བླ་མེད་ཀྱི་བློས་བཏང་།(གཉིས་པ)

(རང་ཉིད་མེ་རུ་སྲེག་མཁན་དང་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ།)

རྩོམ་པ་པོ་མི་ཁུལ་བྷིག་ས།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྤྱིར་ངོ་རྒོལ་གྱིས་རང་ཉིད་གཅིག་པུའི་རང་སྲོག་འདོར་བའམ་འགད་རྫས་བཀད་དེ་རང་སྲོག་འདོར་བ་དང་གཞན་སྲོག་གཅོད་པའི་རིགས་གང་ཡིན་ཡང་དར་ཁྱབ་ཆེ་རུ་སོང་ཡོད་མོད། འདི་གཉིས་ཟུང་དུ་འབྲེལ་བ་ཞིག་རེད་དམ་ཞེ་ན། མ་རེད། དེ་གཉིས་ལ་གནད་དོན་གཅིག་གི་ཆེད་འཐབ་ཇུས་མཉམ་སྤྱོད་མི་བྱེད་པའི་ཁྱད་པར་ཆེན་པོ་ཡོད། བཙོན་དུ་བཅུག་པའི་ཀར་ཌི་ས་ཊན་ངལ་རྩོལ་ཚོགས་པའི་(Kurdistan Workers’ Party= PKK)ཚོགས་མི་རྣམས་ཀྱིས་བཙོན་ཁང་ནང་ཟས་བཅད་ངོ་རྒོལ་བྱས་མཐར་རང་ཉིད་མེ་རུ་བསྲེགས་ཏེ་རང་སྲོག་འདོར་བའི་སྦྱོར་བ་བརྩམས་ཤིང་། ཕྱི་ལོ་༡༩༩༠ ལོའི་ལོ་མཇུག་ཏུ་ཀར་ཌི་ས་ཊན་ངལ་རྩོལ་ཚོགས་པས་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ནང་རང་སྲོག་འདོར་བའི་དྲག་རྒོལ་གྱི་དོན་རྐྱེན་བསྟུད་མར་སྤེལ་ཡོད། འོན་ཀྱང་བཙོན་ཁང་ནང་དུ་རང་སྲོག་འདོར་བ་དང་བཙོན་ཁང་ཕྱི་རུ་རང་སྲོག་དོར་ཏེ་ངོ་རྒོལ་ལས་འགུལ་སྤེལ་བ་གཉིས་མི་འདྲ། བཙོན་ཁང་ནང་དུ་རང་སྲོག་འདོར་བའི་ལས་བརྩམས་ཀྱང་སྲོག་ཤོར་བའི་ཚད་བཙོན་ཁང་ཕྱིའི་གནས་ཚུལ་ལས་ཉུང་བ་ཡོད། ཕྱི་ལོ་༡༩༩༩ ལོར་PKK ཚོགས་པའི་འགོ་ཁྲིད་འཛིན་བཟུང་བྱས་པ་དང་། ཁོང་འཛིན་བཟུང་བྱ་བའི་ཐད་གྷི་རིག་སྲིད་གཞུང་གིས་བྱ་སྤྱོད་སྤེལ་སྟངས་ལ་དགག་རྒྱག་གིས་ཡོ་རོབ་ཁུལ་དུ་ཡོད་པའི་རྒྱབ་སྐྱོར་བ་ཁ་ཤས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་ཡོད། འོན་ཀྱང་དེ་ལྟའི་གནས་བབ་ཁྲོད་PKK ཚོགས་པས་ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་མཉམ་དུ་ཞི་འགྲིག་ཡོང་ཐབས་བྱེད་ཀྱིན་ཡོད།

སྤྱིར་དུས་རབས་ཉི་ཤུ་པའི་ཕྱེད་ཙམ་ནས་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་ལུགས་འདི་དར་ཁྱབ་ཆེན་པོ་བྱུང་ཡོད་ནའང་། དེ་ནི་ནུབ་ཕྱོགས་དམངས་གཙོ་ལྡན་པའི་ཡུལ་གྲུ་ཁག་ནས་ཐོག་མར་བྱུང་བ་ཞིག་མ་ཡིན། རང་སྲོག་འདོར་བའི་ངོ་རྒོལ་དེ་འདྲ་འབྱུང་སྐབས་ཞིབ་འཇུག་བྱས་ཚེ། མང་ཆེ་བ་ཨེ་རག་དང་། ཨེ་རན། ཏུར་ཀི་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ཆ་ཤས་སུ་གཏོགས་པའི་ཀར་ཌི་ས་ཊན་གྱི་ཡུལ་ནས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་གནས་སྤར་ཡོང་མཁན་གྱི་རིགས་ཡིན་འདུག འོན་ཀྱང་དེ་ལྟ་བུ་ཡུལ་གཞན་ནས་ཡོང་མཁན་མ་ཡིན་པའི་ནུབ་ཕྱོགས་ཀྱི་ས་གནས་ས་ཐོག་གི་མིས་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་པའི་གནས་ཚུལ་དེ་འདྲ་ཡང་ཁ་ཤས་བྱུང་མྱོང་ཡོད་པ་དང་། དེའི་ཁྲོད་ཀྱི་དཔེ་མཚོན་ལེགས་ཤོས་ཤིག་ནི། ཕྱི་ལོ་༡༩༦༥ ལོར་པན་ཊ་གྷོན་(Pentagon)གྱི་ཉེ་སར་རང་ཉིད་མེ་རུ་བསྲེགས་ཏེ་ངོ་རྒོལ་བྱེད་མཁན་ཨ་རི་བ་ནོར་མན་མོ་རི་སན་(Norman Morrison)མཆོག་ཡིན། ཁོང་གིས་ཝེད་ནམ་དམག་འཁྲུག་ཁྲོད་ཨ་རིས་ཐེ་གཏོགས་བྱེད་པའི་བྱ་སྤྱོད་ལ་ངོ་རྒོལ་བྱས་ཤིང་། ཁོང་གིས་ངོ་རྒོལ་བྱས་པ་དེར་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་མི་སྒེར་དང་ཚོགས་སྡེ་ཁག་ཙམ་མིན་པར་ཨ་རི་བ་མང་པོས་ཀྱང་རྒྱབ་སྐྱོར་མཚོན་པའི་རྣམ་འགྱུར་ཅུང་ལེགས་པོ་བསྟན་ཡོད་ལ། དེ་ལས་ཀྱང་ཝེད་ནམ་ལྷོ་བྱང་གཉིས་ཀྱི་མི་མང་གིས་ཁོང་གི་མཛད་སྤྱོད་ལ་བསྟོད་བསྔགས་བླ་མེད་བྱས་ཤིང་། ཝེད་ནམ་བྱང་མའི་ནང་དུ་ཁོང་ལ་སྙན་ངག་གིས་བསྟོད་ཚིག་འབུལ་བ་དང་ཁོང་གི་སྐུ་པར་སྦྲགས་རྟགས་སྟེང་སྤྱོད་པ་བཅས་བྱས་ཡོད།

ནུབ་ཕྱོགས་མང་གཙོ་ལྡན་པའི་ཡུལ་གྲུ་ཁག་ཏུ་རང་སྲོག་དོར་ཏེ་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་གནས་ཚུལ་མེད་པ་དེས། ཕྱོགས་གཅིག་ནས་མང་གཙོ་ཞེས་པའི་ལམ་ལུགས་འདིའི་དགེ་མཚན་ལ་འགྲེལ་བརྗོད་བྱེད་ཀྱིན་ཡོད་པ་ཞིག་ཀྱང་རེད། གནད་དོན་གང་ཞིག་གི་ཐད་ལའང་ཕན་ཚུན་གཉིས་མོས་ཡོང་ཐབས་དང་། མི་སོ་སོའི་འདོད་ཚུལ་སྲོང་པོར་བརྗོད་པའི་ཐོབ་ཐང་དང་གོ་སྐབས་ཡོད་པའི་ཆབ་སྲིད་ལམ་ལུགས་ཤིག་གི་འོག་མངོན་འདོད་གསོང་པོར་བརྗོད་ཐབས་སུ་རང་སྲོག་དོར་ཏེ་ངོ་རྒོལ་བྱ་དགོས་པའི་གནས་ཚུལ་འབྱུང་རྒྱུ་ཉུང་ཉུང་རེད། དེ་ལྟ་བུའི་རང་དབང་དང་ཐོབ་ཐང་ལྡན་པའི་སྤྱི་ཚོགས་ཤིག་གི་ནང་། མང་ཚོགས་ཀྱིས་འོས་ཤོག་འཕེན་པའམ་རྔམ་སྟོན་ཁྲོམ་སྐོར་བྱེད་པ་སོགས་ཀྱི་ལམ་ནས་རང་ཉིད་ཀྱི་མངོན་འདོད་གསོང་པོར་སྒྲོག་ཐུབ་ཀྱི་ཡོད། མི་ཞིག་གི་དད་མོས་ཀྱི་སྟོབས་ཤུགས་དང་འབྲེལ་བའི་གནད་དོན་ཐད་ནས་བཤད་ན། དྲ་ཐོག་ནས་མཐོ་རིམ་མི་སྣ་ལ་ཞུ་བའི་གློག་འཕྲིན་རེ་གཏོང་བར་རེ་འབྲས་སྨིན་པའི་ལན་འདེབས་ཤིག་ཡོང་རྒྱུར་དུས་ཡུན་ཅུང་འགོར་གྱིན་ཡོད། འོན་ཀྱང་མི་ཞིག་གིས་རང་ཉིད་ཀྱི་དད་མོས་ཆེད་གཅེས་སྲོག་འདོར་བ་ནི་ཧ་ཅང་ཐལ་དྲགས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་དང་། དེ་ལྟར་རང་སྲོག་འདོར་མཁན་དེ་ཀླད་སྐྱོན་ཅན་ཞིག་གམ་ཡང་ན་ཤེས་པ་གནད་དུ་མི་གནས་མཁན་ཞིག་མིན་ཚེ། དེ་ནི་ཕྱོགས་སུ་ལྷུང་བའི་མཁྲེག་འཛིན་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

དེ་ལྟ་ནའང་། མང་གཙོའི་ལམ་ལུགས་ནི་དཀའ་གནད་འདི་ཚང་མ་སེལ་བྱེད་ཁོ་ན་རེད་དམ་ཞེ་ན། མ་རེད། དོན་དངོས་སུ་ལོ་རྒྱུས་ནང་ངོ་རྒོལ་གྱིས་རང་སྲོག་འདོར་བའི་རླབས་རྒྱུན་ཆེ་ཤོས་དེ་མང་གཙོ་ལྡན་པའི་རྒྱལ་ཁབ་རྒྱ་གར་ནང་འཕྱུར་མྱོང་ཡོད། ཕྱི་ལོ་༡༩༩༠ ལོར་རིགས་རུས་མཐོན་པོར་རྩི་བའི་ཁྱིམ་དུ་འཚར་བའི་སློབ་མ་བརྒྱ་ལྷག་གིས་རང་ཉིད་མེར་སྲེག་པ་དང་། དུག་འགམ་པ། དཔྱང་ལ་འདོགས་པ་སོགས་རང་སྲོག་འདོར་ཐབས་ཀྱི་སྦྱོར་བ་ཅི་རིགས་བརྩམས་ཏེ་སྲིད་གཞུང་དང་མཐོ་སློབ་ཁག་གི་ནང་རིགས་རུས་དམན་པར་རྩི་བའི་ཁྱིམ་དུ་འཚར་བའི་བྱིས་པ་ཚོར་སློབ་གཉེར་དང་ལས་ཀའི་གོ་སྐབས་སྤྲོད་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་པའི་གནས་ཚུལ་བྱུང་ཡོད། དེས་ན་ས་ཆ་ཁག་ཅིག་ཏུ་ཆོས་ལུགས་དང་འབྲེལ་བའི་སྲོལ་རྒྱུན་གྱི་འདུ་ཤེས་དང་ཆབ་སྲིད་ལམ་ལུགས་གཉིས་ནི་ངོ་རྒོལ་གྱིས་རང་སྲོག་འདོར་བའི་གནད་དོན་དང་འབྲེལ་བ་དམ་ཟབ་ཡོད་པ་གསལ་པོར་ཤེས་ཐུབ། དེར་བརྟེན་ང་ཚོས་ཅིས་ཀྱང་འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་དང་འབྲེལ་བའི་གནད་དོན་ནས་མི་སྒེར་གྱི་བསམ་པའི་འཁྱེར་སོ་བཅས་ཕྱོགས་ཀུན་ལ་བསམ་གཞིགས་བྱ་དགོས།

སྤྱིར་གང་ཟག་ཅིག་གི་བསམ་པའི་འཁྱེར་སོ་ལ་འགྲེལ་བརྗོད་བྱ་རྒྱུ་ལས་སླ་བོ་མིན་ལ། ལྷག་པར་དུ་ཆེས་ལྐོག་གྱུར་གྱི་བྱ་སྤྱོད་ཅིག་དང་འབྲེལ་ནས་གང་ཟག་ཅིག་གི་བསམ་པའི་འཁྱེར་སོ་ལ་འགྲེལ་བརྗོད་བྱ་རྒྱུ་དེ་དཀའ་མོ་ཡིན། རང་སྲོག་བློས་བཏང་གིས་དྲག་རྒོལ་བྱེད་པའི་རྐྱེན་རྩ་ཤེས་འདོད་ཆེན་པོ་ཡོད་ནའང་གནས་ཚུལ་དངོས་ར་འཕྲོད་པའི་བདེན་དཔང་ཧ་ཅང་དཀོན། དེང་སྐབས་འཛམ་གླིང་ནང་འགད་རྫས་བཀད་དེ་རང་སྲོག་འདོར་བའི་ཡུལ་གཙོ་བོར་ངོས་འཛིན་བྱེད་པའི་རྒྱལ་ཁབ་ཨ་ཧྥ་གྷ་ནི་ས་ཊན་(Afganistan)དང་ཨེ་རག(Iraq) ནང་དུ་དྲག་སྦྱོར་རྩོམ་མཁན་རྣམས་ཀྱིས་རང་ངོས་ནས་ལས་དེ་ལྟ་བུ་ཞིག་སྒྲུབ་པའི་རྒྱུ་མཚན་གསལ་བོར་འཆད་རྒྱུ་ཕར་ཞོག་ཐ་ན་རང་ཉིད་ཀྱི་མིང་ལ་ཅི་ཟེར་ཡང་ཕྱིར་སྒྲོག་བྱེད་ཀྱི་མེད། ས་གནས་སྤྱི་བདེ་མི་སྣ་ཚོར་ཚན་རིག་གིས་གནས་ཚུལ་རྟོག་ཞིབ་བྱེད་ཐབས་སྤྱོད་པའི་ནུས་པ་མེད་ཁར་ས་གནས་མང་ཚོགས་ཀྱི་གནས་ཚུལ་ཞིབ་རྒྱས་ཉར་བའི་ཡིག་ཚགས་མེད་སྟབས། གནས་ཚུལ་ཞིག་བྱུང་ཚེ་དེའི་རྟགས་དང་མཚན་མ་ངོས་འཛིན་གསལ་བོ་ཐུབ་ཀྱི་མེད། ངོ་རྒོལ་ལས་འགུལ་འདི་དག་གི་ཁྲོད་གནས་ཚུལ་ཡོང་ཁུངས་གཙོ་བོ་ནི་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་གྱི་ནང་ནས་མགོ་བཏགས་ཞུ་མཁན་ཉུང་ཤས་རེ་ཡོང་གི་ཡོད་པ་དེ་དག་དང་། ཡང་སྐབས་རེར་འགད་རྫས་ལ་སྐྱོན་ཤོར་ཏེ་འགས་འཐོར་མ་བྱུང་བའི་གནས་ཚུལ་འོག་དྲག་སྦྱོར་གྱི་ལས་རྩོམ་མཁན་རེ་འགའ་འཛིན་བཟུང་བྱ་ཐུབ་ཀྱི་ཡོད་པ་དག་ཡིན།

ཨ་ཧྥ་གྷ་ནི་ས་ཊན་དུ་དྲག་སྦྱོར་གྱི་ལས་རྩོམ་མཁན་དེ་དག་ལས་མང་ཤོས་ནི་ན་གཞོན་ཡིན་པ་དང་། ཁོ་ཚོས་ལས་དེ་རིགས་བརྩམས་དོན་ནི་ཊ་ལི་བྷན་(Taliban) གྱིས་མགོ་སྐོར་འོག་ཚུད་སོང་བས་ཡིན་ལུགས་དང་ཊ་ལི་བྷན་གྱིས་བཙན་གྱིས་བསྒྲུབས་ཏུ་བཅུག་ཚུལ་སོགས་རྒྱུ་མཚན་ཅི་རིགས་བཤད་ཀྱི་ཡོད། འོན་ཀྱང་གནད་དོན་རྟོགས་པར་རྙོག་འཛིང་ཆེ་ཤོས་ནི་འགད་རྫས་བཀད་དེ་རང་སྲོག་འདོར་རྩིས་བྱེད་མཁན་ཁྲོད་ནས་མགོ་བཏགས་ཞུ་མཁན་རྣམས་དོན་དངོས་སུ་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་རྣམས་ཀྱི་ཚབ་མཚོན་མིན་པ་དེ་རེད། འགད་རྫས་བཀད་དེ་རང་སྲོག་འདོར་བའི་ངོ་རྒོལ་ལས་འགུལ་ཁ་ཤས་ཁྲོད་དྲག་རྒོལ་བ་ཚོས་གནས་ཚུལ་ཁྱབ་སྤེལ་ཆེད་བརྙན་བླངས་ཡོད། ཕྱི་ལོ་༡༩༨༥ ལོར་ལེ་བྷ་ནོན་(Lebanon) རྒྱལ་ཁབ་ནང་ཨི་ཛི་རལ་གྱི་འཛིང་རགས་གཏོར་བར་དམིགས་མྱོང་བའི་བུད་མེད་ས་ན་མེ་ཧའི་ཌ་ལི་(Sana誕 Mehaidli) ནི་ལས་འགུལ་འདིའི་རིགས་རྩོམ་མཁོན་ཁྲོད་གནས་ཚུལ་བརྙན་དུ་བླངས་ནས་འཇོག་མཁན་ཐོག་མ་ཡིན་པ་དང་། ཁོ་མོ་ནི་སེ་རི་ཡ་རྒྱལ་ཞེན་ཚོགས་པའི་(Syrian Social Nationalist Party) ཁོངས་མི་ཡིན་པ་རེད། ཕྱིས་སུ་པ་ལི་ས་ཊན་(Palestine)གྱི་དམག་མི་ཚོས་བྱེད་ཐབས་དེ་བསྟུད་མར་སྤྱད་ཡོད། འོན་ཀྱང་བརྙན་དུ་བླངས་པའི་ནང་སྐད་ཆ་བཤད་ཡོད་པ་དེས་མི་སྒེར་གྱི་བསམ་ཚུལ་དངོས་ཅི་ཙམ་མཚོན་ཐུབ་ཀྱི་ཡོད་མེད་ཤེས་དཀའ། འགད་རྫས་བཀད་དེ་རང་སྲོག་འདོར་རྩིས་བྱེད་མཁན་པ་ལི་ས་ཊན་གྱི་མི་ཚོར་བཅར་འདྲིའི་ལམ་ནས་ཞིབ་འཇུག་བྱས་ཡོད་པ་དང་། ཞིབ་འཇུག་བྱས་འབྲས་སེམས་ཁམས་རིག་པ་བ་ཨ་རིལ་མེ་ར་རི་(Ariel Merari) སྙན་ཐོའི་ནང་བརྗོད་པར་གཞིགས་ན། ཁོ་ཚོས་བརྙན་འཁོར་ནང་བཤད་པའི་སྐད་ཆ་ནི་ཁོ་ཚོར་ལས་དེ་བསྒྲུབ་པར་སྐུལ་མ་གཏོང་མཁན་གྱིས་ཆེད་དུ་བྲིས་ནས་བརྗོད་བཅུག་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད། གཞན་ཡང་བརྙན་བླངས་པ་དེ་དག་ནི་རང་སྲོག་འདོར་བར་ཕྱིར་མི་བཟློག་པའི་ཆོད་སེམས་བརྟན་པོ་ཡོད་མཁན་ཚོས་དྲག་རྒོལ་མཐའ་འཁྱོངས་ཡོང་བའི་འདུན་པ་ཆེ་རུ་སྐྱེད་བྱེད་དུ་འགྱུར་གྱིན་ཡོད།

ཕྱི་ལོ་༢༠༠༥ ལོར་ཨིན་ཇི་བ་ཁག་ཅིག་གིས་ལོན་ཊོན་སྐྱེལ་འདྲེན་ལྟེ་གནས་སུ་དྲག་རྒོལ་གྱིས་རང་སྲོག་དོར་ཡོད་པ་དང་། ཁོ་ཚོས་གནས་ཚུལ་བརྙན་དུ་བླངས་ཡོད་པ་དེས་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་རྣམས་ཀྱི་བསམ་བློའི་འཆར་སྒོར་རྒྱུས་ལོན་ཡོང་བར་གཞོགས་འདེགས་བྱུང་ཡོད། ཁོང་ཚོར་མཚོན་ན་རང་ཉིད་ཁོ་ནས་ལས་དེ་བསྒྲུབས་པ་མ་གཏོགས་ཁོང་ཚོས་བརྗོད་འདོད་པའི་སྐད་ཆ་ཡི་གེར་འཁོད་པ་དེ་འདྲ་བྱུང་མེད། མོ་ཧ་མ་ཌ་སི་ཌི་ཁུ་ཁཱན་(Mohammad Sidique Khan)དང་ཤེ་ཛ་ཌ་ཊན་ཝེར་(Shehzad Tanweer) གཉིས་ཀྱིས་རང་གི་དགྲ་ཟླར་གསལ་འདེབས་བྱས་པའི་ནང་ཊན་ཝེར་གྱིས་ ‘ ད་ལྟ་ཁྱེད་ཀྱིས་མཐོང་བཞིན་པ་འདི་ནི། དྲག་རྒོལ་གྱི་འགོ་བརྩམས་པ་ཐག་གི་རྣམ་པ་ཆུང་ཆུང་ཞིག་ཡིན། ཇི་སྲིད་ཁྱེད་ཀྱིས་དམག་དཔུང་ཨ་ཧྥ་གྷ་ནི་ས་ཊན་དང་ཨེ་རག་ནས་ཕྱིར་མ་བཟློག་པ་དེ་སྲིད་དུ་དྲག་རྒོལ་གྱི་ལས་འདི་ཟམ་མི་ཆད་པར་འབྱུང་ངེས་ཡིན་ལ། འདིའི་ངར་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་ངེས། ’ ཞེས་འཇིགས་སྐུལ་བྱས་ཡོད། དེ་ལས་ཧ་ལས་པའི་གནས་ཚུལ་ཞིག་ནི། ཁོང་གཉིས་ཀྱིས་ཨིན་ཡུལ་དང་འཛམ་གླིང་ཡུལ་གྲུ་གཞན་དུ་ཡོད་པའི་ཁ་ཆེ་བ་ཚོར་གནད་དོན་འདི་ལ་འགན་འཁུར་དགོས་པའི་སྐུལ་མ་གང་ཡང་བྱས་མེད་པ་དེ་རེད། ཁཱན་ལ་མཚོན་ན་ ‘ མཐུ་སྟོབས་ཀྱི་བདག་པོ་ཆེན་པོ་ཨལ་ལ་(Allah)ལགས། བདག་དང་བདག་གི་ཕུ་ནུ་ཚོའི་བགྱི་བ་འདི་ཐུགས་སུ་བཏགས་ནས། དག་པའི་ཞིང་མཆོག་དམ་པར་འདྲེན་པར་ཤོག ’ ཅེས་པའི་གསོལ་འདེབས་ཐུང་ངུ་ཞིག་བྱས་པ་ཙམ་ལས་ཅི་ཡང་བཤད་མེད། འདི་ལྟར་བརྙན་བླངས་ཏེ་རང་གི་དགྲ་བོར་གནོད་སྐྱེལ་བའི་དྲག་སྤྱོད་དང་ཁྲག་དྲི་ཁ་བའི་རྒོལ་བ་ཐམས་ཅད་ལ་ཚང་མས་དོ་སྣང་ཡོང་ཐབས་བྱེད་ཀྱི་ཡོད།

རང་ཉིད་གཅིག་པུའི་གཅེས་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་ཚོས་ནི་རང་གི་མངོན་འདོད་སྒྲོག་པར་བརྙན་ལེན་པ་སོགས་ཀྱི་ལམ་ནས་གནས་ཚུལ་འཆད་ཐབས་ལ་འབད་པ་བྱ་དགོས་ཀྱི་མེད། འོན་ཀྱང་གནད་དོན་ཁ་ཤས་ཀྱི་ཐད་ནས་རང་སྲོག་རྟ་རྔ་འདྲ་བོ་ཆད་ཁ་མའི་སྐར་ཆ་ཁ་ཤས་ནང་ཁོ་ཚོས་ཅི་ཞིག་གི་ཆེད་དུ་རང་སྲོག་འདོར་གྱི་ཡོད་པ་དང་འབྲེལ་བའི་འབོད་ཚིག་སྒྲོག་གི་ཡོད། རང་ལུས་མེ་རུ་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་ཚོ་ལ་མཚོན་ན། རྒྱ་ནག་མངའ་ཁོངས་ནས་རང་སྐྱོང་གི་ཐོབ་ཐང་དགོས་པ་དང་། ཕྱི་ལོ་༡༩༥༩ ལོ་ནས་བཙན་བྱོལ་དུ་གྱར་དགོས་བྱུང་བའི་ཏཱ་ལའི་བླ་མ་མཆོག་ཕྱིར་རང་ཡུལ་ལ་ཕེབས་འཇུག་དགོས་པའི་འབོད་ཚིག་སྒྲོག་གི་ཡོད། ཡང་ཁ་ཤས་ཀྱིས་རྒྱ་ནག་གཞུང་གི་བཀའ་རྒྱའི་འོག་དུས་རྒྱུན་སྤྱོད་མི་ཆོག་པའི་ཏཱ་ལའི་བླ་མའི་སྐུ་པར་དང་བོད་ཀྱི་རྒྱལ་དར་སོགས་སྒྲེང་གི་ཡོད། གཞན་ཡང་གནས་ཚུལ་ཁ་ཤས་ཐད་ནས་ལས་འགུལ་སྤེལ་བའི་དུས་ལ་གཞིགས་ཏེ་ཅིའི་ཕྱིར་ཡིན་པ་ཤེས་རྟོགས་ཐུབ་ཀྱི་ཡོད། དཔེར་ན། གྲྭ་བ་ཞིག་གིས་འདི་ལོའི་ཕྱི་ཟླ་༣ ཚེས་༡༠ ཉིན་རང་ཉིད་མེ་རུ་བསྲེགས་ཏེ་གཅེས་སྲོག་དོར་བའི་གནས་ཚུལ་བྱུང་བ་ལྟ་བུ་རེད། དེའི་མཚོན་རྟགས་ཧ་ཅང་གསལ་པོ་རེད། ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ ཉིན་ནི་རྒྱ་ནག་གཞུང་གི་བཙན་འཛུལ་དབང་སྒྱུར་ལ་ངོ་རྒོལ་གྱིས་བོད་མིའི་སྒེར་ལངས་ཐོག་མར་བྱུང་པའི་ཉིན་མོར་ཁེལ་ཡོད།

མི་ཁུལ་བྷིག་ས་(Michael Biggs)ནི་ཨོག་སུ་ཧྥོ་ཌ་སློབ་གྲྭ་ཆེན་མོའི་(Oxford University)སྤྱི་ཚོགས་རིག་པ་བ་(Socialogist)ཞིག་ཡིན། ཁོང་གིས་སློབ་གྲྭ་ཆེན་མོ་དེའི་ནང་སྤྱི་ཚོགས་ཀྱི་ལས་འགུལ་དང་ངོ་རྒོལ་གྱི་བྱ་བར་ཞིབ་འཇུག་བྱེད་ཀྱི་ཡོད།)
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*