བླ་མེད་ཀྱི་བློས་གཏོང་། (གསུམ་པ)

(རང་ཉིད་མེ་རུ་སྲེག་མཁན་དང་འགད་རྫས་བཀད་དེ་རང་སྲོག་འདོར་མཁན་གཉིས་ལ་ཁྱད་པར་ཅི་ཞིག་ཡོད་དམ།)
རྩོམ་པ་པོ་མི་ཁུལ་བྷིག་ས།
སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས་བསྒྱུར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་མི་ཚོས་རང་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་གནས་ཚུལ་ཡང་ཡི་གེར་འཁོད་པ་དང་སྒྲ་བླངས་པ་རྣམས་རིམ་བཞིན་གསང་སྟབས་ཀྱིས་ཧི་མ་ལ་ཡ་བརྒལ་ནས་ཁྱེར་ཡོང་བའམ་དྲ་ལམ་བརྒྱུད་སྤེལ་བ་སོགས་ཐབས་སྣ་ཚོགས་ལ་བརྟེན་ནས་ཕྱི་ཕྱོགས་སུ་འབྱོར་གྱི་ཡོད། ཁོང་ཚོའི་ཁ་ཆེམས་སམ་བདེན་པའི་དཔང་པོར་བཞག་པའི་སྐད་ཆ་དང་ཡིག་འབྲུ་དག་གིས་བོད་མི་ཚོས་རང་གི་ངོ་བོ་མ་བརླག་པ་བྱ་རྒྱུ་དང་ཆིག་སྒྲིལ་ཡོང་བར་སྐུལ་མ་ཐེབས་ཀྱི་ཡོད། ཕྱི་ལོ་༢༠༡༢ ཟླ་༤ ཚེས་༡༩ ཉིན་རྒྱ་ནག་གིས་ཟི་ཁྲོན་ཞིང་ཆེན་དུ་ཆ་བགོ་བྱས་པའི་ས་ཁོངས་སུ་ཆོས་འཕགས་སྐྱབས་དང་བསོད་ནམས་གཉིས་ཀྱིས་རང་ལུས་མེ་རུ་བསྲེགས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་པ་དང་། ཁོང་གཉིས་ཀྱིས་ ‘ བོད་མི་ཚོས་རང་ཉིད་ཀྱིས་རང་ཉིད་ལ་སློབ་གསོ་སྤྲོད་དགོས།

ཡང་དག་པའི་ཁ་ཕྱོགས་འདེམས་དགོས། རང་གི་རིགས་ལ་བསམ་པ་རྣམ་དག་དང་བརྩེ་བ་བཅིངས་དགོས། སྙིང་རུས་ཆེར་བསྐྱེད་ཀྱིས་རང་གི་རིགས་གཞུང་སྲུང་དགོས། རང་རིགས་ཀྱི་ལ་རྒྱ་འཆོར་དུ་མི་འཇུག་པར་མཐུན་ལམ་རྡོག་རྩ་གཅིག་བསྒྲིལ་གྱིས་ཤིག ‘ ཅེས་ནན་སྐུལ་བྱས་ཡོད། ཕྱི་ལོ་༢༠༡༢ ཟླ་༡ ཆེས་༨ ཉིན་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཆོས་ལུགས་མི་སྣ་གཙོ་བོ་བླ་མ་བསོད་བྷ་རིན་པོ་ཆེ་མཆོག་གི་ན་བཟའི་བར་ནས་སྒྲ་བླངས་པ་ཞིག་རྙེད་པ་དང། དེའི་ནང་ཁོང་གིས་ ‘ བོད་མི་ཚོས་རྡོག་རྩ་གཅིག་བསྒྲིལ་གྱིས་སྟོབས་འབྱོར་ལྡན་པའི་བོད་རྒྱལ་ཁབ་འཛུགས་བསྐྲུན་བྱ་དགོས། བྱིས་པ་ཚོ་བརྩེ་བ་དང་སློབ་གསོས་སྐྱོང་དགོས་པ་དང་། བྱིས་པ་རྣམས་ཀྱིས་ཀྱང་རང་གི་སྲོལ་རྒྱུན་གྱི་རིག་གཞུང་ཀུན་ལ་བྱན་ཆུབ་པ་ཞིག་ཡོང་བར་འབད་བརྩོན་བྱ་དགོས། རྒན་པ་ཚོས་ཆོས་ལུགས་ཉམས་ལེན་དང་བོད་ཀྱི་སྐད་ཡིག་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་བྱ་དགོས། ’ གསུངས་ཡོད།

པེ་ཅིན་དུ་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོགས་འཚོག་པའི་སྐབས་ཏེ། ཕྱི་ལོ་༢༠༠༨ ལོར་བོད་མི་ཚོས་སྲིད་དོན་ཐད་ནས་རང་སྐྱོང་གི་གནས་བབས་དགོས་པའི་འདོད་འདུན་བཏོན་ཅིང་རྒྱ་ནག་སྲིད་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་དང་གྱེན་ལོག་ཟིང་འཁྲུག་བསླངས་པ་མ་ཟད་ལན་རེར་བོད་ཁུལ་དུ་གནས་སྤོ་བྱས་པའི་རྒྱ་རིགས་མང་ཚོགས་ལའང་གནས་ཟོས་མི་བདེ་བ་བཟོས་ཡོད། དེའི་ལན་དུ་རྒྱ་ནག་སྲིད་གཞུང་གིས་དྲག་གནོད་བྱེད་ཤུགས་ཆེ་རུ་བཏང་སྟེ། དགོན་སྡེ་ཁག་ཏུ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤེལ་བ་དང་། གྲྭ་ཤག་རྣམས་ཚོད་མེད་དུ་སྔོག་གཤེར་བྱེད་པ། གྲྭ་བ་ཚོར་གཅར་རྡུང་དང་འཛིན་བཟུང་བྱེད་པ་སོགས་བྱས་པ་མ་ཟད། དགོན་པའི་གླིང་ཡོངས་རྫོགས་དྲག་དམག་གིས་བསྐོར་ཡོད། རྒྱ་ནག་སྲིད་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་ཇུས་འདི་ད་ལྟའི་བར་མཚམས་འཇོག་བྱས་མེད་ཁར། རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་པའི་གནས་ཚུལ་འབྱུང་ཐེངས་རེར་དམག་ཤུགས་དང་དྲག་གནོན་ཆེ་རུ་གཏོང་གི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གི་བང་མཛོད་དུ་གྱུར་པའི་དགོན་མ་ལག་ཀུན་ལ་གཏོར་སྐྱོན་གཏོང་བ་དེས། རྒྱ་རིགས་རྣམས་ཟམ་མི་ཆད་པར་བོད་དུ་གནས་སྤོ་བྱས་ཏེ་བོད་ཀྱི་ངོ་བོ་ཉམས་ཆག་གཏོང་བ་ལྟར། བོད་ཀྱི་ངོ་བོ་ཉམས་པར་འགྱུར་བའི་གནས་སུ་སྦྱོར་གྱི་ཡོད།

གནད་དོན་འདིའི་ཐད་ནས་བཤད་ན། རང་སྲོག་དོར་ཏེ་ངོ་རྒོལ་བྱེད་པ་འདིས་བོད་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུ་གལ་ཆེར་འཛིན་པའི་རང་བཞིན་མཚོན་གྱི་ཡོད། འདི་ལྟར་བཟོད་གླགས་བྲལ་བའི་ན་ཟུག་ཞིག་གི་ཁྲོད་རང་སྲོག་རང་གིས་གཅོད་པའི་འདུན་པ་དེར་མངོན་འདོད་གསལ་བོར་བརྗོད་པའི་ནུས་པ་ཆེས་ཆེར་ལྡན། རང་ཉིད་ཀྱི་མངོན་འདོད་ཡི་གེར་འཁོད་པ་ལས་གསལ་བོར་ཤེས་ཐུབ་པ་ནི། ‘ ངས་འདི་ལྟར་རང་ཉིད་ཀྱི་ཡོད་ཚད་བློས་བཏང་བ་ཡིན་ན། ཁྱེད་ཀྱིས་ཀྱང་ཕུགས་རེ་གཅིག་པའི་མངོན་འདོད་འདིའི་སླད་བློས་གཏོང་ཆུང་ཆུང་ཞིག་ཅིས་ཀྱང་བྱ་དགོས། ’ ཅེས་པ་དེ་རེད། རང་སྲོག་དོར་ཏེ་ངོ་རྒོལ་བྱེད་པའི་གནས་ཚུལ་མང་དག་ཅིག་གི་ནང་གོ་བརྡ་སྤྲོད་སྟངས་འདི་དང་གཅིག་མཚུངས་འབྱུང་གི་ཡོད། ཕྱི་ལོ་༡༩༦༣ ལ་ཕྱི་མིག་ཅིག་བལྟས་པ་ན། དགེ་སློང་ཐིག་ཆུང་ཌུག་གིས་བྲིས་པའི་ཡི་གེའི་ནང་འབོད་སྐུལ་འདི་ལྟར་ཞུས་ཡོད་དེ། ‘ མཁྱེད་རྒྱ་ཡངས་ཤིང་བཀུར་བར་འོས་པའི་རྒན་རབས་པ་རྣམ་པ་དང་། དད་གསུམ་དག་པའི་ཕྱག་གི་ཡུལ་དུ་གྱུར་བ་རྣམ་པ། དགེ་འདུན་གྱི་སྡེ་རུ་གཏོགས་པའི་གྲྭ་བཙུན་རྣམ་པ། དེ་བཞིན་སངས་རྒྱས་ཆོས་ལུགས་ལ་སྐྱབས་སུ་མཆི་བའི་མི་སྐྱ་ཕོ་མོ་ཡོངས་ཀྱིས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་སྐྱོབ་ཆེད་བློས་གཏོང་གནང་བར་གདུང་སེམས་མཉམ་བསྐྱེད་བྱ་དགོས། ’

རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་ཚོས་རང་དང་རིགས་མཐུན་ཚོར་ཐུན་མོང་གི་གནད་དོན་ཞིག་གི་ཆེད་སྔར་བས་འབད་བརྩོན་བྱ་དགོས་པའི་སྐུལ་འདེད་གཏོང་ཐབས་གཅིག་པུ་མིན་པར། མི་གཞན་གང་མང་ཞིག་གིས་སེམས་ཁུར་དང་དོ་སྣང་བྱ་བར་ཡང་རེ་བ་བྱེད་ཀྱི་ཡོད། བོད་དུ་བྱུང་དང་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་གནད་དོན་ཐད་ནུབ་ཕྱོགས་ཁུལ་དུ་གདུང་སེམས་མཉམ་བསྐྱེད་ཀྱིས་གསར་འགྱུར་བརྒྱུད་ལམ་མང་པོར་གནས་ཚུལ་ཁྱབ་སྤེལ་བྱས་ཡོད་པ་དང་། མང་ཚོགས་ངོས་ནས་རྒྱབ་སྐྱོར་ཡང་ཆེན་པོ་ཐོབ་ཡོད། འོན་ཀྱང་རང་སྲོག་འདོར་མཁན་ཚོར་གཞན་གྱི་གདུང་སེམས་མཉམ་བསྐྱེད་འཐོབ་རེ་ཡོད་པའི་གསལ་ཁ་གང་ཡང་བྱུང་མེད། ཕྱི་ལོ་༢༠༡༢ ཟླ་༣ ཚེས་༢༦ ཉིན་རྒྱ་ནག་སྲིད་འཛིན་ཧུའུ་ཅིན་ཐོ་རྒྱ་གར་ལ་ལྟ་སྐོར་དུ་བསྐྱོད་སྐབས། རྒྱ་གར་ནང་གནས་སྡོད་བྱེད་པའི་བོད་མི་འཇམ་དཔལ་ཡེ་ཤེས་ཀྱིས་རང་སྲོག་བཅད་པའི་གནས་ཚུལ་དེ་གཞན་དང་མི་འདྲ་བ་ཞིག་བྱུང་ཡོད། ཁོང་གིས་རང་དང་རིགས་མཐུན་གྱི་བོད་རིགས་སྤུན་ཟླ་ཚོ་གཅིག་པུ་ལ་ཞུ་སྐུལ་བྱས་པ་ཙམ་མིན་པར། འཛམ་གླིང་མི་མང་ཡོངས་ལ་ཞུ་སྐུལ་བྱས་ཡོད་དེ། ཁོང་གི་ཞལ་ཆེམས་ནང་ ‘ དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་མི་ལུས་རིན་ཆེན་མེ་ལ་འབུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན། ཤ་ཚ་སྙིང་རྗེ་ཡོད་ན་ཉམས་ཆུང་བོད་མི་ལ་གཟིགས་རོགས་གནང་། ‘ ཅེས་འཁོད་ཡོད།

རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་རྣམས་ཀྱིས་གསལ་ཁ་ཡོད་མེད་ཅི་རིགས་སུ་བརྗོད་པའི་ཀུན་སློང་ཐད་ལ། བསམ་ཚུལ་བརྗོད་པ་ཁག་ཅིག་གིས་མངོན་གསལ་མིན་པའི་གནས་ཚུལ་ཞིག་ཡོད་པར་དོགས་སློང་ཡང་བྱེད་ཀྱི་ཡོད། དུས་རྒྱུན་མི་རྣམས་ཀྱིས་རང་སྲོག་འདོར་དོན་ནི་སྨྱོ་ནད་ཀྱིས་མནར་བའམ་སེམས་ཁམས་སྡུག་གིས་ནོན་པ་ལས་འབྱུང་གི་ཡོད། དེས་ན་རང་སྲོག་དོར་ཏེ་དྲག་རྒོལ་བྱེད་མཁན་དང་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་རྣམས་གནས་ཚུལ་འདི་དང་འབྲེལ་བ་ཡོད་སྲིད་དམ། འཁྲུལ་ཉེན་ཆེ་ལ་མགོ་རྨོངས་བར་བྱེད་པའི་གནད་དོན་གཙོ་བོ་ཞིག་ནི། (ཐུན་མོང་གི་རྩ་དོན་གང་རུང་ཞིག་གི་ཆེད་)རང་ཉིད་མེ་རུ་བསྲེགས་ཏེ་(སྲིད་གཞུང་སོགས་ལ་)ངོ་རྒོལ་གྱིས་རང་སྲོག་འདོར་མཁན་དང་ངོ་རྒོལ་སོགས་གང་ཡང་མ་ཡིན་པར་རང་ལུས་མེ་རུ་བསྲེགས་ཏེ་རང་སྲོག་གཅོད་མཁན་གཉིས་ཀར་ ‘ རང་ལུས་མེར་སྲེག་ ‘ ཅེས་པའི་ཐ་སྙད་འདི་ཐུན་མོང་དུ་སྤྱོད་པ་དེ་རེད། ཡང་གནད་དོན་གཞན་ཞིག་ནི་མི་ཁག་ཅིག་གིས་ཐུན་མོང་གི་རྩ་དོན་གང་གི་ཆེད་དུའང་མ་དམིགས་པར་སོ་སོའི་སྐྱོ་སྡུག་ཁོ་ན་ལ་མ་བཟོད་པར་མང་ཚོགས་ཀྱི་མདུན་དུ་རང་སྲོག་གཅོད་ཀྱི་ཡོད་པ་དེ་རེད། བྷོ་ཛི་ཛི་ཡིས་རང་སྲོག་དོར་ཏེ་ངོ་རྒོལ་བྱས་པ་དེ་ནི་སྒེར་གྱི་འཁོན་སེམས་དང་ཡིད་མི་དགའ་པའི་དབང་དུ་གྱུར་ཏེ་བྱེ་བྲག་གི་གཞུང་འཛིན་མི་སྣ་ཁ་ཤས་ལ་ངོ་རྒོལ་བྱས་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད།

འོན་ཀྱང་དེ་ནི་ཊུ་ནི་ཤི་ཡའི་མི་མང་ས་ཡ་མང་པོ་སྲིད་གཞུང་གི་ཆབ་སྲིད་ལམ་ལུགས་ལ་ཡིད་མི་རངས་པའི་ཐུན་མོང་གི་རྣམ་འགྱུར་མཚོན་བྱེད་ཞིག་ཏུ་གྱུར། བྷོ་ཛི་ཛི་ཡི་དོན་རྐྱེན་དེས་ཐུན་མོང་གི་རྩ་དོན་ཆེད་བྱང་ཨ་ཧྥེ་རི་ཁའི་མངའ་ཁུལ་དུ་སྲིད་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་གཅོད་པའི་སྐུལ་མ་ཐེབས་པ་མ་ཟད། མི་སྒེར་དང་འབྲེལ་བའི་གནད་དོན་ཆེད་རང་སྲོག་གཅོད་པ་དང་། རང་སྲོག་གཅོད་ཐབས་སུ་རང་ལུས་མེར་སྲེག་གི་ཐབས་ལམ་སྤྱོད་པའི་ཤུགས་རྐྱེན་ཐེབས། སྤྱིར་ཕྱི་ལོ་༡༩༦༣ རྗེས་སུ་འདི་དང་མཚུངས་པའི་གནས་ཚུལ་རིམ་པར་བྱུང་ཡོད། ཝེད་ནམ་ལྷོ་མའི་མངའ་ཁུལ་དུ་བློ་ཡིད་དུ་མི་ཤོང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་བ་ནས་བཟུང་། ནུབ་ཕྱོགས་སུ་རང་སྲོག་གཅོད་པར་རང་ལུས་མེར་སྲེག་བྱེད་པའི་ཐབས་ལམ་འདི་སྤྱོད་སྲོལ་ཆེ་རུ་གྱུར་ཡོད།

ཐུན་མོང་གི་རྩ་དོན་ཆེད་བློས་གཏོང་བྱས་པའི་གནད་དོན་ལ་གཞིགས་ཏེ། གནད་དོན་འདིའི་ཐད་སེམས་ཁམས་འཁྲུག་པའི་ནད་བཅོས་བརྟག་ཐབས་ཀྱིས་ད་བར་ར་སྤྲོད་དཔང་རྟགས་གང་ཡང་རྙེད་སོན་བྱུང་ཡོད་དམ་ཞེ་ན། ར་འཕྲོད་པའི་དཔང་རྟགས་རྙེད་རྒྱུ་ཁག་པོ་ཆགས་ཡོད། ཨེ་རེལ་མེ་རཱ་རི་(Ariel Merari)དང་ཁོང་གི་ལས་རོགས་ཚོས་ཨི་ཛི་རལ་གྱི་ནང་དྲག་རྒོལ་གྱིས་རང་སྲོག་འདོར་རྩིས་བྱས་པའི་མི་བཅོ་ལྔ་འཛིན་བཟུང་བྱས་པ་ཚོའི་སེམས་ཁམས་རྒྱུན་གཏན་ཡིན་མིན་ལ་བརྟག་དཔྱད་ཞིབ་ཚགས་བྱ་རྩིས་བྱས། མཐར་ཁོ་ཚོས་གྲངས་ཉུང་མི་རིགས་ཀྱི་བཙོན་མ་མི་ཉུང་བ་ཞིག་ལ་རང་སྲོག་གཅོད་པའི་བློ་ཡོད་མེད་ཐད་ཞིབ་འཇུག་རགས་ཙམ་བྱས་ཤིང། ཞིབ་འཇུག་ཁྱབ་ཁོངས་ཀྱི་མི་གྲངས་ཕྱེད་ཙམ་ལ་སེམས་སུ་གནོན་ཤུགས་སམ་སེམས་ངལ་ཡོད་པ་ཤེས་རྟོགས་བྱུང་། འོན་ཀྱང་ད་དུང་གསལ་ཁ་འབྱེད་མི་ཐུབ་པའི་དཀའ་ངལ་ཞིག་ཡོད་པ་ནི། ཞིབ་འཇུག་བྱས་པའི་གྲུབ་འབྲས་འདི་དྲག་རྒོལ་གྱིས་རང་སྲོག་འདོར་མཁན་ཚོ་ལའང་གཅིག་མཚུངས་སུ་སྤྱད་པ་དེ་རེད། མེ་རཱ་རི་ཡི་ཞིབ་འཇུག་ཁྱབ་ཁོངས་ཀྱི་མི་མང་ཆེ་བ་ནི་འགད་རྫས་མ་བཀད་པར་ཨི་ཛི་རལ་གྱི་དཔོན་རིགས་ཚོར་མགོ་བཏགས་ཞུ་མཁན་གྱི་རིགས་ཡིན་(དེ་དག་ཁྲོད་ཀྱི་མི་བཞི་ནི་འགད་རྫས་ལ་སྐྱོན་ཤོར་ཏེ་དུས་ཐོག་ལ་ལེགས་འགྲུབ་མ་བྱུང་པའི་རིགས་ཡིན)། མདོར་ན་ཁོ་རང་ཚོའི་ངོས་ནས་རང་སྲོག་འདོར་འདོད་མེད་པ་དེ་རེད།

རང་སྲོག་འདོར་བའི་ངོ་རྒོལ་གྱི་གནད་དོན་ཐད་གོང་དང་མཚུངས་པའི་ཞིབ་འཇུག་བྱས་ཡོད་དེ། ཕྱི་ལོ་༡༩༩༠ ལོར་རྒྱ་གར་ནང་གྲངས་ཉུང་མི་རིགས་དང་། རིགས་དམན་པ། བུད་མེད་བཅས་ཀྱི་བདེ་ཐབས་ཆེད་གཞུང་གིས་དམིགས་བཀར་སྲིད་ཇུས་ཤིག་བཟུང་བར་ངོར་རྒོལ་གྱིས། སློབ་ཕྲུག་མི་ཉུང་བ་ཞིག་གིས་དུག་འགམས་པའམ་རང་ལུས་མེར་སྲེག་གཏོང་བ་སོགས་ཀྱི་བྱ་སྤྱོད་སྤེལ་ཡོད། སྐབས་དེར་བསམ་ཡིད་ལས་འདས་པའི་ལས་འགུལ་དེ་ལྟ་བུ་སྤེལ་མཁན་གྱི་མི་ཉི་ཤུ་རྩ་གཉིས་ལ་བཅར་འདྲི་དང་བརྟག་དཔྱད་བྱས་ཡོད། ཁོ་ཚོ་ཚང་མར་སྨན་ཁང་དུ་སྨན་བཅོས་བྱ་དགོས་ཐུག་ཡོད་པ་དང་། ཁ་ཤས་བརྟག་དཔྱད་བྱས་རྗེས་འདས་གྲོངས་སུ་གྱུར་ཡོད། ཁོང་ཚོ་ནི་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་གྱི་ཚབ་མཚོན་རྣལ་མ་ཡིན་པར་ངོས་འཛིན་བྱ་ཆོག མཐར་ཞིབ་འཇུག་པ་ཚོས་རྙེད་དོན་ནི། དེ་དག་གི་ཁྲོད་དུ་སེམས་ཁམས་མ་དྭངས་བའམ་སྨྱོ་ནད་དང་འབྲེལ་བ་ཡོད་པ་གཅིག་མ་གཏོགས་མེད་ལ། གཞན་དག་ཚང་མ་ཕ་རོལ་བོར་འཁོན་འཛིན་ཆེན་པོ་ཡོད་པའི་རྣམ་པ་འབའ་ཞིག་ལས་རང་གིས་རང་ལ་ཚོད་འཛིན་མི་ཐུབ་པའི་གནས་ཚུལ་ཅི་ཡང་མེད་ཚུལ་བརྗོད་ཡོད་པ་དེ་རེད། གནས་ཚུལ་འདིས་གནད་དོན་འདི་ནི་དུས་རྒྱུན་སེམས་ཐོག་ནས་བུད་པའི་ནད་པ་ཚོས་རང་གིས་རང་ལ་འཚེ་བའི་བྱ་སྤྱོད་དང་ཐ་དད་ཡིན་པ་གསལ་འདོན་བྱས་ཡོད། རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་དེ་དག་གི་སེམས་ཁམས་གནས་ཚུལ་ཧ་ཅང་རྒྱུན་གཏན་ཡིན་པ་ལས་སེམས་གཅོང་གིས་མནར་བ་དེ་འདྲ་གང་ཡང་མེད།

རིག་གཞུང་མི་འདྲ་བའི་ཁྱབ་ཁོངས་ཀྱི་མི་སྒེར་སོ་སོའི་ཀུན་སློང་ཐད་སེམས་ཁམས་རིག་པའི་འགྲེལ་བརྗོད་ལས་ཆོས་ལུགས་རིག་པའི་འགྲེལ་བརྗོད་འབྲེལ་ཆགས་པ་ཡོད་ངེས། རང་སྲོག་བློས་གཏོང་གིས་དྲག་རྒོལ་བྱེད་མཁན་ཚོར་གཞིགས་ན། ཁ་ཆེ་ཆོས་ལུགས་ཀྱི་ངོས་ནས་ཆོས་ལུགས་སྲུང་སྐྱོབ་ཆེད་གཡུལ་ལ་ཞུགས་ཏེ་རང་སྲོག་དོར་ཚེ་ལྷ་ཡུལ་དུ་སྐྱེ་ངེས་བར་བརྗོད་ཀྱི་ཡོད། དཔེར་ན།་ཊེན་ཝཻར་ཁཱན་(Tanweer Khan) གྱིས་རང་ཉིད་དག་པའི་ཞིང་དུ་སྐྱེ་བའི་རེ་འདུན་བརྗོད་ཡོད་པ་ལྟ་བུ་རེད། ཨལ་ཁ་ཌ་དང་ཊ་ལི་བྷན་ལྟ་བུ་རང་སྲོག་བློས་གཏོང་གིས་དྲག་རྒོལ་བྱེད་མཁན་ཚོའི་རྒྱབ་ཏུ་ཡོད་པའི་གདུག་རྩུབ་ཅན་གྱི་ཤོག་ཁག་མང་ཆེ་བ་ཁ་ཆེའི་ཆོས་ལུགས་པ་ཡིན་པ་གསལ་པོ་རེད། འོན་ཀྱང་རང་སྲོག་བློས་གཏོང་གིས་དྲག་རྒོལ་བྱེད་མཁན་ཁག་ཅིག་ཁ་ཆེའི་རྒྱལ་ཁབ་ནས་ཡིན་ཡང་དེ་དག་ཆོས་ལུགས་ལ་དད་ཞེན་གྱིས་སྦྱོར་བ་དེ་བརྩམས་པ་མིན་པའང་ངེས་དགོས་པ་ཞིག་རེད། དཔེར་ན། ས་ན་མེ་ཧེཌ་ལི་ནི་(Sana誕 Mehaidli) ཆོས་ལུགས་དང་མི་འབྲེལ་བའི་སྲིད་དོན་རྐྱང་བ་གཉེར་བའི་ཚོགས་པ་ཞིག་གི་ཁོངས་གཏོགས་ནས་ཡིན་པ་ལྟ་བུ་རེད། གཞན་ཡང་ཁ་ཆེ་ཆོས་ལུགས་ཀྱི་རྒྱལ་ཁམས་ལས་རིང་དུ་བརྒལ་བའི་ཊ་མིལ་ཊ་ཡི་གྷེར་ཚོགས་པའི་ཁོངས་གཏོགས་ཚང་མ་ཡང་ཆོས་ལུགས་དང་མི་འབྲེལ་བའི་སྲིད་དོན་རྐྱང་བ་གཉེར་མཁན་གྱི་རྒྱལ་ཞེན་རིང་ལུགས་པ་ཤ་སྟག་ཡིན་པ་ལྟ་བུ་རེད།

སྤྱིར་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་པའི་རྣམ་པ་འདི་རྒྱ་ཁྱབ་ཆེ་རུ་སོང་བའི་ཁྲོད། སངས་རྒྱས་ཆོས་ལུགས་དང་ཧིན་རྡུ་ཆོས་ལུགས་ཀྱི་སྲོལ་ཆེས་ཆེར་དར་བའི་རྒྱལ་ཁབ་དག་གི་ནང་གནས་ཚུལ་འདི་དར་ཤུགས་ཆེ་བ་ཡོད། སངས་རྒྱས་ཆོས་ལུགས་ལ་མཚོན་ན་བདེན་དོན་ཞིག་གི་ཆེད་རང་སྲོག་དོར་བ་ལ་ཁེ་ཕན་ཆེན་པོ་ཡོད་ཚུལ་གྱི་ཁག་ཐེག་གང་ཡང་མེད། རང་སྲོག་དོར་དེ་ངོ་རྒོལ་བྱེད་པ་དེས་མི་རིང་བར་འཚང་རྒྱ་བའམ་སྐྱེ་བ་ཕྱི་མར་ཡག་པོ་ཡོང་བར་ཕན་པ་དེ་འདྲ་གང་ཡང་ཡོང་གི་མེད། འོན་ཀྱང་སངས་རྒྱས་ཀྱི་འདས་པའི་བྱུང་རབས་ནང་གཞན་དོན་དུ་རང་ཉིད་བློས་བཏང་བའི་མཛད་པ་བསྐྱངས་ཚུལ་འཁོད་ཡོད། ཐེག་པ་ཆེན་པོའི་ལུགས་སུ་བསྟན་པའི་པདྨ་དཀར་པོའི་མདོ་རུ་སྟག་མོ་ཞིག་བཀྲེས་པའི་མནར་ཏེ་རང་གི་ཕྲུ་གུ་ཟ་བར་རྩོམ་པའི་གནས་སུ་གྱར་པ་གཟིགས་པས། རང་སྲོག་བཅད་དེ་རང་ཉིད་སྟག་མོ་དེའི་ཟས་སུ་སྦྱིན་ཚུལ་བསྟན་ཡོད། ཐེག་ཆེན་གྱི་ལུགས་འདི་རྒྱ་ནག་གི་ཡུལ་དུ་སྔོན་ལ་དར་བ་དང་། ཕྱིས་སུ་བོད་དང་ཝེད་ནམ་གྱི་ཡུལ་ལ་དར་ཁྱབ་ཆེན་པོ་བྱུང་། བླ་མ་བསོད་བྷ་རིན་པོ་ཆེས་ཁོང་གི་ཆེས་མཐའ་མའི་ཞལ་ཆེམས་ནང་པད་མ་དཀར་པོའི་མདོ་ལས་བསྟན་པའི་དོན་འདི་ལུང་དྲངས་ཡོད།

ཐེག་པ་ཆེན་པོའི་ལུགས་འཛིན་པའི་དགེ་འདུན་པ་མང་པོ་ཞིག་གིས་ཀྱང་འཇིག་རྟེན་ཐུན་མོང་གི་སྣང་ཚུལ་ལས་འདས་པའི་སྒོ་ནས་ཕྱིའི་ལུས་ལ་ཞེན་ཆགས་མེད་པར་སྤངས་ཚུལ་དང་། སངས་རྒྱས་ཆོས་ལུགས་ཉམས་ལེན་གྱི་ནུས་པ་གཟེངས་སུ་བསྟོད་པ། ཆོས་ལུགས་ལ་ཐོས་བསམ་སྒོམ་གསུམ་བྱ་ཡུལ་གཙོ་བོ་དགོན་སྡེ་སོགས་གནས་པ་དང་། དར་བ། མི་ཉམས་བཅས་ཀྱི་ཆེད་ཡོངས་གྲགས་ཀྱིས་རང་སྲོག་རང་གིས་བཅད་པའི་གནས་ཚུལ་ཡོད། འོན་ཀྱང་དེ་དག་ཚང་མས་གཅིག་གྱུར་གྱིས་རང་སྲོག་གཅོད་ཐབས་སུ་རང་ལུས་མེ་རུ་སྦར་ཚུལ་འདི་སྤྱད་པ་ཡིན་ནམ་ཞེ་ན། མ་ཡིན། རང་སྲོག་དོར་བའི་བྱ་སྤྱོད་སྤེལ་བ་དེ་དག་ཚང་མར་ངོ་རྒོལ་བྱས་པའི་གནས་ཚུལ་དང་རྣམ་པ་ཅི་ཡང་མེད་མོད། དེང་རབས་ཀྱི་དཔྱད་བསྡུར་བྱེད་ཐབས་ལ་གཞིགས་ཏེ་བཤད་ན། ཁོང་ཚོས་ལས་དེ་བརྩམས་པའི་དམིགས་ཡུལ་ནི་ཆོས་ལུགས་དང་འབྲེལ་བ་ལས་ཆབ་སྲིད་དང་མི་འབྲེལ་བ་དེ་རེད། དུས་རབས་ཉི་ཤུ་པའི་དུས་འགོར་རྒྱ་ནག་དང་ཝེད་ནམ་ནང་རང་སྲོག་འདོར་བའི་གནད་དོན་འདི་བསྟུད་མར་བྱུང་ཡོད། དགེ་སློང་ཆུང་ཌུག་(ཝེད་ནམ་གྱི་དགེ་སློང་ཐིག་ཆུང་ཌུག-Quang Duc)གིས་དགོན་པ་ནས་དར་བའི་སྲོལ་དེ་གསལ་པོར་མཁྱེན་གྱི་ཡོད་པར་གདོན་མི་ཟ། ཁོང་གིས་དེ་ཆབ་སྲིད་ཀྱི་དབང་ཤུགས་ལ་ཁ་གཏད་གཅོག་བྱེད་དུ་བསྒྱུར་བ་རེད།

ཆོས་ལུགས་ཀྱིས་བློས་གཏོང་བྱ་བར་སྐུལ་འདེད་བྱེད་མཁན་གྱི་དཔེ་མཚོན་མི་སྣ་སྐྱེད་སྲིང་བྱེད་ཐུབ་ནའང་། ངོ་རྒོལ་གྱིས་རང་སྲོག་འདོར་མཁན་ཚོས་འཇིག་རྟེན་ལས་འདས་པའི་ཁྱད་འཕགས་ཀྱི་ནུས་པ་ཞིག་འཐོབ་རེ་ཅང་བྱ་མྱོང་མེད། ཆོས་ལུགས་དད་ཞེན་གཙིགས་སུ་འཛིན་མཁན་དག་གིས་ཀྱང་རང་སྲོག་འདོར་བའི་བྱ་སྤྱོད་ཐད་འགྲེལ་བརྗོད་བྱ་སྐབས་འཛམ་གླིང་འདིར་བརྡ་ལན་སྤྲོད་པའི་ནུས་པ་ཅི་ཐོན་གཙོར་འཛིན་བྱེད་ཀྱི་ཡོད། དེ་ལྟ་ནའང་དུས་རྒྱུན་གནས་ཚུལ་དམིགས་བསལ་བ་ཁ་ཤས་འབྱུང་གི་ཡོད། དཔེར་ན། བླ་མ་བསོད་བྷའི་ཞལ་ཆེམས་ནང་འཇིག་རྟེན་ལས་འདས་པའི་མཐུ་དང་ནུས་པ་ཁྱད་པར་བ་ཞིག་ཡོད་པར་གོ་བརྡ་བསྟན་ཡོད་པ་ལྟ་བུ་རེད། ཁོང་གིས་ ’ མཐའ་མེད་པའི་སེམས་ཅན་དེ་དག་ནི་ཀླ་ཀློ་དང་ནི་འདི་ལྟ་བུའི་ཆོས་མིན་གྱི་ལས་ཚབས་ཆེན་བླངས་སོང་ན། སྙིང་ཐག་པ་ནས་དེ་རྣམས་ཀྱི་ལས་སྒྲིབ་སྦྱང་ཕྱིར་དང་། ཤིག་དང་སྲོ་མང་ཡན་ཆད་དབུགས་ལ་བརྟེན་ཚད་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འཆི་ཁ་མནར་གཅོད་ཀྱི་སྡུག་བསྔལ་མི་མྱོང་བར་མགོན་པོ་འོད་དཔག་མེད་ཀྱི་སྐུ་དྲུང་ནས་རིམ་བཞིན་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་དུ། རང་གི་ཚེ་དང་སྲོག་གི་མཆོད་པ་འདི་ཕུལ་བ་ཡིན། ’ ཅེས་གསུངས་ཡོད།

ཚེ་འདི་དང་ཕྱི་མ་གང་ལ་དམིགས་པ་ཞིག་ཡིན་ཡང་དེས་རང་སྲོག་བློས་བཏང་གིས་ངོ་རྒོལ་བྱ་བར་སྐུལ་ལྕགས་ཐེབས་ཀྱི་ཡོད། དེར་བརྟེན་རང་སྲོག་བློས་གཏོང་བའི་ངོ་རྒོལ་གྱི་རླབས་རྒྱུན་འཇགས་པ་མེད་པར་གྱུར་བ་རེད། རང་སྲོག་བློས་གཏོང་གིས་དྲག་རྒོལ་བྱེད་མཁན་ཚོའི་བྱ་སྤྱོད་ཡང་རང་སྲོག་བློས་གཏོང་(གཞན་ལ་མི་ཚེ་བར་རང་སྲོག་བློས་གཏོང་མཁན་)གིས་ངོ་རྒོལ་བྱེད་མཁན་ཚོ་དང་གྲས་གཅིག་ལ་བགྲང་གི་ཡོད། འོན་ཀྱང་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་དང་ངོ་ལོག་ཤོག་ཁག་དག་གི་འབོད་ཚིག་ལས་གནད་དོན་དེའི་རིང་བཞིན་མང་པོ་ཞིག་རྟོགས་ཐུབ་ཀྱི་ཡོད། རང་སྲོག་བློས་གཏོང་གིས་ངོ་རྒོལ་བྱེད་མཁན་ཚོའི་བྱ་སྤྱོད་ཀྱིས་ཕ་རོལ་པོར་ལེགས་ཕྱོགས་ནས་གོ་སྐོན་བློ་འགུག་ཡོང་ཐབས་བྱེད་ཀྱིན་ཡོད་མོད། དྲག་རྒོལ་གྱིས་རང་སྲོག་བློས་གཏོང་བྱེད་མཁན་ཚོས་དེ་ལས་ལྡོག་ཏེ་རང་ཉིན་ཁོ་ནའི་ཁེ་ཕན་ལེགས་འགྲུབ་ཡོང་རྒྱུ་གཙོར་འཛིན་བྱེད་ཀྱིན་ཡོད། བསམ་བློ་ཞིབ་ཏུ་བཏང་ཚེ་བྱེད་ཐབས་ཕྱི་མ་འདིར་ཁེ་གྱོང་ལ་བལྟས་ན་གྱོང་མ་གཏོགས་ཁེ་མེད་པ་ལྟ་བུ་ཞིག་ཡིན་པ་རེད།

གནད་དོན་བྱེ་བྲག་པ་ཞིག་གི་ཆེད་ཐོག་དང་པོར་རང་སྲེག་བྱས་པ་དེས་ཆོད་སེམས་ཀྱི་འདུན་པ་མངོན་པར་མཚོན་པའི་གོ་བརྡ་གསལ་པོ་སྤྲོད་ཐུབ་ཀྱི་ཡོད་ལ། ཐེང་གཉིས་པ་དང་གསུམ་པ་བསྟུད་མར་བྱུང་བའི་རང་སྲེག་གི་གནས་ཚུལ་གྱིས་རང་སྲེག་གི་ལས་སྦྱོར་རྩོམ་མཁན་རྣམས་སེམས་རྣལ་དུ་ཕབ་མ་ཐུབ་པའི་གང་ཟག་རིག་འཚོ་མ་ཟིན་པ་རེ་མིན་པ་ར་སྤྲོད་བྱེད་ཀྱི་ཡོད། རང་སྲེག་གི་གནས་ཚུལ་ཐེངས་བཅུ་གསུམ་པ་དང་བཅུ་བཞི་པས་ཕན་ནུས་ཆེར་མ་ཐོན་པ་ལྟར་སྣང་ཡང་། དེ་སྔ་བློས་བཏང་རིམ་པར་བྱས་པ་དག་གིས་དོན་གནད་གལ་ཆེ་རུ་བཏང་ཡོད་པ་ནི་བསྙོན་དུ་མེད། དེར་བརྟེན་སྤྲུལ་སྐུ་བསོད་བྷ་རིན་པོ་ཆེ་མཆོག་གིས་ ‘ ད་ལོ་ནི་སྐུ་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་མང་པོ་ཞིག་གཤེགས་སོང་བའི་ལོ་རེད། དེས་ན་ངས་ཁོང་རྣམ་པར་ལུས་ཤ་ཁྲག་གི་མཚོན་བྱེད་ཙམ་ལས། རང་གི་བྱས་རྗེས་དང་གཟི་བརྗིད་ཙམ་གྱི་ཆེད་མ་ཡིན་པར། སྙིང་ཐག་པ་ནས་སོར་བྱང་སྔགས་གསུམ་དང་། སྔགས་ཀྱི་ནང་ནས་སྔགས་ཀྱི་དམ་ཚིག་གི་གཙོ་བོ་རང་རང་གི་ལུས་དང་སྲོག་བཏང་སྟེ་འགྱོད་བཤགས་བྱེད་རྒྱུ་དེ་རེད། ’ ཅེས་གསུང་ཡོད་པ་དང་། རང་སྲོག་འདོར་མཁན་ཚོར་གདུང་སེམས་མཉམ་བསྐྱེད་དང་བཀའ་དྲིན་རྗེས་དྲན་ཞུས་པ་དེས་རང་སྲོག་འདོར་མཁན་གྱི་གྲངས་འབོར་མང་དུ་འཕེལ་བར་སྐུལ་མ་ཐེབས་ཡོད།

ཉེ་བའི་ཆར་བོད་དོན་ཆེད་བསྟུད་མར་རང་སྲེག་གིས་རང་སྲོག་དོར་བ་དེས་ད་ལྟ་བར་མིག་མཐོང་ལག་ཟིན་ཡོད་པའི་སྲིད་དོན་གྱི་གྲུབ་འབྲས་ཅི་ཡང་བསྐྱེད་ཐུབ་མེད་ཁར། བོད་ཀྱི་ས་ཁུལ་གང་སར་བཙན་གནོན་གྱི་སྲིད་ཇུས་སྤེལ་ཤུགས་ཆེ་རུ་སོང་ཡོད་ལ། རྒྱ་ནག་ནང་ཁུལ་གྱི་རྒྱ་རིགས་མང་ཚོགས་ངོས་ནས་ཀྱང་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་འགྱུར་བསྟན་པ་ཅང་མེད། བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་ནུབ་ཕྱོགས་མི་མང་གི་བསམ་ཚུལ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་མེད་པ་ལྟར་སྣང། འོན་ཀྱང་རང་སྲེག་བྱས་པ་དེར་ད་ལྟ་གྲུབ་འབྲས་སྨིན་དགོས་ཚོད་ཡིན་པར་བསམ་ན་སྔ་དྲགས་པ་རེད། རྒྱ་ནག་གཞུང་གིས་བོད་ནང་བཙན་གནོན་བྱེད་པའི་ཚད་གཞིའི་ཐོག་ནས་བཤད་ན་ནུས་པ་དང་གྲུབ་འབྲས་མངོན་གསལ་ཅིག་ཐོན་རྒྱུ་མེད་པ་ལྟ་བུ་རེད།

འདིར་ང་ཚོས་ཚོད་དཔག་བྱ་ཐུབ་པ་ནི་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་པའི་ལས་འགུལ་མུ་མཐུད་འབྱུང་རྒྱུ་ཡིན་པ་དེ་རེད། བྱེད་ཐབས་འདིའི་གོ་བརྡ་སྤྲོད་པའི་ནུས་པ་ནི་ད་ལྟའི་ཆར་བྱུང་དང་འབྱུང་བཞིན་པའི་རང་སྲོག་བློས་བཏང་གིས་དྲག་རྒོལ་དང་མི་གསོད་ཁྲག་སྦྱོར་གྱི་ལས་ལས་ཆེ་བ་མེད་ན་ཞན་པ་མེད་པ་དེ་རེད། རང་སྲོག་བློས་བཏང་གིས་འགད་རྫས་འགད་མཁན་ཞིག་ལ་མཚོན་ན་རྩ་འཛུགས་དང་། འབྲེལ་མཐུད། འགད་རྫས་སྤྱོད་པའི་ལག་རྩལ་བཅས་དགོས་ཀྱི་ཡོད། རྩོད་རྙོག་ཆེས་ཆེ་བའི་ཡུལ་གྱི་ལྟེ་བ་ཨ་ཧྥ་གྷ་ནི་ས་ཊན་ལྟ་བུ་ལ་མཚོན་ན། དྲག་རྒོལ་བ་ཚོ་དམིགས་འབེན་གྱི་ཡུལ་དུ་སླེབས་ཐབས་སུ་གཞོགས་འདེགས་བྱ་དགོས་ཀྱི་ཡོད། རང་ཉིད་གཅིག་པུས་རང་སྲོག་དོར་ཏེ་ངོ་རྒོལ་བྱེད་མཁན་ཞིག་ལ་མཚོན་ན་རྩ་འཛུགས་དེ་འདྲ་གང་ཡང་དགོས་ཀྱི་མེད་ལ། རང་སྲོག་འདོར་བར་འགོག་རྐྱེན་ཆེན་པོ་འཕྲད་ཀྱི་མེད་མོད། བཙན་གནོན་གྱི་བརྒྱུད་རིམ་གསལ་བའི་གནས་ཚུལ་ཧ་ཉུང་། བཙན་གནོན་དང་དམ་དྲག་ཆེས་ཆེ་བའི་ས་ཁུལ་དུ་མི་ཞིག་གིས་རང་སྲོག་བཅད་པའི་ཚེ་དེས་རང་སྲོག་འདོར་དོན་ཅི་ཡིན་གྱི་གནས་ཚུལ་གསལ་རྟོགས་ཡོང་བར་དཀའ་ངལ་འཕྲད་ཀྱི་ཡོད། དེང་སང་འཛམ་གླིང་ནང་གོ་ལ་གཅིག་གྱུར་གྱི་དཔལ་འབྱོར་མཉམ་གཉེར་ནང་ཞུགས་པའི་རྒྱལ་ཁབ་ཅིག་ལ་མཚོན་ན། དེ་སྔ་སྲིད་དབང་སྒེར་གཅོད་བྱེད་པའི་ཨུ་རུ་སུ་དང་མའོ་ཡི་ལམ་ལུགས་སྐྱོང་བའི་རྒྱ་ནག་ལྟ་བུ་ཡུལ་རིང་གནས་ཐབས་མེད་པར་གྱུར་ཡོད། གནད་དོན་འདི་ར་འཕྲོད་པར་ཐག་རིང་པོ་ཞིག་ལ་བསམ་བློ་གཏོང་དགོས་ཀྱི་མི་འདུག དཔེར་ན་རྒྱ་ནག་ལ་ལྟོས་དང་དེ་གསལ་པོ་རེད། རྒྱ་ནག་སྲིད་གཞུང་ངོས་ནས་བོད་ནང་རང་ལུས་མེར་སྲེག་གིས་ངོ་རྒལ་བྱེད་པའི་གནས་ཚུལ་འགོག་ཐབས་ཡོང་གི་མེད་པར། ང་ཚོ་ཚང་མས་ཡི་གེ་དང་བརྙན་འཕྲིན་ལམ་ནས་ཤེས་ཐུབ་པ་ཡོང་གི་ཡོད་པ་ལྟ་བུ་རེད།

མཇུག་རྫོགས།

(མི་ཁུལ་བྷིག་ས་(Michael Biggs)ནི་ཨོག་སུ་ཧྥོ་ཌ་སློབ་གྲྭ་ཆེན་མོའི་(Oxford University)སྤྱི་ཚོགས་རིག་པ་བ་(Socialogist)ཞིག་ཡིན། ཁོང་གིས་སློབ་གྲྭ་ཆེན་མོ་དེའི་ནང་སྤྱི་ཚོགས་ཀྱི་ལས་འགུལ་དང་ངོ་རྒོལ་གྱི་བྱ་བར་ཞིབ་འཇུག་བྱེད་ཀྱི་ཡོད།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*