བོད་དམར་ཤོག་དང་ལྔ་ལམ་དུ་ཕྱིན་པའི་རེ་ལྟོས།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་མོའོ་ར་མོ་ནས་ཧན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཉེ་ཆར་རྒྱ་ནག་དམག་དཔུང་གིས་ལ་དྭགས་ཁུལ་དུ་གློ་བུར་བཙན་འཛུལ་བྱས་པ་ནི་བོད་ས་ཤོར་བའི་གྱོང་གུད་ཀྱི་དྲན་གསོ་སྐྱུར་མོ་ཞིག་རེད། གཟའ་འཁོར་འདིའི་ནང་དུ་རྒྱ་གཞུང་གིས་བོད་ཀྱི་གནའ་བོའི་རྒྱལ་ས་ལྷ་སའི་ཤུལ་དངོས་དག་གཏོར་བཤིག་གཏོང་བའི་གསལ་བསྒྲགས་གནང་སོང་། ལྷ་ས་ནི་བོད་ཀྱི་མི་རིགས་རིང་ལུགས་ཀྱི་མཚོན་རྟགས་ཏེ། མཉམ་སྦྲེལ་ལྷན་ཚོགས་ཀྱི་ཤུལ་དངོས་སྲུང་སྐྱོབ་ཐོ་གཞུང་དུ་ཡོད་མིན་ལ་མ་ལྟོས་བར་རྒྱ་གཞུང་གིས་བརྟན་བརླིང་ཡོང་ཆེད་བོད་ཀྱི་རིག་གཞུང་དང་། ཆོས་ལུགས། ངོ་བོ་བཅས་ངེས་བར་དུ་རྩ་མེད་བཟོ་དགོས་བའི་སེམས་ཐག་བཅད་འདུག

ཕྱི་ཟླ་༥་བའི་ཚེས་༨་ཉིན་ཨ་རིར་རྟེན་གཞི་བྱས་བའི་ཕྱི་འབྲེལ་ལྷན་ཚོགས་ཀྱིས་བོད་གཞུང་གི་འགོ་ཁྲིད་བློ་བཟང་སེང་གེ་དང་མཉམ་དུ་གླེང་མོལ་བྱེད་པའི་ལས་རིམ་ཞིག་གོ་སྒྲིག་ཞུས་སོང་། ཁོང་གིས་བོད་ནང་གི་ཛ་དྲག་གནས་བབ་གོ་བསྡུར་བྱེད་འདོད་ཀྱིས་ཁེངས་བའི་གསར་འགོད་བ་དང་གཙུག་ལག་མཁས་པ། ཁྲིམས་རྩོད་པ་བཅས་ལ་གཏམ་བཤད་གནང་སོང་། འབྲེལ་ཐག་འདི་བརྒྱུད་ནས་གཟིགས། http://www.youtube.com/watch?v=mEut9rvfPmM) ཚོགས་ཞུགས་པ་མང་ཆེ་བས་ཧར་ཝར་ཁྲིམས་ལུགས་སློབ་ཐོན་པའི་ཁ་ནས་རྒྱ་ནག་གི་དབང་བསྒྱུར་དང་གཏན་བྲལ་བྱེད་པའི་གནད་འགག་ཅིག་ལ་རེ་ལྟོས་བྱས་འདུག་ཀྱང་། ཁོང་གིས་ཚོགས་ཁང་དེར་འདུས་བའི་མི་ཚོགས་ཀྱི་སེམས་སུ་ཙག་ཤད་ཅིག་རྒྱུགས་བཅུག་པ་མ་ཟད་རྗེས་སུ་དྲ་རྒྱའི་ཀློང་ཡངས་སུའང་དེ་བཞིན་བྱས་སོང་།

ཁོང་ལ་བོད་ཀྱི་མིང་དོན་མཚུངས་བའི་རང་སྐྱོང་གི་ནང་དུ་རང་དབང་ལྡན་པའི་འོས་བསྡུ་ཞིག་ཡོང་བའི་རེ་བ་རྒྱག་གི་ཡོད་མེད་དྲིས་བའི་ལན་དུ། “ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་ཆེད་ཁ་གཏད་གཅོག་གི་མེད། ང་ཚོས་ད་ལྟའི་སྒྲོམ་གཞིའི་འོག་ཏུ་ཡོད་པའི་དམར་ཤོག་ཚོགས་པར་ཁ་གཏད་གཅོག་གི་མེད།”ཅེས་ལན་བཏབ། ནེའུ་ཡོག་གཙུག་ལག་སློབ་གཉེར་ཁང་གི་སྐད་གྲགས་ཆོད་པའི་ཁྲིམས་ལུགས་མཁས་དབང་(Jerome Cohen)ཇེ་རོ་མས་ཁོ་ཧན་གྱིས་གནད་དོན་དེར་གསལ་ཁ་འདོན་ཆེད་དྲི་བ་འདི་འདྲ་ཤིག་བཏང་བྱུང་། “གལ་ཏེ་བོད་ནང་གི་བོད་མི་ཚོར་སྨྲ་བརྗོད་རང་དབང་མེད་པ་ཡིན་ན་གནས་བབ་གང་འདྲ་ཞིག་ཆགས་མིན་དེ་གནད་ཅིག་ཆགས་ཀྱི་མི་འདུག་གམ།”དོགས་འདྲི་འདིར་བློ་བཟང་སེང་གེས་གསལ་ཁ་འདི་འདྲ་ཞིག་བཏོན་བྱུང་། “ང་ཚོས་བོད་ནང་གི་བོད་མི་ཚོས་ཆེད་དུ་མང་གཙོ་རྩོད་ཀྱི་མེད། ང་ཚོར་རྒྱ་ནག་གི་བཅའ་ཁྲིམས་གཞིར་བཞག་པའི་ཐོབ་ཐང་ཞིག་དགོས་ཀྱི་ཡོད།”

བློ་བཟང་སེང་གེའི་སྐད་ཆ་དེར་དོགས་སློང་བྱེད་པའི་དྲི་བ་མང་པོ་ཞིག་གིས་དྲ་རྒྱའི་ཀློང་ཡངས་བཀང་སོང་། ལྷག་པར་དུ་ཁོང་གིས་བོད་དང་རྒྱ་ནག་མི་མང་གི་མངོན་འདོད་ལྟེ་བ་མང་གཙོ་ལ་ཁྱད་གསོད་བྱས་པ་དང་། “རྒྱ་ནག་དམར་གཞུང་གིས་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་ཆབ་སྲིད་ལ་གཡོ་མེད་དུ་འཐམས་པ་དེས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བ་དང་། ཞོད་འཇགས་མེད་པའི་སྤྱི་ཚོགས་ཀྱི་རྙོག་གླེང་སློང་བ། རྒྱ་ནག་མི་དམངས་ཡར་རྒྱས་ཀྱི་ལམ་ནས་ཕྱིར་འཐེན་བྱེད་པ། མིའི་རིགས་ཀྱི་དཔལ་ཡོན་ཡར་རྒྱས་ལ་འགོག་རྐྱེན་བཟོ་བ་སོགས་ཀྱི་རྐྱེན་སློང་གི་ཡོད་པར་སྐྱོན་བརྗོད་དང་།རྒྱ་ནག་ནང་དུ་ཁྲིམས་ཀྱི་དབང་བསྒྱུར་དང་མང་གཙོའི་བཅོས་བསྒྱུར་ཡོང་བར་རེ་འདུན་བཏོན་ཏེ་(08 Charter)སྟོང་ལོ་བརྒྱད་པའི་བཅའ་ཁྲིམས་ལ་བློ་ཁོག་ཆེན་པོས་སྒོ་ནས་མཚན་རྟགས་སྐྱོན་མཁན་གྱི་རྒྱ་རིགས་ཤེས་ལྡན་མི་སྣ་ཚོའང་སྣང་མེད་དུ་བཞག་པའི་སྐོར་གླེང་སློང་ཤུགས་ཆེན་བྱས་སོང་།”

རྒྱ་ནག་དམར་གཞུང་གི་དབང་བསྒྱུར་དང་ལེན་བྱེད་པ་ནི་ལོ་ངོ་དྲུག་ཅུའི་རིང་ལ་ངོ་རྒོལ་དང་། མི་རིགས་གསོན་གནས་ཆེད་ཐབས་ཟད་འུ་ཐུག་པའི་འཐབ་རྩོད་བྱེད་མཁན་གྱི་བོད་ནང་གི་བོད་མི་ཚོའི་མངོན་འདོད་རང་འགར་ཆུ་ལ་གཡུག་པ་དེ་རེད། བོད་ཕྱི་ནང་དུ་རང་ལུས་མེར་སྲེག་གི་མཐར་ཐུག་བློས་གཏོང་བྱེད་མཁན་གྱི་སྐྱེས་བུ་ཕོ་མོ་རེ་རེས་བོད་རང་བཙན་གྱི་དོན་དུ་བློས་གཏོང་བྱས་པ་ཁོང་ཚོའི་ཤི་ཁའི་ཁ་ཆེམས་ལས་གསལ་བོ་ཤེས་ཐུབ། ད་དུང་ཁོང་གི་ལན་འདེབས་འདི་ནི་ཤུགས་ཀྱིས་གོང་ས་མཆོག་གིས་དམིགས་ཡུལ་ལྡན་པའི་སྒོ་ནས་བཙན་བྱོལ་བོད་གཞུང་རྒྱ་གར་གྱི་མང་གཙོའི་སྒྲོམ་གཞིར་བལྟས་ཏེ་གསར་འཛུགས་བྱས་བ་ལས་མོའོ་ཙེ་ཏུང་གིས་དབང་ཆ་གཅིག་སྡུད་ལམ་ལུགས་ལ་དཔེ་བླངས་མེད་པ་དེ་ལ་རྒྱབ་གཏད་དུ་ལངས་བ་ཞིག་རེད། གོང་ས་མཆོག་གིས་༡༩༨༨་ལོར་དབུ་མའི་ལམ་གྱི་གྲོས་འཆར་བཏོན་པའི་སྐབས་སུ་ཁོང་གིས་བོད་འདི་དམག་དཔུང་མེད་པའི་བར་གནས་ཀྱི་ཞི་བའི་ལྟེ་གནས་ཤིག་བསྐྲུན་པའི་འཆར་གཞི་བཏང་ཡོད། བློ་བཟང་སེང་གེས་ལངས་ཕྱོགས་འདིས་ད་ལྟའི་བོད་དོན་ལས་འགུལ་གྱི་ནང་སྙིང་བཏོན་པ་དང་། རྒྱ་གར་གཞུང་དང་རྒྱབ་འདྲེ་རྒྱག་ཤུགས་ཇེ་ཆེར་འགྲོ་བཞིན་པའི་རྒྱ་ནག་དབར་གྱི་ཡུན་རིང་བའི་ས་མཚམས་རྩོད་རྙོག་གི་གནས་བབ་ཀྱི་གོང་ཐང་བཅག་པ་རེད།

ཕྱི་སྲིད་ལྷན་ཚོགས་ཀྱི་བགྲོ་གླེང་དེའི་ཐོག་ཏུ་རྒྱ་གར་གྱི་གསར་འགོད་པ་མང་པོ་ཞིག་གིས་མཉམ་ཞུགས་བྱས་འདུག་ཀྱང་། གསར་འགོད་པ་གཅིག་གིས་ཀྱང་དྲི་བ་གནད་འགག་ཅན་དང་རྙོག་འཛིང་ཅན་དེ་འདྲ་བཏང་མ་བྱུང་། ཉེ་ཆར་ལ་དྭགས་ནང་དུ་གློ་བུར་བཙན་འཛུལ་བྱས་བའི་གནད་དོན་དེ་གླེང་སློང་བྱེད་སྐབས། བློ་བཟང་སེང་གེས་དགའ་ཉམས་དང་བཅས་ཏེ། “རྒྱ་གར་ས་མཚམས་ཀྱི་རྒྱ་ནག་དམག་དཔུང་གིས་ལངས་ཕྱོགས་ཇི་འདྲ་ཞིག་འཛིན་མིན་ནི་རྒྱ་ནག་གི་རང་མོས་ཐག་གཅོད་ཀྱི་འདོད་དབང་རེད།”ཅེས་བརྗོད་བྱུང་། ཨ་ཙེ། བློ་བཟང་སེང་གེ་རྡ་སར་གནས་སྡོད་བྱེད་བཞིན་ཡོད་པ་དང་། ཉེ་བའི་ཆར་ཁོང་གི་ཕེབས་འཁོར་གྱི་སྟེང་དུ་གློག་སྒྲོན་དམར་པོ་ཞིག་བཀར་ཏེ་ཧི་མ་ཅལ་མངའ་སྡེའི་ནང་གི་མི་སྣ་གལ་ཆེན་གྱི་གནས་བབ་ཅིག་མཚོན་ཐབས་བྱས་པའི་ཆེ་མཐོང་དེའང་རྒྱ་གར་དབུས་གཞུང་གིས་རང་མོས་ཐག་གཅོད་བྱས་པ་ཞིག་ལ་ངོས་འཛིན་བྱེད་དགོས་ཀྱི་རེད།

ད་ལྟའི་དུས་སུ་བློ་བཟང་སེང་གེས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་བདག་དབང་དམར་ཤོག་ལག་ཏུ་མ་ཤོར་བའི་སྔོན་དུ་ཡོད་པའི་བོད་ཀྱི་ཆབ་སྲིད་རིག་གཞུང་ཁག་ཅིག་རྒྱ་སྐྱེད་ཀྱིས་རང་ཉིད་ཀྱི་ལྷ་སྒྲུང་རྩོམ་གྱི་ཡོད་པའི་ཁྱད་ཆོས་ཁག་ཅིག་འདུག ཁོང་གི་གཞུང་འབྲེལ་ངོ་དེབ་ཐོག་གནས་ཚུལ་འདི་འདྲ་ཞིག་བསྒྲགས་བྱུང་། ཁོང་ནི་གོང་ས་མཆོག་དང་གུ་རུ་རིན་པོ་ཆེའི་སྲིད་ཕྱོགས་ཀྱི་ཡང་སྤྲུལ་རེད་ཅེས་པ་དང་། ཝ་ཤིན་ཌོན་དུ་ཕྱི་སྲིད་ལྷན་ཚོགས་ཐོག་ཏུ་ཁོང་གིས། “བོད་ནང་གི་སྒྱུ་རྩལ་བ་མང་པོས་ཁོང་གི་འོས་འདེམས་རྒྱལ་ཁ་ལ་བསྟོད་བསྔགས་བྱེད་པའི་གླུ་གཞས་བཏང་བ་དང་། ཕྱིས་སུ་དབྱིན་བསྒྱུར་བྱས་ནས་(Youtube)ཡོ་ཌོབ་དྲ་བརྙན་དུ་ཡར་འཇུག་བྱས་ཡོད་པ། མི་ཁག་གཅིག་གིས་ནམ་རྒྱུན་ལྷ་སྲུང་འབྲི་བཞེངས་བྱེད་སའི་ཐང་གའི་སྟེང་དུ་ང་གཅིག་པུ་བྲིས་ནས་བསྐུར་བྱུང་།”ཞེས་བརྗོད་བྱུང་། བོད་ནང་དུ་བོད་མིའི་ཚེ་སྲོག་ཤོར་བའི་གྲངས་ཀ་འཕར་བཞིན་པ་དང་། བོད་ཀྱི་གནའ་བོའི་དཔལ་ཡོན་ཉིན་རེ་ནས་ཉིན་རེར་གཏོར་བཤིག་གིས་ད་ཆ་ས་གཤོང་འཕྲུལ་འཁོར་གྱིས་ལྷ་སའི་ལྷ་ལྡན་གཙུག་ལག་ཁང་གཙབ་རལ་ཏུ་གཏོང་བའི་གནས་བབ་ལ་གཞིགས་ན་ཁོང་གིས་གོང་དུ་བཤད་པའི་སྐད་ཆ་དེ་ཚོ་ནི་དགོད་བྲོ་བ་ཞིག་རེད།

པེ་ཅིང་གི་འཛིན་སྐྱོང་དཔོན་རིགས་ཚོས་དམར་གཞུང་ཆབ་སྲིད་ཚོགས་པ་གཅིག་པུའི་དབང་ཆ་འདོར་འདོད་མེད་པ་དང་འདོར་ཐུབ་ཀྱི་མེད་པ་རེད། གང་ལེགས་ཤེ་ན། ཁོང་ཚོས་མོའི་ཙེ་ཏུང་གིས་འཛམ་གླིང་ལ་ལྟ་བའི་རྙིང་ཞེན་གྱི་ལྟ་བར་ཤ་འཐམས་ཀོ་འཐམས་ཀྱིས་གོང་ས་མཆོག་བདུད་ཀྱི་གཟུགས་སུ་ལྟ་བ་དང་།བོད་ཀྱི་ཆོས་ནི་རྩ་མེད་བཟོ་དགོས་བའི་ན་ཚ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།བོད་ཀྱི་རིག་གཞུང་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ཕྱི་ལུགས་ཞེ་འཁོན་དང་།བཟོད་སྒོམ་བྲལ་བ།འཚེ་བ་བཅས་ཀྱི་གཞི་ཪུ་ངོས་འཛིན་གྱིས་མོའོ་ཡི་ལྟ་བ་འབག་བཙོག་བཟོ་བཞིན་ཡོད་པའི་ནུས་ཤུགས་ལྟ་བུ་ཞིག་ཏུ་སེམས་ཀྱི་ཡོད། བློ་བཟང་སེང་གེས་བོད་ནང་དུ་རྒྱ་ནག་དམར་ཤོག་གི་དབང་ཤུགས་ལ་རྒྱབ་སྐྱོར་གྱིས་མང་གཙོ་སྤོང་འདོར་བྱས་པ་ནི་དབང་ཆའི་འཁྲབ་སྟོན་ཞིག་དང་། ཡང་མིན་ན་ཁོང་གིས་སྟོབས་ཤུགས་ཀྱིས་ཐོབ་ཐང་སྤྲོད་ཀྱི་ཡོད་པར་བསམ་པའམ། དབང་ཆ་ནི་མེ་མདའི་སོ་ཁ་ནས་ཡོང་གི་ཡིན་པ་ཞིག་ལ་ངོས་འཛིན་བྱས་ཡོད་རྒྱུ་རེད། འོ་ན། ཁོང་གིས་ཁོང་ནི་བོད་ཀྱི་མེ་ཏོག་ཕོག་པའི་ལྷ་སྐལ་སྤྱན་རས་གཟིགས་ཀྱིས་སྲིད་ཕྱོགས་ཀྱི་ཡང་སྤྲུལ་ལ་ཇི་ལྟར་ངོས་འཛིན་བྱེད་ཐུབ་བམ།

བཀུར་འོས་ཨ་རིའི་རྒྱ་གར་གྱི་གཞུང་ཚབ་པ་སྐུ་ཞབས་(Chester Bowles)ཆེ་སི་ཌིལ་བྷོལ་སི་ཡིས་༡༩༦༩་ལོར་“ལྡི་ལི་ནས་ཤར་བའི་མཐོང་སྣང”ཞེས་བའི་རང་རྣམ་ནང་ནས་ཟུར་འདོན་བྱས་པ་ཞིག་འདིར་དྲངས་ཡོད། “རྒྱ་གར་གྱིས་ཡར་རྒྱས་ཀྱི་བརྒྱུད་རིམ་ནང་དུ་མི་སྒེར་ལ་ཆེ་མཐོང་སྤྲད་ཚེ། རྒྱ་ནག་གིས་མི་སྒེར་བ་ཞིག་ནི་སྲིད་གཞུང་གི་ལག་ཆ་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད། རྒྱ་གར་གྱིས་རང་གི་གནའ་བོའི་རིག་གཞུང་ཁག་སྲུང་སྐྱོབ་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་ཁྱབ་ཁོངས་ལས་རང་གི་སྤྱི་ཚོགས་དེང་རབས་ཅན་དུ་བསྒྱུར་ཐབས་བྱས་ཚེ། རྒྱ་ནག་དམར་གཞུང་གིས་རང་གི་སྲོལ་རྒྱུན་གྱི་རིག་གཞུང་དང་ལམ་ལུགས་དག་སྤྱི་ཚོགས་ཀྱི་ལམ་ལུགས་གསར་བ་ཞིག་དང་རྒྱུས་མེད་ཅིག་གིས་ཚབ་འཇོག་བྱེད་ཀྱི་ཡོད། རྒྱ་གར་གྱིས་ཡར་རྒྱས་ཀྱི་རྐྱེན་པས་སྤྱི་ཚོགས་གནས་སྤོར་བྱེད་པ་ཇེ་ཉུང་དུ་གཏོང་བཞིན་པའི་སྐབས་སུ། རྒྱ་ནག་དམར་གཞུང་གིས་སྣང་ཚུལ་དེ་ཇེ་མང་དུ་གཏོང་གི་ཡོད། རྒྱ་གཞུང་གིས་ཁོང་ཚོའི་མ་འོངས་པ་གང་འདྲ་ཡོང་མིན་ལ་ཐེ་ཚོམ་མེད་དུས། རྒྱ་གར་གཞུང་གིས་བསམ་ཤེས་ཀྱིས་སྒོ་ནས་ལྷ་དང་སྐྱེ་བ་སྔ་ཕྱི་སོགས་ཡོད་པར་བསྒྲུབ་ཀྱི་ཡོད། རྒྱ་ནག་གི་ལམ་ལུགས་འདི་དཀའ་སྡུག་གི་འོག་ཏུ་འཁུམས་ནས་ཡོད་ཚེ། རྒྱ་གར་གཞུང་གིས་དཀའ་སྡུག་རིང་མོའི་རྒྱ་དེ་གཞུ་ལྟར་བཀུག་ཡོད། རྒྱ་ནག་གི་བཤུ་གཞོག་གཉའ་གནོན་འོག་ཏུ་ཡོད་པའི་ཞིང་བ་དང་ངལ་རྩོལ་བ་ཚོས་རང་གི་འཇིགས་སྣང་ཅན་གྱི་འཚོ་བ་འདི་དུས་ཡུན་ག་ཚོད་བར་དུ་རྒྱུན་བསྲིང་བའི་ཡ་མཚན་སྐྱེ་ཞོར་དམར་ཤོག་གཅིག་སྡུད་ལམ་ལུགས་ཀྱི་དབང་ཆ་བརྗེ་བསྒྱུར་གྱི་ལམ་ཁ་ནས་རང་དབང་ཐོབ་པའི་རེ་ལྟོས་བྱེད་ཀྱི་ཡོད།”

(མོའོ་ར་མོ་ནས་ཧན་ནི་༡༩༧༣ནས་༡༩༧༥་དབར་གྱི་ཨ་རིའི་རྒྱ་གར་གྱི་གཞུང་ཚབ་རྡེ་ནེལ་པེ་ཁྲི་རིག་མོ་ནས་ཧན་གྱི་བུ་མོ་ཡིན་ལ། ཁོ་མོས་ལོ་མང་རིང་རྒྱ་གར་དང་བལ་ཡུལ་གཉིས་སུ་སྐྱབས་བཅོལ་བའི་སློབ་སྟོན་པའི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་བྱེད་མཁན་ཞིག་ཀྱང་ཡིན། ཁོ་མོ་ནི་རོལ་མོ་བ་གྲགས་ཅན་ཞིག་དང་རྩོམ་པ་པོ་ཞིག་ཀྱང་ཡིན། ཁོ་མོའི་བརྩམས་ཆོས་ལ་ཡོ་ག་མགྲོན་ཁང་(Yoga Hotel)སོགས་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*