམས་ལས་ཀྱང་མིག་ལ་ཐོགས་པ་ཞིག་ནི་ཁོའི་ལུས་ལ་གོན་པའི་གྱོན་ཆས་ཀྱི་ཕྱེད་ཀ་སྟོང་པ་ཡིན་པའི་ཚོར་བ་སྟེར་བ་དེ་རེད།

འདྲ་པར་འདི་ཐེངས་དེར་རིན་ཆེན་བཀྲ་ཤིས་ལགས་དང་དཔལ་ལྡན་རྒྱལ་ལགས། ང་བཅས་མགོན་ཚེ་དང་བྲལ་སྐབས་བླངས་པ་ཡིན། ངའི་མགོ་ཡི་ཕྱིང་ཞྭ་དེ་ནི་སྔོན་མ་ངས་ཐེངས་དུ་མར་ཁོ་ལ་དཔེ་དེབ་སྐོར་ཞིག་བསྐུར་བ་ལ་བཀའ་དྲིན་ཆེ་མཚོན་བྱེད་དུ་ཁོས་ང་ལ་བྱིན། འདི་ནི་ཁོའི་ཨ་མས་བཟོས་ཤིང་ཁོས་ “ཞྭ་མོ་འདི་རྙིང་པ་མིན་ན་ཡང་འདི་བཟོ་ཤེས་མཁན་ཧ་ཅང་ཉུང་ཉུང་རེད།”ཟེར།

ཞག་གཅིག་བསྡད་ནས་ང་ཚོ་ཁོ་དང་བྲལ་ཁར་ཁོའི་གོང་གི་གཟུགས་བརྙན་དེ་ཡང་སྐྱར་ངའི་མིག་ལ་མངོན་སྟོབས་ཆེན་པོས་ཤར། མགོན་པོས་ཁོའི་ཁྱིམ་གྱི་སྒོ་ཁ་ན་རབ་གསལ་ཞིག་ཡོད་པའི་ཁ་ན་ཐང་ན་ལམ་ཆས་བྱེད་བཞིན་པའི་ང་ཚོ་ལ་བལྟས་འདུག ཁོའི་གདོང་གི་ངོས་གཅིག་ལ་ཉི་འོད་ཕོག་འདུག་ཅིང་ངོས་གཅིག་གྲིབ་མས་གཡོགས་འདུག ཉི་འོད་ཕོག་ཕྱོགས་ཀྱི་ཁོའི་མིག་ལྕིབས་དང་སྣ་གཟེངས། མཁུར་ཚོས་སོགས་ཁ་རྩང་ལས་ཀྱང་ཆེ་ཞིང་མཐོ་བའི་ཚོར་བ་ཞིག་སྐྱེས། ངའི་མིག་གཉིས་མཆི་མས་སྒྲིབ་བཞིན་མོ་ཊའི་ནང་ལ་བུད། ཁོས་རབ་གསལ་ཁ་ནས་ལག་པ་གཡུག་གིན་འདུག ཁོ་ངའི་མིག་ནང་དུ་མག་མོག་ཏུ་གྱུར། དཔལ་ལྡན་རྒྱལ་གྱིས་མོ་ཊ་གཏོང་འགོ་ཚུགས། ལམ་ཐག་རིང་ཙམ་ལ་དཔལ་ལྡན་རྒྱལ་དང་། རིནཆེན་བཀྲ་ཤིས་ངེད་ཚོ་གསུམ་པོ་ཁུ་སིམ་མེར་ཡོང་།

ཉིན་ཁ་ཤས་ཀྱི་རྗེས་སུ་ངས་མགོན་པོ་ལ་ཁ་པར་ཞིག་བཏང་། ལེན་མཁན་ནི་ཁོའི་ཆུང་མ་པད་མ་རེད། མོས་ “གཏམ་བཟང་ཡོད། ཁ་ལག་སྐྱུགས་མ་སོང་། མགོན་པོ་ལ་སྐད་ཆ་ཤོད་དང་།”ཟེར། མགོན་པོ་ལ་ཁ་བརྡ་བྱས་དུས་ཟ་མ་ཟས་པ་སྐྱུགས་མཚམས་ཆད་དེ་Chemo therapy་ཟེར་བའི་སྐྲན་བཅོས་དེ་ལུས་པོས་ལེན་ཐུབ་རྒྱུའི་རེ་བ་འདུག་ཟེར།

སྐྲན་བཅོས་དེ་མགོན་པོའི་ལུས་པོས་ལེན་ཐུབ་པར་གྱུར་ནས་ཁོ་ནི་ཟླ་བ་གཉིས་གསུམ་གྱི་མི་ནས་ལོ་འཁོར་གྱི་མིར་གྱུར། སྐབས་དེ་དག་ལ་ངས་ཁོ་ཐང་ཆད་པར་དོགས་ནས་ཁ་པར་མང་པོ་བཏང་མེད། ཐེངས་རེ་ཟུང་བཏང་དུས་ཡང་ཁོའི་ཁ་བརྡ་རིང་པོ་ལ་ཉན་དགོས་ཀྱི་འདུག ཡང་ཁོས་དཔེ་ཆ་ཀློག་པའི་འགོ་ཚུགས་འདུག་ལ་དྲ་རྒྱ་ལ་ཡང་འཛུལ་གྱི་འདུག གར་ལོག་མི་ཤེས་ན་འདི་རེད་ཟེར་བའི་རྩོམ་དེ་ཡང་བར་སྐབས་དེ་འདྲ་ཞིག་ལ་བྲིས། ༢༠༡༢ ལོའི་དབྱར་མཇུག་ལ་ངའི་སྐྱེས་དམན་དང་ངེད་གཉིས་ཁོ་ལ་བལྟ་རུ་ཐེངས་གཅིག་སོང་། དེ་དུས་ཁོས་ལ་རྩེ་གསར་འཕྲིན་ལ་རྩོམ་ཞིག་འབྲི་རྒྱུའི་ཁས་ལེན་བྱས་ཡོད་པ་དེ་ཡང་འབྲི་ཨེ་ཐུབ་བལྟ་གི་ཡིན་ཟེར།

ཁོ་མ་གྲོངས་པའི་བདུན་ཕྲག་གསུམ་ཙམ་གྱི་སྔོན་ལ་ངས་ཁོ་ལ་ཁ་པར་ཞིག་བཏང་། དེ་ནི་ངས་ཁོ་ལ་ཁ་པར་བཏང་བ་ཐ་མར་གྱུར། ཁོའི་ལུས་པོས་སྐྲན་བཅོས་དེ་ལེན་མ་ཐུབ་པར་དུས་ཡུན་གང་འཚམས་ཤིག་སོང་འདུག ཁོའི་ལུས་པོའི་ལྗིད་ཚད་ལ་རྒྱ་མ་བདུན་ཅུ་ཁ་ཤས་མ་གཏོགས་མི་འདུག་ཟེར། ཁོ་ལ་ཁ་བརྡ་བྱེད་རྒྱུར་ལུས་ཟུངས་ཀྱིས་འདང་གི་མེད་པ་འདྲ། ངེད་གཉིས་ནས་ཁ་བརྡ་སྐར་མ་ལྔ་དྲུག་ཙམ་བྱས་རྗེས་ཁོས་ “ཨ་རོ། ད་དེ་བྱེད། ངེད་གཉིས་ཀྱིས་ངལ་གསོ་བྱེད།”ཟེར།

དེ་ནས་བདུན་ཕྲག་གསུམ་གྱི་རྗེས་སུ་ཁོས་གཏན་དུ་ངལ་གསོ་བྱས་པ་རེད།

མཇུག་རྫོགས།


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ།

  1. བསྟན་པ་ ནས།

    རྒན་པད་མ་འབུམ་ལ་ཐུགས་རྗེ་ཆེ།

  2. བློ་གྲོས་ ནས།

    དྲན་ཐོ་ཧ་ཅང་ཡག་པོ་ཞིག་བྲིས་འདུག མཁས་དབང་པད་མ་འབུམ་གྱི་དྲན་ཐོ་སྨིན་དྲུག་སྐེ་འཁྱོག་ད་དུང་ཡང་ང་ཚོའི་སེམས་ན་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*