བླ་མེད་ཀྱི་བློས་བཏང་།(དང་པོ)

(རང་ཉིད་མེ་རུ་སྲེག་མཁན་དང་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ།)

རྩོམ་པ་པོ་མི་ཁུལ་བྷིག་ས་
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཆོས་ལུགས་ཀྱི་ཆེད་དུ་གཡུལ་བསླང་བར་རང་སྲོག་བློས་བཏང་སྟེ་འགད་རྫས་འགད་མཁན་ཚོའི་བྱ་བྱེད་ཀྱིས། ཟུངས་ཁྲག་གིས་བཏུམས་པའི་བྱིས་པ་དང་དུ་བ་ལང་ལོང་འཕྱུར་བའི་མེ་ཕུང་ཁྲོད་འགད་འཐོར་བྱུང་བའི་རླངས་འཁོར་སོགས་ཀྱི་སྣང་བརྙན་ནི་མི་ཚང་མར་ཧ་ཅང་རྒྱུས་མངའ་ཆེ་བའི་ངང་ཚུལ་ཞིག་ཡིན་ལ། དེས་ནུབ་ཕྱོགས་ཀྱི་མི་རྣམས་ལ་རི་མོའི་གཟུགས་སུ་ཧད་ཧད་པོར་ལུས་དགོས་པའི་སྣང་ཚུལ་བསྐྲུན་ཡོད་སྲིད། འོན་ཀྱང་ཉེ་བའི་ལོ་ཤས་ནང་འདས་བའི་གནད་དོན་བསྐྱར་དུ་བསླང་བར་ཚབས་ཆེ་བའི་ངོ་རྒོལ་གྱི་རྣམ་པ་གཞན་ཞིག་བྱུང་དང་འབྱུང་བཞིན་ཡོད། དེ་ནི་བྱང་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་ཁོངས་གཏོགས་ཊུ་ནི་ཤི་ཡ་(Tunisia)རྒྱལ་ཁབ་ཀྱི་ལམ་འགྲམ་ཟོང་འཚོང་བ་བྷོ་ཛི་ཛི་(Bouazizi)ཡིས་རང་ཉིད་བསྲེགས་ཏེ་རང་སྲོག་བཅད་པའི་ངོ་རྒོལ་བྱ་སྤྱོད་དེས་ཊུ་ནི་ཤི་ཡའི་མངའ་ཁུལ་ཟང་ཟིང་དུ་བཏང་བ་དང་། དེ་རྗེས་བསྟུད་མར་ཨལ་རྗི་རི་ཡ་(Algeria)དང་། ཨི་ཅིབ།(Egypt) མོ་རོ་ཁོ་(Morocco)སོགས་སུ་རང་བསྲེགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་བར་སྐུལ་འདེད་ཐེབས་པ་ཙམ་མིན་པར། བོད་མི་ཚོས་རང་ཉིད་མེ་རུ་བསྲེགས་ཏེ་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་པའི་གྲངས་འབོར་ཡང་ཇེ་ཆེར་འགྲོ་བཞིན་ཡོད། འདས་པའི་ཟླ་ངོ་གཅིག་གི་ནང་བོད་མི་ཉི་ཤུ་རྩ་བརྒྱད་ཀྱིས་རང་ཉིད་མེ་རུ་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༠༩ ནས་ད་ལྟའི་བར་ཁྱོན་བསྡོམས་རང་བསྲེགས་ཀྱིས་ངོ་རྒོལ་ལས་འགུལ་སྤེལ་མཁན་བོད་མི་གྲངས་དགུ་བཅུར་སོན་ཡོད། རང་སྲོག་འདོར་བའི་ངོ་རྒོལ་གྱི་བྱ་སྤྱོད་འདི་ཡུལ་ལུང་ས་ཁུལ་གང་ཞིག་ཏུ་བྱུང་ཡང་། དེས་མི་རྣམས་ཀྱི་བློ་ངོར་ཁོ་ཚོས་ཐུན་མོང་ལ་འཕྲད་པའི་ཆབ་སྲིད་ཀྱི་དཀའ་ཉོག་ཞིག་གི་ཆེད་གཞན་ལ་མི་འཚེ་བར་རང་ཉིད་ཀྱི་གཅེས་སྲོག་འདོར་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་པའི་དྲི་བ་ཞིག་ངང་གིས་སྐྱེད་ཀྱིན་ཡོད།

‘ གཞན་ལ་མི་འཚེ་བ ’ ་ཞེས་པ་འདི་ནི་དེ་བས་ཀྱང་སེམས་སུ་ངེས་མེད་ཀྱི་དོགས་པ་སློང་བྱེད་གཙོ་བོ་ཞིག་ཡིན། སྤྱིར་རང་སྲོག་བློས་བཏང་གིས་རང་ཉིད་ཀྱི་དགྲ་ཟླར་རྒོལ་བ་ནི་ཡོངས་གྲགས་ཡིན་ལ། དགྲ་བོ་དང་འཐབ་མོ་འགྱེད་པ་འདིས་བསད་རྨས་ཚབས་ཆེན་འབྱུང་གི་ཡོད་པས། དེ་ནི་མི་གསོད་ཁྲག་སྦྱོར་གྱི་ལས་འབའ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། འཇབ་རྒོལ་དམག་འཁྲུག་གམ་དྲག་པོའི་འཇིགས་སྐུལ་རིང་ལུགས་པའི་བྱ་སྤྱོད་ཅི་འདྲ་ཞིག་ཡིན་ཡང་། དྲག་སྤྱོད་ཀྱི་ལས་རྩོམ་མཁན་དེས་རང་ཉིད་ཕ་རོལ་པོའི་ལག་ནས་བདེ་བླག་ངང་ཐར་ཐབས་ཅི་དགེ་ལ་འབད་ཀྱི་ཡོད། འོན་ཀྱང་རང་སྲོག་བློས་བཏང་གིས་དྲག་རྒོལ་བྱེད་པ་(Suicide attack)ལ་མཚོན་ན། དེ་འདྲའི་ཚམ་ཚོམ་གང་ཡང་མེད་པས། ཕ་རོལ་དགྲ་སྡེ་ལ་ཤི་རྨས་དང་གཏོར་སྐྱོན་ཚབས་ཆེན་གཏོང་ཐུབ་ཀྱི་ཡོད། གྱེན་ལོག་ཚོགས་ཁག་དག་གིས་རང་སྲོག་བློས་བཏང་གིས་དྲག་རྒོལ་བྱེད་ཐབས་འདི་སྤྱོད་ཀྱི་ཡོད། ཁོང་ཚོས་ཐབས་ལམ་འདི་སྤྱོད་དོན་ནི། དྲག་སྤྱོད་ཀྱི་ལས་རྩོམ་མཁན་དེ་འབར་གས་ཁྲོད་གསོན་པའི་གོ་སྐབས་བྲལ་སྟབས་འཛིན་བཟུང་དང་འདྲི་རྩད་ཀྱིས་རྗེས་ཤུལ་འཚོལ་ཐབས་མེད་པས་ཡིན། རང་སྲོག་བློས་བཏང་གིས་འགད་རྫས་བཀད་པ་དེས་མང་ཚོགས་ལ་འཇིགས་སྣང་སྐུལ་བ། དཔལ་འབྱོར་འཕེལ་རྒྱས་ལ་བར་ཆད་གཏོང་བ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་བྱ་ལོང་བྱེད་ལོང་མེད་པ་བཟོ་བ། དྲག་སྦྱོར་གྱི་འཁོན་འཛིང་སློང་བ་སོགས་ཡོང་གི་ཡོད།

རང་ཉིད་གཅིག་པུའི་གཅེས་སྲོག་དོར་ཏེ་ངོ་རྒོལ་བྱེད་པ་(Suicide protest)ལ་གོང་གི་དེ་ལྟ་བུའི་མཇུག་འབྲས་འབྱུང་གི་མེད། དེ་ནི་རང་ཉིད་གཅིག་པུའི་སྲོག་འདོར་བ་དེས་མངོན་འདོད་ཅིག་གསང་བོར་བརྗོད་ཐབས་བྱེད་པ་ལས་མི་གསོད་ཁྲག་སྦྱོར་གྱི་ལས་ལ་དམིགས་མེད་པས་རེད། ཨོག་སུ་ཧྥོར་ཌའི་སྤྱི་ཚོགས་རིག་པ་བ་(Oxford Sociologist)ཌི་གྷོ་གྷམ་བྷེ་ཊཱ་(Diego gambetta)མཆོག་གིས་ གང་ཞིག་གི་ཆེད་རང་སྲོག་བློས་གཏོང་བ་དེས་མི་ཞིག་གི་བླ་ན་མེད་པའི་དད་ཞེན་འགྱུར་མེད་ཀྱི་སྟོགས་ཤུགས་མཚོན་གྱི་ཡོད། རང་ཉིད་ཀྱི་དད་ཞེན་གཙུག་ཏུ་བཀུར་བའི་མི་ཞིག་ཡིན་ན། ད་གཟོད་གནད་དོན་ཞིག་གི་ཆེད་རང་སྲོག་འདོར་བའི་བླ་མེད་ཀྱི་བློས་གཏོང་ཐད་བསམ་གཞིགས་ནན་མོ་གཏོང་ཐུབ་ཀྱི་ཡོད། ’ གསུངས། མེ་རུ་སྲེག་པ་ལྟ་བུ་བཟོད་གླགས་བྲལ་བའི་ན་ཟུགས་མྱོང་བཞིན་ལྔ་བའི་ལམ་དུ་ཕྱོགས་པ་དེས། གོང་དུ་གསུང་བའི་དད་ཞེན་འགྱུར་མེད་ཀྱི་སྟོབས་ཤུགས་བླ་རུ་འཕགས་པ་མཚོན་བཞིན་ཡོད་པ་སྨྲོས་མ་དགོས་ལ། དེར་ད་དུང་ལྟ་མཁན་དང་ཉན་མཁན་མང་པོ་ཞིག་ལ་ཐད་གར་གནས་ཚུལ་གོ་བསྐོན་གསེད་འགྲོལ་ཡོང་བའི་ནུས་པ་ལྡན། སྐབས་འགར་མི་མང་འདུ་གནས་མ་ཡིན་སར་སྒེར་སེམས་དང་བྲལ་བའི་ངང་(རང་སྲེག་བྱེད་མཁན་ཚོས་)(Self-immolators)རང་སྲོག་འདོར་གྱིན་མང་ཚོགས་ཀྱི་དོ་སྣང་དང་རྒྱབ་སྐྱོར་འཐོབ་རེ་བྱེད་བཞིན་ཡོད། ཡང་ལན་རེར་གནད་དོན་གང་ཞིག་གི་སླད་རང་གི་རིགས་མཐུན་ཚོའི་ཆོད་སེམས་གོང་དུ་སྤེལ་ཆེད་(རང་སྲེག་བྱེད་མཁན་ཚོས་)རང་སྲོག་འདོར་གྱིན་ཞུ་འབོད་བྱེད་བཞིན་ཡོད།

དེང་སང་འགད་རྫས་འགད་བཞིན་རང་སྲོག་འདོར་མཁན་ཡོང་གི་ཡོད་པ་དེའི་རྒྱུ་རྐྱེན་ནི། ཕྱོགས་གཅིག་ནས་ཕྱི་ལོ་༡༩༨༠ ལོའི་སྟོད་ཙམ་ལ་(ཨེ་ཤི་ཡའི་ལྷོ་ནུབ་ཏུ་ཆགས་པའི་)ལེ་བྷ་ནོན་(Lebanon)རྒྱལ་ཁབ་ནང་བྱུང་བའི་དོན་རྐྱེན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ། ཨི་ཛི་རལ་(Israel)གྱིས་ལེ་བྷ་ནོན་དབང་དུ་བསྡུས་པ་དེས་རྙོག་འཛིང་ཆེ་བའི་གྱེན་ལོག་དོན་རྐྱེན་བསྟུད་མར་བསླངས་ཡོད་ལ། དེ་ནི་ཕྱོགས་གཅིག་ནས་སྲིད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ལ།ཡང་ཕྱོགས་གཞན་ཞིག་ནས་ཨི་རན་གསར་བརྗེ་(Iranian Revolution)དང་འབྲེལ་བ་ཡོད་པ་ཞིག་ཡིན། སྐབས་དེར་ཨི་ཛི་རལ་གྱི་དྲག་པོའི་དཔུང་དམག་ལ་ངོ་རྒོལ་དང་། ཨི་རག་(Iraq)གི་གཞུང་ཚབ་ཁང་དང་། ཨི་ཛི་རལ་གྱིས་ལེ་བྷ་ནོན་དབང་དུ་བསྡུས་མ་ཐག་གི་གནས་བབ་ལྷིང་འཇགས་ཡོངས་ཐབས་བྱེད་པའི་རྒྱལ་ཁབ་སྣ་ཚོགས་ཀྱི་མཉམ་སྦྲེལ་དམག་དཔུང་སོགས་ལ་ངོ་རྒོལ་གྱིས་རང་སྲོག་བློས་གཏོང་གི་དྲག་སྦྱོར་ཅི་རིགས་བརྩམས་ཡོད། དེ་ལས་མི་ཀུན་གྱི་བློ་ངོར་ཟློས་གར་བཞིན་སྣང་བརྙན་གསལ་ལྷང་ངེར་བསྐྱེད་པའི་དཔེ་མཚོན་ཞིག་ནི། འགད་རྫས་དོས་སྐྱེལ་རླངས་འཁོར་གང་བཀད་དེ་ཨ་རིའི་ཞབས་ཞུའི་ལས་སྣེ་བ་༢༤༡ དུས་གཅིག་ལ་རྐྱེན་ལམ་དུ་བརྫངས་པ་དེ་ཡིན། དེས་འཛམ་གླིང་ཁྱོན་དུ་འགད་རྫས་རླངས་འཁོར་གང་གི་གཏོར་སྐྱོན་གྱི་ནུས་པ་དང་དྲག་ཅིང་རྩུབ་པའི་སྦྱོར་བ་བཤམས་ཏེ་ཚེ་སྲོག་འདོར་བའི་འདུན་པ་བཅས་བསྟན་ཡོད།

རང་ཉིད་གཅིག་པུའི་གཅེས་སྲོག་དོར་ཏེ་ངོ་རྒོལ་བྱེད་པའི་བརྒྱུད་རིམ་ནི་རང་སྲོག་བློས་བཏང་གིས་དྲག་རྒོལ་བྱེད་པའི་བརྒྱུད་རིམ་ལས་རིང་བ་ཡོད། དེ་ནི་ཕྱི་ལོ་༡༩༦༠ ལོའི་སྟོད་དུ་ཨ་རིས་ཝེད་ནམ་(Vietnam)དུ་གྲངས་ཉུང་མི་རིགས་སུ་གྱུར་བའི་རྣམ་དག་ཆོས་ལུགས་པ་(Catholic minority)ཚོའི་ཁེ་ཕན་ཆེད་ཝེད་ནམ་ལྷོ་མའི་(South Vietnam)སྲིད་འཛིན་ངོ་ཌིན་ཌིམ་(Ngo Dinh Diem)གྱི་གཞུང་ལ་རྒྱབ་སྐྱོར་བྱེད་པའི་དུས་ནས་བྱུང་ཡོད། ཕྱི་ལོ་༡༩༦༣ལོར་སྲིད་གཞུང་གིས་སངས་རྒྱས་ཆོས་ལུགས་ཀྱི་དར་ཆ་སྤྱོད་པར་དམ་བསྒྲགས་བྱས་པ་དང་། དྲག་ཆས་ཐོགས་པའི་བདེ་སྲུང་དམག་གིས་ངོ་རྒོལ་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་རྣམས་ལ་མེ་མདའ་བརྒྱབ་ཏེ་མང་ཚོགས་དང་བདེ་སྲུང་དམག་དབར་དྲག་རྒོལ་དང་དྲག་གནོན་གྱི་གནས་ཚུལ་ཚབས་ཆེན་བྱུང་། སྐབས་དེར་ནང་པའི་དགེ་སློང་ཚོས་ཆོས་ལུགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཤིང་། དགུང་ལོ་ཅུང་ཟད་བགྲེས་པའི་དགེ་སློང་ཐིག་ཆུང་ཌུག་(Thich Quang Duc)འབོད་པ་ཞིག་གིས་འཐབ་རྩོད་ཆེད་རང་ལུས་སྦྱིན་པར་ཕུལ་ཏེ། ཨ་རིའི་གསར་འགོད་པ་ཚོའི་མདུན་སར་རང་ཉིད་མེ་རུ་བསྲེགས་ཡོད། ཁོང་རབ་ཏུ་འབར་བའི་མེ་ལྕེའི་ཁྲོད་རྡོ་རྗེ་དཀྱིལ་དཀྲུང་དུ་བཞུགས་པའི་འདྲ་པར་དེ་འཛམ་གླིང་ཕྱོགས་མཐའ་ཀུན་ལ་ཁྱབ་ཅིང་གྲགས་པར་གྱུར། དེ་ལྟར་ཁོང་སྐུ་གཤེགས་པ་དེས་ཝེད་ནམ་ས་ཁུལ་ཀུན་ནས་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཤུགས་ཆེར་སྤེལ་བ་དང་རང་ལུས་མེ་སྲེག་གི་གནས་ཚུལ་ཡང་བསྟུད་མར་བྱུང་། དགེ་སློང་ཐིག་ཆུང་ཌུག་སྐུ་གཤེགས་ནས་ཟླ་བ་ལྔ་ཙམ་གྱི་རྗེས་སུ། ཨ་རིའི་མངོན་ཆུང་གི་རྒྱབ་སྐྱོར་འོག་ཌིམ་(Ngo Dinh Diem)གྱི་སྲིད་དབང་མགོ་རྟིང་བསློགས་ཤིང་། སྐབས་དེའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཌེན་ར་ས་ཀ་(Dean Rusk)མཆོག་གིས་ ‘ འདི་ལས་ལྷག་འཚིག་པར་ང་ཚོའི་བློས་མི་འཁྱུད། ’ གསུངས།

ཝེད་ནམ་ལྷོ་མའི་ནང་བྱུང་བའི་རང་སྲེག་གི་གནས་ཚུལ་དེས་མངོན་འདོད་གསང་པོར་བརྗོད་པའི་སྟོབས་ཤུགས་ཀྱི་སྣང་བརྙན་ངོ་མཚར་བ་ཞིག་བསྐྲུན་ཡོད། འདས་ཟིན་པའི་ལོ་རབས་ནང་རང་སྲོག་རང་གིས་གཅོད་པའི་ངོ་རྒོལ་གྱི་དཔེ་མཚོན་ཅི་ཡང་བྱུང་མ་མྱོང་བ་དེ་འདྲ་མིན་མོད། རང་སྲོག་འདོར་བར་མེ་རུ་སྲེག་པའི་ལས་ཐབས་འདི་སྤྱད་པ་ཅང་མེད། ཕྱི་ལོ་༡༩༦༣ རྗེས་སུ་འཛམ་གླིང་ཁྱོན་དུ་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་པའི་ལས་འགུལ་སྤེལ་བའི་གྲངས་ཚད་ལྡབ་བཅུས་ཇེ་མང་དུ་སོང་ཡོད་ལ། ད་ལྟའི་བར་རང་སྲོག་འདོར་བར་མེ་རུ་སྲེག་པའི་ལས་ཐབས་སྤྱོད་རྒྱུ་འདི་སྤྱི་སྲོལ་ལྟ་བུ་ཞིག་ཏུ་གྱུར་ཡོད། རིམ་བཞིན་ ‘དམར་མཆོད(Immolation) ‘ ཅེས་པའི་ཐ་སྙད་འདིའི་གོ་དོན་ལ་འགྱུར་བ་ཐེབས་པའང་སྟེས་དབང་ཞིག་ག་ལ་ཡིན། ཐ་སྙད་འདིའི་ཐོག་མའི་གོ་དོན་དང་འབྱུང་ཁུངས་ནི་དམར་མཆོད་(Sacrifice) ཅེས་པ་འདི་ཡིན་མོད། དེང་སྐབས་མེར་སྲེག་(Incineration)ཅེས་པའི་གོ་དོན་དང་སྦྱར་ནས་སྤྱོད་སྲོལ་ཞིག་ཆགས་ཡོད། དེ་སྔ་ཕྱི་ལོ་༡༩༨༣ ལོར་བེབ་ས་ཊེར་འཛམ་གླིང་གསར་པའི་མཐོ་སློབ་ཚིག་མཛོད་(Webster痴 New World College Dictionary)ནང་དམར་མཆོད་ཀྱི་ཐ་སྙད་འདིའི་གོ་དོན་མེ་དང་སྦྱར་བ་ཅང་མེད་མོད། དེང་སང་དེའི་གོ་དོན་འགྲེལ་བརྗོད་བྱེད་སྐབས་ ‘ དུས་རྒྱུན་མང་ཚོགས་གྱི་མདུན་སར་རང་ཉིད་མེ་རུ་བསྲེགས་ཏེ་རང་སྲོག་འདོར་བ་ ’ ཞེས་སྤྱོད་སྲོལ་ཞིག་ཆགས་ཡོད།

ཕྱི་ལོ་༡༩༨༠ ལོའི་འགོ་ཙམ་ནས་ཁ་ཆེའི་གྱེན་ལོག་ཤོག་ཁག་དང་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་ཚོས་འགད་རྫས་བཀད་དེ་རང་སྲོག་འདོར་བའི་ལས་སྦྱོར་དར་ཁྱབ་ཆེ་རུ་གྱུར་ཡོད། ཤྲི་ལིངྒའི་ཡུལ་གྱི་ཊ་མིལ་ཊ་ཡི་གྷེར་ཚོགས་ཁག་(Tamil Tigers)དང་འབྲེལ་བའི་གནད་དོན་ནི་ཁྱབ་ཁོངས་དེ་ལས་འདས་པའི་གནས་ཚུལ་གཞན་ཞིག་རེད། གཞན་ཡང་རང་སྲོག་འདོར་བའི་ངོ་རྒོལ་ལས་འགུལ་སྤེལ་བ་འདི་ལ་རིག་གཞུང་མི་འདྲ་བའི་རྒྱབ་ལྗོངས་དང་བརྒྱུད་རིམ་སྣ་ཚོགས་ཡོད་དེ། ལྷོ་ཀོ་རི་ཡའི་ནང་དུ་གཡོན་ཕྱོགས་ཀྱི་ལྟ་ཚུལ་འཛིན་པའི་སློབ་ཕྲུག་དང་ངལ་རྩོལ་བ་ཚོས་ཨ་རིས་སྲིད་དབང་སྒེར་སྤྱོད་པར་རྒྱབ་སྐྱོར་བྱས་པར་ངོ་རྒོལ་བྱས་པ་ཡིན་ན་འདྲ། (ཡོ་རོབ་བྱང་ཤར་ཁུལ་དུ་ཆགས་པའི)ལི་ཐུ་ནི་ཡའི་(Lithuania)མི་མང་གིས་ཨུ་རུ་སུའི་མངའ་འོག་ནས་རང་བཙན་བརྩད་པ་ཡིན་ན་འདྲ། ཧྥ་ལུན་གོང་ཉམས་ལེན་པ་ཚོས་རྒྱ་ནག་གིས་སྡུག་སྦྱོང་མནར་གཅོད་གཏོང་བར་ངོ་རྒོལ་བྱས་པ་ཡིན་ན་འདྲ། ཚང་མས་རྙོག་འཛིང་ཆེ་ལ་གཏིང་ཟབ་པའི་གནད་དོན་སྣ་ཚོགས་ལ་གདོང་ལེན་བྱེད་པའི་འཐབ་ཇུས་ཅི་རིགས་སྤྱད་ཡོད། ཕྱི་ལོ་༢༠༡༠ ཡི་གོང་དུ་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་(Republic of Turkey)ཀྱི་ཁྱིམ་མཚེའུ་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་རང་སྲོག་འདོར་བའི་ངོ་རྒོལ་ལས་འགུལ་ཅང་བྱུང་མྱོང་མེད་པ་ལྟ་བུ་རེད། འོན་ཀྱང་ཊུ་ནི་ཤི་ཡའི་ནང་བྷོ་ཛི་ཛིས་རང་ཉིད་མེ་རུ་བསྲེགས་ཏེ་ངོ་རྒོལ་གྱིས་སྐུ་གཤེགས་པའི་གནས་ཚུལ་བྱུང་བ་ནས་རྣམ་པ་དེར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

(མི་ཁུལ་བྷིག་ས་(Michael Biggs)ནི་ཨོག་སུ་ཧྥོ་ཌ་སློབ་གྲྭ་ཆེན་མོའི་(Oxford University)སྤྱི་ཚོགས་རིག་པ་བ་(Socialogist)ཞིག་ཡིན། ཁོང་གིས་སློབ་གྲྭ་ཆེན་མོ་དེའི་ནང་སྤྱི་ཚོགས་ཀྱི་ལས་འགུལ་དང་ངོ་རྒོལ་གྱི་བྱ་བར་ཞིབ་འཇུག་བྱེད་ཀྱི་ཡོད།)
མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*