བསམ་བློ་བདག་བཟུང་བྱེད་ཐུབ་ཀྱི་མ་རེད། (སྔ་མ)

(ཀཱ་ཤིར་མིར་གྱི་གཞོན་སྐྱེས་ཕོ་མོ་ཚོས་སྡུག་བསྔལ་དང་དྲང་བདེན་ལ་རྡོག་རོལ་གཏོང་བའི་ཁོར་ཡུག་ཅིག་གི་ནང་ནས་མཛེས་ཉམས་ལྡན་པའི་གསར་སྐྲུན་གྱི་སྒོ་ཐེམ་གསར་པ་ཞིག་གི་སྒོ་རྡུང་གིན་ཡོད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སོའུ་ཛིས་ན་ མོའུ་ཞིས་བཀྲ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༡༣ལོའི་ཕྱི་ཟླ་༢པའི་ཚེས་༩ཉིན་སཱ་རཱ་གཉིད་ལས་སད་པ་དང་ཨ་ཧྥུ་རྫལ་གུ་རུ་ཡི་སྐེ་ལ་དཔྱང་ཐག་བསྐོན་ཏེ་བསད་ཡོད་པའི་གསར་འགྱུར་ཐོས། འོད་ལྷམ་ལྷམ་གྱི་གཟའ་སྤེན་པའི་ཞོགས་པ་ནི་ལྡི་ལིའི་དཀྱིལ་སྙིང་དུ་དགའ་དགའ་སྤྲོ་སྤྲོའི་གཟའ་མཇུག་ཅིག་ཡིན་པའི་ཆ་འཇོག་གནང་གིན་ཡོད་ནའང་། དེ་ནི་གློ་བུར་དུ་མུན་འཐིབ་འཐིབ་ཞིག་ལ་གྱུར། མོ་རང་གི་ཨ་མས་ཁོ་མོ་ལ་ཁ་པར་ལས་གསར་འགྱུར་དེ་བཤད་དེ་སེམས་པ་ལྷོད་ལ་འབབ་དགོས་པའི་སྐུལ་མ་གནང་། སཱ་རཱ་ཚ་གི་ཚི་གི་ཞིག་ཏུ་གྱུར་ཏེ་མོ་རང་གི་ཨ་མ་ལ་ཀཱ་ཤིར་མིེར་གྱིས་ག་རེ་བྱེད་དགོས་པ་ཅེས་དྲི་བ་ཞིག་དབང་མེད་དུ་ཤོར།

༢༠༡༠ལོའི་ངོ་རྒོལ་གྱེན་ལངས་བྱུང་ནས་ད་ཆ་ཕལ་ཆེར་ལོ་ངོ་གཉིས་འགོར་གྱི་འདུག དོན་རྐྱེན་དེའི་ཁྲོད་དུ་མི་སྣ་༡༡༠་ལས་བརྒལ་བའི་ཚེ་སྲོག་ཤོར་ཡོད་པར་སྨྲ་ཞིང་། མང་ཆེ་ཤོས་གཞོན་སྐྱེས་ཕོ་ཚོ་ཡིན་འདུག དེའི་རྗེས་ནས་བཟུང་ལོང་གཤོངས་དེའི་ནང་གི་སྐྱི་གཡའ་བའི་ཞི་བདེ་དེ་བསླུ་བྲིད་ཅིག་ཏུ་གྱུར་ནས་ཤེས་ཡོན་པ་ཁ་ཤས་ཤིག་གིས་ལྐོག་གྱུར་གྱི་ཐོག་ནས་“ཀཱ་ཤི་མིར་ནི་དགའ་དགའ་སྐྱིད་སྐྱིད་རེད”་ཅེས་འགྲེལ་བརྗོད་མི་བྱེད་ཀ་མེད་བྱུང་ཡོད་པ་རེད།

སཱ་རཱས་ཁོ་མའི་ཨ་མ་ལ་ཁས་ལེན་གནང་། ཡིན་ཡང་། མོ་རང་གི་སེམས་པའི་གཏིང་ནས་དོན་དག་དག་དྲང་པོ་བྱུང་གི་མེད་པ་ཤེས་ཀྱི་ཡོད། ཁོ་མོས་དྲ་རྒྱའི་སྟེང་གསར་འགྱུར་དེ་བདེན་པ་ཡིན་མིན་བརྟག་དཔྱད་གནང་། མོ་རང་གིས་“ཨ་ཧྥུ་རྫལ་གུ་རུ་དཔྱངས་ཐག་བསྐོན་ཏེ་བསད་པ”་ཞེས་ཡི་གེ་གཏགས་པ་དང་གྷོ་གྷུལ་འཚོལ་ཞིབ་དྲ་ངོས་སུ་ལྡི་ལི་ཡི་ཊེ་ཧར་བཙོན་ཁང་ནང་ཞོགས་པ་སྔ་མོར་ཁོང་གི་སྐེ་ལ་དཔྱངས་ཐག་སྐོན་ཏེ་བསད་ཡོད་པའི་གསར་འགྱུར་གྱིས་ཁེངས་ཡོད་པ་རེད། གསར་འགྱུར་དེས་མོ་རང་གི་སེམས་པ་བློང་བློང་ངེར་བཏང་། དེའི་རྗེས་ཁོ་མོས་ངོ་དེབ་དྲ་བ་ལ་ནང་འཛུལ་བྱས། མི་རྣམས་ཀྱིས་ཁོང་ཚོའི་འདྲ་པར་དག་ནག་པོ་ལ་བསྒྱུར་ཏེ་ཁོང་ཚོའི་ཁོང་ཁྲོ་དང་ཟུག་རྔུ། ཅི་བྱ་གཏོལ་མེད་བཅས་ཀྱི་གནས་བབ་སྟོན་གྱི་ཡོད་པ་མཐོང་།

ལྡི་ལི་རུ་གནས་སྡོད་བྱས་ཡོད་པའི་ཁོ་མོའི་གྲོགས་པོ་ཁ་ཤས་ཀྱིས་རྗན་ཊར་མན་ཊར་དུ་ཁོང་ལ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་པ་དེར་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་གནང་། ཁོང་ཚོས་ཁྲིམས་ཆད་དེ་ནི་”ཁྲིམས་ལུགས་ཀྱི་ལྐོག་གསོད”་ཅིག་ཡིན་པའི་ཐ་སྙད་བཏགས། ཁོ་མོས་ཀྱང་”ང་ཚོ་ཚང་མ་ཨ་ཧྥུ་རྫལ་ཡིན།”"ཨ་ཧྥུ་རྫལ་ལ་དྲང་བདེན་གྱི་ཁྲིམས་ཞིབ་གནང་མ་སོང”་ཞེས་བཀོད་པའི་སྦྱར་ཚིག་བཟུང་ཏེ་ངོ་རྒོལ་དག་གི་ནང་དུ་འཛུལ་ཞུགས་བྱས་ཡོད་པ་རེད། བྷཱ་ཅིོ་རང་རྡལ་དག་གིས་ཞི་བའི་ངོ་རྒོལ་བ་དག་གི་སྒང་ལ་བཙན་རྒོལ་བྱས་ཤིང་། ཁོང་ཚོའི་སྟེང་དུ་འདམ་གཡུགས་པ་དང་། ཆེས་སྐྱུག་བྲོ་བའི་ཁྲིམས་འགལ་གྱི་སྐད་ཆ་སྤྱད་དེ་ཁོང་ཚོ་ལ་ཉེས་ཆད་བཏང་། ཁོང་ཚོ་བཀག་འགོག་བྱེད་པའི་ཚབ་ལ་ཉེན་རྟོག་པ་ཚོས་རང་དབང་གི་འབོད་ཚིག་སྒྲོག་མཁན་སཱ་རཱ་ཡི་གྲོགས་པོ་ཁ་ཤས་ལ་སྤྱོད་པ་རྩུབ་མོ་བཀོལ། ཁོང་ཚོ་ལ་ལ་ཞིག་ཡར་འདྲུད་མར་འདྲུད་བྱས་ཡོད། གཞན་པ་དག་ལ་གཅར་རྡུང་བཏང་། གཞན་པ་དག་ཉེན་རྟོག་པས་བཀག་སྐྱིལ་བྱས་ཡོད་པ་རེད། འོན་ཀྱང་། རང་དབང་གི་འབོད་སྒྲ་དག་གི་སྐད་མགོ་ཇེ་མཐོ་ནས་ཇེ་མཐོར་གྱུར་ཡོད།

སཱ་རཱ་ཞཱ་བྷིར་ནི་གཞོན་སྐྱེས་མི་རབས་ཁྲོད་ཀྱི་མི་སྣ་གཅིག་ཡིན་ཞིང་། ལོ་ངོ་བཅུ་ཕྲག་གཉིས་ཀྱི་གོང་དུ་ཀཱ་ཤིར་མིར་ལ་གོ་མཚོན་ཐོགས་པའི་དཔུང་དམག་གིས་འཐབ་རྩོད་བྱེད་འགོ་བཙུགས་སྐབས་ཁོ་མོ་སྐྱེས་ཡོད་པ་རེད། མེ་མདའི་སྐད་སྒྲ་དག་འཇམ་ཐིང་ངེར་ཆགས་ཡོད་སྲིད། ཡིན་ཡང་། གཞོན་སྐྱེས་ཚོས་འདས་ཟིན་པའི་དམར་རྗེན་རྗེན་གྱི་རྨ་ཁ་དག་སེམས་ལ་འཁུར་བསྡད་ཡོད་པ་རེད། རྫོགས་མཐའ་མེད་པའི་འཁྲུག་རྩོད་ཀྱི་ས་ཁུལ་ཞིག་གི་དབུས་ནས་མཚོན་བྱེད་ཀྱི་ཕྱིའི་དབྱིབས་ལ་འགྱུར་བ་ཐེབས་ཡོད་དེ། ཁོང་ཚོས་སྒྱུ་རྩལ་འདི་རིམ་པ་འདྲ་མིན་གྱི་ལམ་ནས་སྦྱང་བརྩོན་བྱས་ཡོད། “ང་ཚོས་མཚོན་ཆ་བཟུང་འདོད་མི་འདུག ང་ཚོས་བཙན་བཟུང་འདིར་སོ་སོའི་ཤེས་ཡོན་སྤྱད་དེ་འཐབ་རྩོད་བྱེད་འདོད་འདུག” ལྡི་ལི་རུ་གསར་འགོད་རིག་པ་སློབ་གཉེར་བྱེད་ཀྱིན་པའི་སཱ་རཱ་ཡིས་དེ་ལྟར་ཟེར། ཁོ་མོས་མུ་མཐུད་བརྗོད་དོན། “བསམ་བློ་བདག་བཟུང་བྱེད་ཐུབ་ཀྱི་མ་རེད།”

ཀཱ་ཤིར་མིར་ཡོད་པའི་ཁོང་མོའི་ན་མཉམ་གྲོགས་མོ་རཱེ་ཧྥ་ཊི་རཱ་ཐཱོར་གྱིས་གསར་འགོད་ལས་རིགས་ཐོག་ལ་རམ་འབྱམས་པའི་ལག་ཁྱེར་བླངས་ཡོད་པ་རེད། ཁོ་མོས་“ངས་རྩོམ་ཡིག་འབྲི་དོན་ནི་ངས་རང་གི་སེམས་ལ་སྡུག་བསྔལ་གྱི་རྡོག་ཁྲེས་འགེལ་འདོད་མི་འདུག་པས་ཡིན། ངས་རྩོམ་ཡིག་བྲིས་ནས་སྡུག་བསྔལ་འདི་ཕྱིར་མཚོན་གྱི་ཡོད། དེ་ནི་དྲན་རྟེན་དུ་བཟོ་ཆེད་ཡིན། ངས་རྩོམ་ཡིག་བྲིས་ནས་ང་དང་ངའི་མི་དམངས་ཀྱི་གཏམ་རྒྱུད་བརྗོད་ཀྱི་ཡོད།” ཅེས་ཁོ་མོས་གདུང་ལེན་ཆེད་དུ་འབྲི་གིན་ཡོད་པར་བརྗོད་སོང་།

ཕྱི་ལོ་༢༠༠༨དང་༢༠༡༠ལོའི་གྱེན་ལངས་ངོ་རྒོལ་ནང་དུ་ཁོང་ཚོས་སོ་སོའི་སེམས་ཀྱི་ན་ཟུག་དྲག་པོ་དེ་མཚོན་པར་ཐབས་ལམ་ཉག་གཅིག་ཡོད་པ་ནི་རྡོ་ཡིས་གཞུ་རྒྱུ་དེ་ཡིན་པ་རེད། དམིགས་བསལ་གྱིས་གྱེན་ལངས་དེའི་རྗེས་ནས་བཟུང་ཀཱ་ཤི་མིར་གྱི་གཞོན་སྐྱེས་ཚོའི་ལས་དབང་ལ་བརྒྱུད་ལམ་དག་གིས་ཡང་ནས་ཡང་དུ་“ངོ་ལོག”་ཅེས་གོ་བ་ལོག་པར་བླངས་ཡོད་ཅིང་མི་དམངས་ལ་གོ་དོན་ལོག་འགྲེལ་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། དུས་ཀྱི་འགྱུར་ལྡོག་དང་བསྟུན་ནས་ཀཱ་ཤིར་མིར་ནང་གི་གཞོན་སྐྱེས་མང་ཆེ་ཤོས་ཀྱིས་སྒྱུ་རྩལ་དང་རིག་གཞུང་། མཛེས་རྩལ་གྱི་ངོ་བོ་གཞན་པ་དག་གི་ཕྱོགས་སུ་བློ་ཁ་བསྒྱུར་ནས་ཁོང་ཚོའི་འབོད་སྒྲ་དག་དངོས་བྱུང་གཞིར་བཞག་པའི་གློག་བརྙན་གྱི་ལམ་ནས་སྟོན་གྱི་ཡོད་པ་རེད།

ཤ་བོ་ཁཱ་ཊི་ནན་རྡ་ནི་བྱ་དགའ་ཐོབ་མྱོང་བའི་ཀཱ་ཤཱི་མི་རི་བ་པར་རིས་གསར་འགོད་པ་ཞིག་ཡིན་ཞིང་། ཁོང་གིས་ད་ལྟ་ཨ་མེ་རི་ཀའི་ནང་གི་མེ་སོ་རེ་གསར་འགོད་རིག་པའི་སློབ་གླིང་དུ་དངོས་བྱུང་ལོ་རྒྱུས་གཞིར་བཞག་བྱས་པའི་པར་རིས་གསར་འགོད་རིག་པ་སྦྱོང་གིན་ཡོད། ཁོང་གིས་“ང་ཚོའི་ས་ཆ་དང་ང་ཚོའི་མི་དམངས་ཀྱི་གཏམ་རྒྱུད་དག་ལྟད་མོ་བ་རྒྱ་ཆེན་པོ་ཞིག་ལ་བརྗོད་པར་ནན་སྐུལ་ཤུགས་ཆེན་པོ་ཞིག་དགོས་ཀྱི་འདུག”་ཟེར།

“ཀཱ་ཤི་མིར་ནང་གི་འཁྲུག་རྩོད་དེ་ཆ་ཡོངས་སུ་རྫོགས་ཤིང་གཞི་རྒྱ་ཆུང་བའི་དམག་འཁྲུག་ཅིག་ལ་འཕེལ་བའི་སྐབས་སུ་ང་ལོ་ན་༡༢་ཡིན། ཡོད་ཚད་ཧ་ཅང་ངེས་གཏན་མེད་པ་ཞིག་ཏུ་གྱུར་དྲགས་ཏེ་ངས་རང་གི་འབྱུང་འགྱུར་སྐོར་གྱི་རྨི་ལམ་གཏོང་མཚམས་བཞག་པ་ཡིན། ཐ་ན། ང་ལྟ་བུའི་བྱིས་པ་ཞིག་ལ་མཚོན་ནའང་། འཚོ་གནས་ནི་ཆེས་དགོས་གལ་ཆེ་ཤོས་དེར་གྱུར་ཡོད་པ་རེད། ”ནན་རྡ་ཡིས་དེ་ལྟར་ཟེར། ཁོང་གིས་སྨན་པ་ཞིག་ལ་འགྱུར་བའི་རྨི་ལམ་རུམ་ནས་འཚར་ལོངས་བྱུང་ཡོད། རྟོག་འཆར་ལ་བཅངས་པའི་སེམས་ཤུགས་དྲག་པོ་དེ་ཡིས་ཁོང་པར་རིས་གསར་འགོད་རིག་པའི་ཕྱོགས་སུ་བློ་ཁ་བསྒྱུར་ཡོད་པ་རེད།

“ཀཱ་ཤི་མིར་གྱི་ས་ཆར་སྐྱེས་ཏེ་འཚར་ལོངས་བྱུང་བའི་ཉམས་མྱོང་དག་གིས་འཇིག་རྟེན་ལ་འཛིན་པའི་ངའི་མཐོང་སྣང་ཞིག་བསྐྲུན་པ་གཅིག་པུ་མ་ཡིན་པར་དེ་ཡིས་ད་དུང་ངས་རང་ཉིད་མཚོན་ཐབས་ལ་བར་སྟོང་གསར་པ་ཞིག་བསྩལ་བྱུང་། ཀཱ་ཤི་མིེར་གྱི་སྒང་ལ་བླངས་པའི་ངའི་འདྲ་པར་མང་ཆེ་ཤོས་ཀྱིས་འཁྲུག་རྩོད་དེ་གསལ་སྟོན་བྱེད་ཀྱི་ཡོད། དེ་དག་ནི་ངས་མི་རྣམས་ཀྱི་སྐོར་ལ་པར་བརྒྱབས་པ་ཙམ་མ་ཡིན་པར་དེ་དག་ནི་ང་རང་ཉིད་ཀྱི་སྐོར་ཀྱང་ཡིན།”ཀཱ་ཤི་མེ་རི་བ་སྲིང་མོ་གསུམ་ཡུགས་མོར་ལྷགས་པའི་སྐོར་ལ་བླངས་པའི་ཁོང་གི་འདྲ་པར་དེར་ཕྱི་ལོ་༢༠༡༡ནང་སྙན་གྲགས་ཆེ་བའི་རྒྱལ་ཡོངས་གསར་འགྱུར་འདྲ་པར་གྱི་འགྲན་བསྡུར་ཁྲོད་དུ་ལོ་ངོ་གཅིག་གི་ནང་གི་འདྲ་པར་ཡག་ཤོས་ཀྱི་༼the Picture of Year ༽བྱ་དགའ་ཐོབ་ཡོད་པ་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to བསམ་བློ་བདག་བཟུང་བྱེད་ཐུབ་ཀྱི་མ་རེད། (སྔ་མ)

  1. ཀླུ་སྨྱོན་ ནས།

    བྲོ་བ་འདུག བོད་རྩོམ་འདྲ་བོ་མི་འདུག

  2. མདའ་མོ་ ནས།

    བདག་གིས་སྐར་ཁུང་རྩོམ་སྒྲིག་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེན་ཞུ། ཁྱེད་ཚོའི་དྲ་བ་འདི་ད་སྐབས་སྤྱི་ཚོགས་ནང་དར་ཁྱབ་ཆེན་པོ་འདུག་ཅིང་། ལྷག་པར་དུ་རྩོམ་འབྲི་བ་ཚོར་ཕན་ཐོག་ཧ་ཅང་ཆེ།

  3. དྲྭ་བ་འདི་ཧ་ཅང་བཟང་། ཞན་ཆ་གཅིག་ཡོད་པ་ནི་འདིའི་ཡིག་གཟུང་དག་iPad ནང་ལེགས་པོ་འཆར་ཐུབ་ཀྱི་མི་འདུག། དབྱངས་ཡིག་དང་མགོ་ཅན་དག་ཏག་ཏག་གཅིག་བསྡད་ཀྱི་མི་འདུག་པས་དེའི་ཐད་ནས་ཡིག་གཟུགས་ལ་འགྱུར་བ་ཞིག་གཏོང་ཐུབ་ན་ལེགས་པ་སེམས།

  4. བརྩོན་རྒྱམ་ ནས།

    ཕྲན་ཆུང་ངས་སྐར་ཁུང་རྩོམ་སྒྲིག་པ་ཟུང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་གང་ཡིན་ཟེར་ན་འདི་ལྟར་མི་རིགས་རང་ལུགས་ཀྱི་ལྟ་བ་ཡོད་མཁན་ཚོས་རྩོམ་ཡིག་གང་མང་ཞིག་བསྒྱུར་གནང་ཐུབ་ན་དགེ་མཚན་ཆེན་པོ་འདུག་མ་ཟད་འུ་ཚོས་མི་རིགས་འདི་ཡང་མལ་ས་ནས་ཡར་ལངས་དགོས་པ་ཆོས་ཉིད་ཞིག་ཡིན་དུས་ངེས་པར་འདི་ལྟར་བསམ་བློ་གསར་བའི་ཁ་ཕྱོགས་ཚོར་རོགས་བྱེད་དགོས་པ་གལ་ཆེན་རེད་ཐུགས་རྗེ་ཆེ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*