བསམ་བློ་བདག་བཟུང་བྱེད་ཐུབ་ཀྱི་མ་རེད། (ཕྱི་མ)

(ཀཱ་ཤིར་མིར་གྱི་གཞོན་སྐྱེས་ཕོ་མོ་ཚོས་སྡུག་བསྔལ་དང་དྲང་བདེན་ལ་རྡོག་རོལ་གཏོང་བའི་ཁོར་ཡུག་ཅིག་གི་ནང་ནས་མཛེས་ཉམས་ལྡན་པའི་གསར་སྐྲུན་གྱི་སྒོ་ཐེམ་གསར་པ་ཞིག་གི་སྒོ་རྡུང་གིན་ཡོད།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སོའུ་ཛིས་ན་ མོའུ་ཞིས་བཀྲ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ལོ་ཉེར་གསུམ་ཡིན་པའི་གཞོན་སྐྱེས་སྒྱུ་རྩལ་པ་སེད་སྒྲི མུའུ་ཇི་ཐཱ་བྷ་རི་ཟི་ཝེ་ཡིས་“ཀཱ་ཤི་མིར་ནང་དུ་གསར་སྐྲུན་རང་བཞིན་གྱི་ཐོལ་བྱུང་ཞིག་ཧ་ཅང་དགོས་གལ་ཆེན་པོ་འདུག་་་་་་་དེར་སྲིད་གཞུང་གིས་སྨྲ་བརྗོད་ཀྱི་རང་དབང་བཀག་འགོག་བྱེད་པར་འབད་རྩོལ་བྱེད་ཀྱི་ཡོད་པ་རེད། དེར་གསར་འགོད་པ་ཚོར་རྡུང་རྡེག་གཏོང་གི་ཡོད་པ་རེད། དེར་མི་དམངས་ཀྱི་བདེ་སྡུག་ཐད་ལ་གཏམ་བཤད་གནང་མཁན་ཚོ་ཁྲིམས་ལུགས་ཀྱི་མིང་དུ་གྲགས་པ་དག་གི་འོག་ལ་བཀག་གཉེར་གནང་གི་ཡོད་པ་རེད། གསར་སྐྲུན་རང་བཞིན་གྱི་མཚོན་བྱེད་ཅིག་ཤིན་ཏུ་གལ་ཆེན་པོ་རེད།” ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག ལོ་གཉིས་སྔོན་ལ་སི་རཱའི་ནཱ་གྷ་ནས་ཡོང་བའི་མོའུ་རྗི་ཐཱ་བྷ་ཁོང་ལན་ཊིན་སློབ་ཆེན་དུ་འཛུལ་ཞུགས་བྱས་ཡོད་པ་རེད།

མོའུ་རྗི་ཐཱ་བྷ་མང་ཆེ་ཤོས་ཀཱ་ཤི་མིར་གྱི་ཕྱི་ལོག་ཏུ་བསྡད་ཡོད་པ་རེད། ཡིན་ཡང་། ཀཱ་ཤི་མིར་ལོང་གཤོངས་ནང་གི་ཁོང་གི་དྲན་ཤིང་ཆུང་ཆུང་དེས་ཁོང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ཁོང་དང་ཁོང་གི་གྲོགས་པོ་ཤེལ་ཁཱ་ཨ་རྡེལ་ཨ་བྷ་སི་གཉིས་ཀྱིས་ཕྱི་ལོ་༢༠༠༩ལོའི་ཟླ་༨པའི་ནང་“ཀཱ་ཤཱི་མིར་སྒྱུ་རྩལ་འཚོལ་ཞིབ”་ཅེས་པའི་ཚོགས་པ་ཞིག་བཙུགས་ཡོད་པ་རེད། “ཚོགས་པ་དེས་ཟིང་འཁྲུག་གི་དཀྱིལ་སྙིང་དུ་སྐུང་ཡོད་པའི་ཚད་མེད་ཀྱི་རིག་རྩལ་དེ་བསྐྱར་གསོ་དང་གོང་སྤེལ། བསྐྱར་དུ་གསར་བརྙེད་དང་ནུས་པ་ཕྱིར་འདོན་བྱེད་པའི་དམིགས་ཡུལ་བཟུང་ཡོད་པ་རེད།་་་་་་”

བྱིས་པའི་དུས་ནས་བཟུང་ཚོན་བྲིས་རི་མོ་ནི་ཁོང་གི་དགའ་ཞེན་ཆེ་ཤོས་སུ་གྱུར་ཡོད་པ་རེད། “ང་རང་སྲོལ་རྒྱུན་གྱི་རི་མོ་འབྲི་ཐབས་ལས་རྒྱང་དུ་བརྒལ་འདོད་འདུག” ཁོང་གིས་དེ་ལྟར་ཟེར། ཁོང་གི་ཉེ་འཆར་གྱི་སྒྱུ་རྩལ་བརྩམས་ཆོས་ཀྱིས་རྐུབ་སྟེགས་ཤིག་གི་སུག་ཏི་ནི་ལྕགས་ཀྱི་གཟེ་མ་ར་མགོ་ཡིས་ཚབ་བྱས་པ་ཞིག་སྟོན་གྱི་འདུག དེ་ནི་མཚོན་བྱེད་ལས་བརྒལ་བ་ཞིག་རེད། སི་རི་ནཱ་གྷར་འགྲོ་མྱོང་མཁན་སུ་ཞིག་ཡིན་ནའང་ས་དེ་གའི་སྲང་ལམ་དག་གི་སྟེང་དུ་སྒྲིག་ཆས་གྱོན་ཏེ་ལག་ལ་མཚོན་ཆ་བཟུང་མཁན་དཔུང་དམག་སྟོང་ཕྲག་མཐོང་ཐུབ་པ་མ་ཟད། གྲོང་ཁྱེར་གྱི་ཡུལ་ལྗོངས་གང་སར་ལྕགས་ཀྱི་གཟེ་མ་ར་མགོ་བཀྲམས་ཡོད་པ་མཐོང་གི་རེད། ས་ཆ་ཁ་ཤས་བདག་མེད་དུ་བསྐྱུར་ཡོད་པ་རེད། འདི་དག་ནི་དྲག་གནོན་གྱི་ཡོངས་ཁྱབ་རང་བཞིན་གྱི་རྟགས་མཚན་དག་རེད།

“ངའི་མཚོན་བྲིས་རི་མོ་དག་འཆར་སྣང་ལ་མངོན་གསལ་དོད་པོའི་ཐོག་ནས་ཀཱ་ཤི་མིར་དང་འབྲེལ་བ་མེད་པ་ཞིག་མངོན་ནའང་། དེ་དག་དཔེར་ན། དགའ་ཉམས་དང་བཟོད་མ་བདེ་བ། མི་ཚེ་དང་འཆི་བ། དྲང་བདེན་དང་སྐྱག་རྫུན། ཞི་བདེ་དང་ཟིང་འཁྲུག་ལྟ་བུའི་བསམ་བློའི་སྐོར་ལ་འབྲེལ་ཡོད་ཅིང་། ད་དུང་གདོང་ལེན་བྱེད་དགོས་པའི་འཆར་སྣང་དག་སྟེ། དཔེར་ན། མཛེས་སྡུག་དང་ཡིད་དུ་མི་འོང་བ། མངོན་གསལ་ཅན་དང་བརྗེད་ངེས་ཅན། མི་ཞིག་བཅིངས་འགྲོལ་གཏོང་བའི་ཉམས་མྱོང་དེ་ཉམས་མྱོང་དེ་ག་རང་ལས་དགར་བའི་སྐོར་ཡིན།” མོའུ་རྗུ་ཐཱ་བྷ་ཡིས་དེ་ལྟར་ཟེར།

རང་གི་བསམ་བློར་དཔྱད་ཞིབ་བྱེད་མཁན་ཨཱ་ཤཱི་ཧྥ་ཡིས་“སྙན་རྩོམ་ནི་རང་གི་འཆར་གཟུགས་ལ་རྣམ་འགྱུར་སྩོལ་བའི་རྒྱུད་ལམ་ཞིག་རེད། མཐོང་སྣང་ལ་རྒྱུན་ལྡན་ཡིན་པ་ཞིག་གི་ཁྲོད་ནས་འགྱུར་བ་ཞིག་ཡོང་བར་མཐོང་འདོད་ཤིན་ཏུ་ཆེ། ཡིན་ཡང་། འཛམ་གླིང་ནང་དུ་འབྱུང་སྲིད་པའི་ཁྲིམས་འཆལ་གྱི་ངོ་བོ་ཡོངས་རྫོགས་ནང་གསལ་སྟོན་བྱས་པ་ཞིག་ལ་འགྱུར་བ་འགྲོ་བར་ཡིད་སྨོན་བྱེད་པ་ནི་མགོ་བདེ་དྲན་འཕྲུལ་ཅན་ཞིག་དང་དྲང་བདེན་མ་ཡིན་པའི་བྱ་སྤྱོད་ཅིག་རེད་དོ།།”ཟེར།

ཁོང་གིས་ཕྱི་ལོ་༢༠༡༢ལོའི་ཟླ་༡པོར་རང་གི་སྙན་རྩོམ་༨༦ཕྱོགས་བསྡུས་བྱས་ཏེ་The Harkening ཞེས་པའི་དཔེ་དེབ་ཅིག་པར་སྐྲུན་བྱས་ཡོད་པ་རེད། དེབ་དེ་ཡིས་བརྩེ་དུང་དང་འཁྲུག་རྩོད། སེམས་ཀྱི་རང་བཞིན་བཅས་ཀྱི་སྐོར་ལ་བརྗོད་ཀྱི་ཡོད། འཆར་འགོད་པ་ཨཱ་ཤཱི་ཧྥ་ནི་གྷར་གྷོན་Gurgaon ནང་ལས་ཀ་བྱེད་ཀྱིན་ཡོད་པ་རེད།

འཚོ་བའི་ནང་འཁྲུག་རྩོད་དང་དྲང་བདེན་མ་ཡིན་པའི་བྱ་སྤྱོད། གཞན་གྱི་སྡུག་བསྔལ་ལ་ཇི་མི་སྙམ་པའི་བརྗོད་བྱ་དག་གིས་ཁྱབ་ཆེ་ཤོས་བཟུང་གིན་ཡོད་མེད་ལ་མ་ལྟོས་པར་ད་དུང་དེ་གར་མྱུལ་ཞིབ་བྱས་མེད་པའི་གནད་དོན་དག་གི་ཐོག་ལ་ལས་ཀ་བྱེད་འདོད་མཁན་གྱི་མི་སྣ་གཞན་པ་ཡོད་པ་རེད། ལོ་ན་ཉེར་གསུམ་ཅན་གྱི་ཟུར་ཟ་རི་མོ་འབྲི་མཁན་མཱར་སཱོ་ཧའེ ཁཱ་དྷ་རེས་“དམག་དོན་རིང་ལུགས་ལ་བསྒྱུར་བ་འདི་ནི་དཀའ་ངལ་ཐ་དག་གི་འབྱུང་རྩ་གཙོ་བོ་རེད། ཡིན་ཡང་། ང་ཚོས་ཀཱ་ཤཱིར་མིར་དང་འབྲེལ་བའི་གནད་དོན་གཞན་དག་ལའང་ཞིབ་དཔྱོད་བྱེད་དགོས་ཀྱི་འདུག”་ཅེས་ཟེར། ཁོང་གིས་སཱི་རཱའི་ནཱ་གྷ་ནང་དུ་ཉིན་རེར་འདོན་སྤེལ་བྱེད་པའི་ཨིན་ཇི་ཚགས་པར་ཞིག་གི་ནང་དུ་ལས་ཀ་བྱེད་ཀྱིན་ཡོད།

༢༠༡༢་ནང་རྒྱལ་ཡོངས་རི་མོའི་འགྲན་བསྡུར་ཞིག་གི་ཁྲོད་ནས་བྱ་དགའ་བླངས་རྗེས་སཱོ་ཧྥེལ་གྱི་སྐྱ་ཐིག་རི་མོ་དག་རྒྱ་གར་གནམ་ཐང་ལས་བྱེད་ཀྱི་ལོ་ཐོ་དང་ལོ་གསར་གྱི་ཤིས་ཚིག་ཤོག་བྱང་དག་གི་སྟེང་དུ་བདམས་ཡོད་པ་རེད། ད་ལྟ་ཁོང་གིས་ང་ཚོའི་ཕ་གཞིས་དང་འཆར་འགོད་པའི་མཚོན་དོན། སྟོད་གོས་སྟེང་དུ་དགོད་བྲོ་བའི་འཕྲིན་ཐུང་འབྲི་བ་ལྟ་བུ་དག་བརྗོད་བྱར་བྱས་པའི་ལས་ཀ་བྱེད་ཀྱིན་ཡོད་པ་རེད།

ཀཱ་ཤཱིར་མིར་དང་ཨ་རིའི་མི་རྒྱུད་ཡིན་པའི་གློག་བརྙན་བཟོ་སྐྲུན་པ་མཱོ་སཱ སཱ་ཡེ་ཊིས་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱས་པའི་“སྐྱེས་བུ་དམ་པ་དག་གི་བསྟི་གནས་”ཞེས་པའི་གློག་བརྙན་ཞིག་བཟོས་ཏེ་“ཀཱ་ཤཱིར་མིར་གྱི་ཉིན་རྒྱུན་འཚོ་བའི་ནང་ལ་འཁྱུག་ཙམ་ལྟ་བའི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་མཁོ་སྤྲོད་གནང་ཡོད་པ་རེད།” “ཀཱ་ཤཱིར་མིར་གྱི་འཁྲུག་རྩོད་སྐོར་ལ་གསར་འགྱུར་ཁྱབ་སྤེལ་མང་པོ་ཡོང་གིན་ཡོད་ནའང་། ཀཱ་ཤཱིར་མིར་མི་དམངས་ཀྱི་ཉིན་རྒྱུན་འཚོ་བའི་སྐོར་དང་། ཁོང་ཚོའི་རིག་གཞུང་། བརྩེ་དུང་། རེ་བ། འདོད་མོས་དང་འབྲེལ་ལམ་བཅས་ཀྱི་སྐོར་ལ་དེ་ཙམ་ཐོན་གྱི་མེད་པ་རེད།”མུའུ་སཱ་ཡིས་དེ་ལྟར་ཟེར། གློག་བརྙན་བཟོ་སྐྲུན་བྱེད་རྒྱུ་ནི་ཁོང་གི་འབྱུང་ཁུངས་དག་ལ་ཕྱིར་ལོག་པའི་ལམ་ཁ་ཆེས་ཡང་དག་པ་དེ་རེད།

སྐྱེས་བུ་དམ་པ་དག་གི་བསྟི་གནས་ཞེས་པ་ནི་བརྩེ་དགའ་ཉམས་ཚོར་གྱིས་གཏམས་པའི་གཏམ་རྒྱུད་ཅིག་རེད། དེར་བྱ་དགའ་མང་པོ་ཐོབ་ཡོད། ༢༠༡༢ལོའི་ནང་གི་ Sundance Film Festival World Dramatic Audience Award བྱ་དགའ་འང་དེའི་ནང་དུ་འདུས། མུའུ་སཱ་ཡིས་བརྗོད་དོན། “ཀཱ་ཤཱིར་མིར་གྱི་མི་རྣམས་ནི་བརྩེ་དགའ་ཉམས་ཚོར་ཅན་ཞིག་རེད། མི་གཞན་པ་དག་དང་འདྲ་བར་ཁོང་ཚོའང་བརྩེ་དུང་ནང་ལ་ལྷུང་གི་ཡོད། མི་གཞན་དག་དང་མཚུངས་བར་སྙིང་ལ་གས་ཆག་ཤོར་དུས་ཁོང་ཚོ་ངུ་ཤུམ་བྱེད་ཀྱི་ཡོད་པ་རེད། མི་གཞན་པ་དང་འདྲ་བར་ཁོང་ཚོས་ཀྱང་དགོས་བ་མེད་པའི་བརྩེ་དུང་གི་ངར་ཁ་དེ་མྱོང་གིན་ཡོད་པ་རེད། ངས་གློག་བརྙན་གྱི་བརྗོད་སྙིང་ལ་འཛམ་གླིང་ཡོངས་ཁྱབ་དང་འགྲོ་བ་མིའི་རེ་འདོད་ཅིག་འཇོག་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད་བསམས་སོང་། དེ་འདྲ་ཡིན་ན། འཛམ་གླིང་གང་སར་ཡོད་པའི་ལྟད་མོ་བ་རྣམ་པས་དེའི་ནང་གི་མི་སྣ་དག་དང་འབྲེལ་ཏེ་བསྔགས་བརྗོད་བྱེད་ཐུབ་ཀྱི་རེད།”

གསར་སྐྲུན་རང་བཞིན་སྒྱུ་རྩལ་དག་དང་རིག་གཞུང་ནི་བཟང་ཕྱོགས་ཀྱི་རྟགས་མཚན་ཞིག་ལ་ལྟ་གིན་ཡོད་ནའང་། ད་དུང་མི་རྣམས་ལ་འགོག་རྐྱེན་ཐེབས་ཀྱི་ཡོད། ཉེ་ཆར། ཀཱ་ཤཱིར་མིར་གྱི་ཁ་ཆེ་མགོ་དཔོན་གྱིས་མོ་རང་ཚོའི་རོལ་གཞས་དེ་“ཁ་ཆེའི་ཆོས་ལུགས་དང་མཐུན་གྱི་མེད”་པ་བསྒྲགས་གཏམ་སྤེལ་བ་དང་ཀཱ་ཤཱིར་མིར་གྱི་འོད་སྣང་ཞེས་པའི་བུད་མེད་ཀྱི་རོལ་དབྱངས་ཚོགས་པ་གཅིག་པུ་དེས་མཚམས་མི་འཇོག་ཀ་མེད་བྱུང་བ་བརྗོད་ཀྱི་འདུག

“གཞོན་སྐྱེས་མི་རབས་ཀྱི་དུས་རབས་ཐོན་གྱི་འདུག ཁོང་ཚོའི་གཏམ་རྒྱུད་ལ་ཁོང་ཚོར་གདེང་ཚོད་ཡོད་ཅིང་། དེ་བརྗོད་པར་དགོས་གལ་ཧ་ཅང་ཆེན་པོ་ཞིག་ཡོད། དཀའ་ངལ་དག་སེལ་བར་གསར་སྐྲུན་དང་འབྲེལ་ལམ་གཉིས་གལ་ཆེ། དེར་བརྟེན། སྒྱུ་རྩལ་པའི་མི་རབས་ཤིག་འཚར་ལོངས་འབྱུང་བཞིན་པ་འདིས་ཀཱ་ཤཱིར་མིར་ལོང་གཤོངས་འདི་ལ་གྲུབ་འབྲས་ཡག་པོ་དག་འཁྱེར་འོང་གི་རེད།” མུའུ་སཱ་ཡིས་དེ་ལྟར་ཡིད་ཆེས་གནང་གི་འདུག “རེ་བཟང་ཕུགས་བཅོལ་བ་ཞིག་བྱས་ན་ཡག་པོ་ཡོད་པ་རེད། ང་ཚོས་ཀཱ་ཤཱི་མིར་སླར་ཡང་ལྷ་ཡུལ་ཞིག་ལ་འགྱུར་བར་རེ་བ་དང་སྨོན་ལམ་འདེབས།” མུའུ་རྗི་ཐཱ་བྷ་ཡིས་དེ་ལྟར་ཁ་སྣོན་བརྒྱབ་སོང་།
མཇུག་རྫོགས།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བསམ་བློ་བདག་བཟུང་བྱེད་ཐུབ་ཀྱི་མ་རེད། (ཕྱི་མ)

  1. ཀླུ་སྨྱོན་ ནས།

    ཅིག་རྙེད་བྱུང་། ཡིན་ཡང་མི་བཤད།

  2. བརྩོན་རྒྱམ་ ནས།

    དེ་འདྲ་གང་མང་ཞིག་སྤེལ་ཐུབ་ན་དགེ་མཚན་འདུག་མ་ཟད་དངོས་ཡོད་རིགས་ནི་གལ་ཆེ་ཤོས་རེད་ཟེར་ན་ཆོག

Write a Reply or Comment

Your email address will not be published. Required fields are marked *

*