ང་ཚོས་ངེས་བར་དུ་ཏང་ལ་དགའ་ཞེན་བྱེད་དགོས་སམ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བུ་ཆུང་ལྡུམ་ར་བསོད་ནམས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འདི་ལོའི་ཕྱི་ཟླ་༥་བའི་ཚེས་༨་ལ་སྲིད་སྐྱོང་བློ་བཟང་སེང་གེས་ཨ་རིའི་ཕྱི་སྲིད་ལྷན་ཚོགས་ཏུ་གླེང་སློང་བྱས་བའི་གནད་དོན་མང་པོའི་ནང་གི་གནད་འགག་ཅིག་ནི། “ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་པར་ཁ་གཏད་གཅོག་གི་མེད་ལ། རེ་བའང་རྒྱག་གི་མེད། ང་ཚོ་ད་ལྟའི་དམར་ཤོག་དབང་འཛིན་ཚོགས་པའི་སྒྲོམ་གཞིའི་ཁ་གཏད་དུ་ལངས་ཀྱི་མེད་ལ། དོགས་འདྲིའང་བྱེད་ཀྱི་མེད།” ད་ལྟའི་དབང་འཛིན་ཚོགས་པ་ནི་རྒྱ་ནག་དམར་ཤོག་ཚོགས་པ་རེད། ཡོངས་ཁྱབ་ཏུ་འོས་འདེམས་བྱས་བའི་བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་ཀྱི་གཏམ་བཤད་འདི་ནི་ཁོང་གིས་སྣེ་ཁྲིད་པའི་གཞུང་གི་ལངས་ཕྱོགས་གཉིས་སྟེ། དབུ་མའི་ལམ་དང་མང་གཙོ་གཉིས་ཀར་རྒྱབ་འགལ་ཆགས་ཡོད།

དབུ་མའི་ལམ་གྱི་གཞི་རྩའི་འགྲེལ་བརྗོད་ནི་རྒྱ་ནག་དང་ལོགས་སུ་གྱེས་རྒྱུ་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་འོག་ཏུ་ཡོད་པའི་ད་ལྟའི་བོད་ཀྱི་གནས་བབ་ཀྱང་ཁས་ལེན་བྱེད་རྒྱུ་མིན་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ཏུ་ཚད་མཐོའི་རང་སྐྱོང་རྩོད་ཀྱི་ཡོད་པ་རེད། བློ་བཟང་སེང་གེས་སྣེ་ཁྲིད་པའི་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་པར་བསྐྲུན་བྱས་བའི་དབུ་མའི་ལམ་དང་དེ་འབྲེལ་གྱི་ཡིག་ཆ་ཡོད་ཚད་ཀྱི་ནང་དོན་ལ་གཞིགས་ན། ང་ཚོས་རེ་ལྟོས་བྱེད་སའི་རང་སྐྱོང་ཚད་གཞི་དེའི་ནང་དུ་བོད་མི་ཡོངས་ཀྱི་དགོས་མཁོ་དང་ཁྱད་ཆོས་གཉིས་མ་འགལ་བའི་ས་གནས་སྲིད་གཞུང་དང་། གཞུང་གི་སྒྲིག འཛུགས་ལམ་ལུགས་ཁག་གསར་འཛུགས་བྱེད་པའི་དབང་ཆ་དགོས་སྐོར་བཀོད་འདུག

དེར་བརྟེན། དབུ་མའི་ལམ་གྱིས་རྒྱ་ནག་གཞུང་ལ་རྒྱ་ནག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དུ་གཏན་འབེབས་བྱས་བའི་ཐོང་ཐང་ཁག་ལག་བསྟར་ཡོང་བའི་གནོན་ཤུགས་སྤྲོད་ཀྱི་ཡོད་པས། སྲིད་ཇུས་འདིས་རྒྱ་གཞུང་གི་དབང་བསྒྱུར་ལ་ཁ་གཏད་གཅོག་པ་ཁོ་ན་མིན་པར། ད་ལྟ་གཞུང་གིས་ལག་ལེན་བསྟར་བཞིན་པའི་བྱེད་སྒོ་ཁག་ལ་གཞི་རྩའི་འགྱུར་བ་གཏོང་བའི་ནན་སྐུལ་བྱེད་བཞིན་ཡོད། ཉེ་བའི་ཆར་རྒྱ་ནག་དམར་ཤོག་ཚོགས་པས་རང་ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད་ཁྲིམས་ཀྱི་དབང་བསྒྱུར་སྐོར་གླེང་ཡོད། དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་ཀྱང་རྗེས་མར་བོད་པ་ཚོར་ཁེ་ཕན་ཅིག་རེག་ཆེད་དམར་ཤོག་གཞུང་གིས་ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་སྐོར་གླེང་གི་ཡོད་པ་ལས། སྲིད་སྐྱོང་གིས་བརྗོད་འདོད་པའི་བོད་ཐོག་གི་རྒྱ་ནག་དབང་བསྒྱུར་ལ་ངོས་ལེན་བྱེད་ཀྱི་མེད།

མ་ཟད། སྲིད་སྐྱོང་གི་གཏམ་བཤད་འདི་ནི་ད་ལྟ་རང་ཉིད་སྲིད་སྐྱོང་གི་ངོ་བོར་འོས་འདེམས་བྱུང་བའི་མང་གཙོའི་ལམ་ལུགས་ལ་གོང་ས་མཆོག་གིས་དུས་རབས་ཕྱེད་ལྷག་གི་རིང་ལ་དཀའ་ལས་བསྐྱོན་པ་དང། བོད་ནང་གི་བོད་མི་ཚོས་བཏོན་པའི་རང་དབང་གི་འབོད་བརྡ་ལའང་རྒྱབ་འགལ་ཆགས་ཡོད། བཙན་བྱོལ་ནང་དུ་ང་ཚོས་མང་གཙོའི་ཐོབ་ཐང་ཁག་ལོངས་སྤྱོད་བྱེད་ཀྱི་ཡོད་ལ། བཙན་བྱོལ་བོད་གཞུང་གི་དམིགས་བྱ་གཙོ་བོ་ཞིག་ནི་བོད་ནང་གི་བོད་མི་ཚོས་ཚབ་བྱས་ཏེ་དེ་མཚུངས་ཀྱི་མང་གཙོའི་ཐོབ་ཐང་ཞིག་རྩོད་ཀྱི་ཡོད་པ་དེ་རེད། གནད་དོན་འདིས་ཐད་ནས་ང་ཚོའི་རང་དབང་གི་རྩོད་ལེན་དང་གདོང་ལེན་མཐའ་དག་གིས་གཞི་རྩའི་ཆ་ནས་བོད་མཐོ་སྒང་གི་རྒྱ་མིའི་དབང་བསྒྱུར་ལ་ཁ་གཏད་གཅོག་གི་ཡོད།

ད་ལྟའི་རྒྱ་ནག་དམཪ་ཤོག་ཚོགས་པའི་དབང་བསྒྱུར་ལ་མོས་མཐུན་བྱེད་པ་ནི་བོད་མི་རིགས་ཀྱི་རང་དབང་དང་མང་གཙོའི་མངོན་འདོད་ལ་སྣང་ཆུང་དང་། དེ་མཚུངས་མི་གསོད་ཁྲག་སྦྱོར་ལ་བྱང་བའི་དམར་ཤོག་ཚོགས་པའི་དབང་བསྒྱུར་དང་དེའི་སྒེར་གཅོད་པ་ཚོར་འོས་འཚམས་མིན་པའི་ཁྲིམས་མཐུན་གྱི་ལག་རྟགས་ཤིག་སྤྲོད་ཀྱི་ཡོད་པ་རེད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། འདི་འདྲའི་ཐལ་ཆེ་བའི་གཏམ་བཤད་སྤེལ་བ་འདིས་རང་ལུས་མེར་བསྲེག་གཏོང་མཁན་གྱི་དཔའ་བོ་དཔའ་མོ་ཚོས་མངོན་འདོད་རླུང་ལ་སྐུར་གྱི་རེད། ཁོང་ཚོ་མང་ཆེ་ཤོས་ཀྱིས་བོད་ལ་རང་དབང་དང་། རང་ཡུལ་རྒྱ་མིས་དབང་བསྒྱུར་བྱས་པ་མཇུག་སྒྲིལ་བའི་དགོས་འདུན་བཏོན་ཡོད།

ད་ལོའི་ཕྱི་ཟླ་༢་བའི་ནང་དུ་རང་ལུས་མེར་བསྲེག་གིས་རྒྱ་ནག་གི་དབང་བསྒྱུར་ལ་ངོ་རྒོལ་གནང་མཁན་ཕག་མོ་དོན་གྲུབ་ཀྱི་མཐའ་མའི་ཁ་ཆེམས་ནང་འདི་ལྟར་འཁོད་འདུག།“ ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིཊ་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་སོང་བ་ནི།ངོ་མ་བོད་མི་རིཊ་ཀྱི་དཔའ་བོ་ངོ་མ་རེད།བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིཊ་ཀྱི་རིག་གནས་དང་གོམ་སྲོལ་ལ་སོཊ་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད།ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིཊ་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྦྱང་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག དགེ་རྒན་ཚང་མ་ཡང་བ་ཡན་རྫོང་ནས་ཕྱིར་ཕུད་བཏང་སོང་།ད་ངོ་མ་སེམས་སྡུག་གི དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ཆོས་རའི་མདུན་དུ་ངའི་རང་ལུས་མེར་སྲེག་གཏོང་རྒྱུ་ཡིན། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡིན། ”
འདས་བའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་ལ་རྒྱ་ནག་གིས་བོད་ས་བཙན་བཟུང་བྱས་བའི་ཆག་སྒོ་འདིས་བོད་ཀྱི་རིག་གཞུང་དང་ཡུལ་གོམས་གཤིས་ལུགས་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། ༢༠༠༨་ལོར་བོད་ས་ཡོངས་སུ་རྒྱ་ནག་གི་དབང་བསྒྱུར་ལ་བོད་མི་ཚོས་ངོ་རྒོལ་བྱས་པར་རྒྱ་མིས་གདུག་རྩུབ་ཆེན་པོས་དྲག་གནོན་བྱས་པ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། བློ་བཟང་སེང་གེ་ནི་བཙན་བྱོལ་བོད་འགོ་ཁྲིད་ཡིན་པའི་སྟབས་ཀྱིས། བོད་དོན་སེལ་ཐབས་ཀྱི་ཐབས་ལམ་ཞིག་འཚོལ་དགོས་བའི་གནོན་ཤུགས་འོག་ཏུ་ལྷག་ཡོད་ཀྱང་། འདི་འདྲའི་གཏམ་བཤད་ཀྱིས་འབྲས་བུ་ཞིག་འདོན་མི་སྲིད།

སྲིད་སྐྱོང་མཆོག་གིས་འདི་འདྲའི་གཏམ་བཤད་ཞིག་གནང་དགོས་བའི་རྒྱུ་རྐྱེན་ཅི་ཡིན་ཡང་རུང་། གནད་དོན་འདིས་དབུ་མའི་ལམ་འབྲེལ་མེད་དོན་གཞན་གྱི་ཕ་རོལ་ཏུ་བརྫངས་འདུག དབུ་མའི་ལམ་གྱི་སྲིད་ཇུས་ནི་ཡུན་རིང་སེལ་མ་ཐུབ་པའི་བོད་ཀྱི་དཀའ་རྙོག་ལ་ཞི་འགྲིག་གི་ཐབས་ལམ་ཞིག་རག་ཆེད་རྒྱ་ནག་གིས་ངོས་ལེན་ཡོང་བའི་ཁ་ཚ་དགོས་གཏུགས་ཀྱི་འཆར་གཞི་ཞིག་ལས་བྱུང་བ་རེད། འོན་ཀྱང་། བོད་གཞུང་གི་གཞུང་འབྲེལ་ཡིག་ཆ་ཁག་གིས་གསལ་འདོན་བྱས་བ་ལྟར། རྒྱ་བོད་གཉིས་ཀྱིས་འབྲེལ་མོལ་ཐེངས་དགུ་ལ་བྱས་ཀྱང་། དོན་སྙིང་ལྡན་པའི་འབྲས་བུ་ཞིག་ཐོབ་མེད་པ། དེ་བཞིན་བོད་ཕྱི་ནང་གི་བོད་མི་རྣམས་ནི་དབུ་མའི་ལམ་གྱི་སྲིད་ཇུས་འདིར་ངང་སྒུག་དང་རེ་བ་བྱེད་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད། དབུ་མའི་ལམ་གྱི་སྐོར་ལ་སེམས་སུ་དོགས་སྣང་གིས་ཁེངས་བའི་བོད་མིའི་གྲངས་ཀ་འཕར་བཞིན་ཡོད་ལ། བོད་མི་འདི་ཚོས་བོད་དོན་སེལ་
ཐབས་ལ་ཐབས་ལམ་གཞན་ཞིག་འཚོལ་དགོས་ཀྱི་ཡོད་པའི་བསམ་ཚུལ་འདོན་གྱི་ཡོད།

ཡུལ་གྱར་འཚོ་བའི་གནས་ཚང་གཡར་མ་དག་གི་ནང་དུ་སྡོད་སྐབས་ང་ཚོས་རྒྱ་ནག་དམར་ཤོག་ཚོགས་པར་ཡིད་ཆེས་བྱེད་ཐབས་མེད་པ་ཡང་ཤེས་ཡོད། དེ་མཚུངས། བོད་ཀྱི་གཞིས་ལུས་རྒྱ་ཆེའི་མི་མང་གི་མགོར་བསླུ་བྲིད་ཀྱི་དབྱུག་པས་ཐེངས་མང་གཞུས་པས། སྲིད་འཛིན་ཞི་ཅེན་ཕེང་གི་རྒྱ་ནག་གི་རྨི་ལམ་ནང་དུ་བོད་ལ་གོ་གནས་ཤིག་མེད་པ་རྟོགས་ཡོད། ལྷག་པར་དུ། འདས་བའི་དུས་རབས་ཕྱེད་ལྷག་གི་རིང་ལ་རྒྱ་གཞུང་གིས་བོད་ཁུལ་དུ་དྲག་པོའི་ཆབ་སྲིད་དྲིལ་བསྒྲགས་དང་། གཞི་རྒྱ་ཆེ་བའི་ལྟ་བ་བསྒྱུར་ཐབས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡང་། བོད་མི་ཚོས་གུང་ཁྲན་ཏང་ལ་དགའ་ཞེན་ཆེ་བའི་ཁས་ལེན་བྱས་མེད་པས། ང་ཚོས་ངེས་པར་དུ་བླ་མེད་ཀྱི་སྙིང་སྟོབས་ལྡན་ཞིང་། བློས་གཏོང་ནམ་ཡང་མི་བྱེད་པའི་ཁྱད་ཆོས་མུ་མཐུད་གནས་བའི་ཆེད་དུ་ཇུས་འདོན་དགོས་ཀྱི་ཡོད། བོད་རྒྱ་གྲོས་མོལ་འགོ་འཛུགས་བྱས་བའི་ལོ་ངོ་བཅུའི་རིང་ལ་ང་ཚོས་བློས་གཏོང་གང་མང་བྱས་ཡོད།

ད་ལྟ་ང་ཚོར་བློས་གཏོང་བྱེད་རྒྱུ་ལྷག་མེད། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་ཚ་རོང་གིས་ཚ་འདྲི་བྱས་དོན། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་མྱོང་མཁན་གྱི་མི་རིགས་འདིས་རྣམ་ཤེས་བརླག་པའི་གཡོག་པོ་ཁྱུ་གཅིག་ལ་མགོ་བོ་སྒུར་གྱི་ཡིན་ནམ། ད་དུང་ཁོང་གིས། “ང་ཚོས་མེས་པོ་རྣམས་ཀྱི་རུས་པར་གསེར་གྱི་རི་མོ་འབྲི་མི་ཐུབ་ཀྱང་། ཁོང་ཚོའི་སྐྱ་ཐིག་བབས་པའི་དབུ་སྐྲ་རླུང་ལ་བསྐུར་མི་ཉན།”

(བུ་ཆུང་ལྡུམ་ར་བསོད་ནམས་ནི་བོད་ཀྱི་ན་གཞོན་སྙན་ངག་པ་དང་རྩོམ་པ་པོ་ཞིག་ཡིན། ཁོང་གི་དབྱིན་ཡིག་སྙན་ངག་བརྩམས་ཆོས་ལ་“བོད་ཀྱི་མེ་ཏོག་ཁུར་མང་”དང་།“རྒྱང་རིང་གི་གླུ་གཞས།” “ཉིས་བརྩེག་གི་འགལ་ཟླ” “བོད་ཀྱི་དབྱིན་ཡིག་སྙན་ཚིག་གཅེས་བཏུས།” དཔྱད་རྩོམ་གྱི་དེབ་“གཡག་རྭ།”སོགས་ཡོད་ལ། སྒེར་གཉེར་ཟིན་བྲིས་“མེ་ཙག”་སྟེང་ཟིན་བྲིས་སྤེལ་གྱི་ཡོད།)


རྩོམ་འདིའི་ནང་མཆན་ 7 བཀོད་འདུག

7 Responses to ང་ཚོས་ངེས་བར་དུ་ཏང་ལ་དགའ་ཞེན་བྱེད་དགོས་སམ།

  1. བརྩོན་རྒྱམ་ ནས།

    བོད་ཀྱི་དབྱིན་ཡིག་སྙན་ཚིག་གཅེས་བཏུས་ཟེར་པ་འདི་རྟགས་དཔྱད་གནང་དགོས་པ་ཞིག་རེད་དྲན་སོང་།

  2. ཟླ་བ་ ནས།

    བུ་ཆུང་བསོད་ནམས་ཀྱི་རྩོམ་ལ་ཧ་ཅང་དགའ་བོ་ཡོད། ཁོང་ལ་རྗེས་སུ་ཡི་རངས་ཞུ།

  3. ཀླུ་སྨྱོན་ ནས།

    ཚོར་བ་མེད་པར་ཚར་གཅིག་བཀླགས།
    མཇུག་སྡོམ་རྒྱག་ན་དཀོན་མཆོག་གསུམ།

  4. རིག་འཛིན་ ནས།

    རྩོམ་ལེགས་འདི་བཀླགས་ཚར་ཡིན།

  5. བོད་མི་རིགས་ཟེར་བ་འཇིག་བཞིན་པའི་དུས་འདིར་དང་པོ་མི་རིགས་འདི་གནས་ཐབས་སམ་འཚོ་ཐབས་ལ་བསམ་བློ་གཏོང་བ་རེད། གལ་ཏེ་བོད་རིགས་འདི་འཚོ་ཐུབ་མིན་ལ་དཀའ་ངལ་མེད་ན་ནི་ད་བཟོད་མང་གཙོ་དང་འགྲོ་མིའི་ཐོབ་ཐང་སོགས་རྩོད་ཆོག་གི་མོད། དེ་འདྲ་ནི་མ་རེད། དེར་བརྟེན་སྲིད་སྐྱོང་གཏམ་བཤད་དེ་འགྲིག་པ་དང་གནད་ལ་འགེལ་བ་ཞིག་རེད། རྩོམ་པ་པོས་བོད་ཀ྄ིུ་གནས་སྟངས་ཤེས་མི་འདུག་པས་སྲིད་སྐྱོང་སྐད་ཆ་ནོར་འདུག་དྲན་མོད། དོན་ལ་རྩོམ་པ་པོས་བོད་ཀྱི་དོན་དངོས་ཤེས་མི་འདུག

  6. ཀླུ་མཁར་བྱམས་ ནས།

    བུ་ཆུང་བསོད་ནམས་ཆབ་སྲིད་ཀྱི་དཔྱད་གླེང་ལ་ཞུགས་པ་ནི་ངོ་མ་བོད་ཀྱི་བསོད་ནམས་རེད། འདི་ལྟ་བུའི་གནད་འགག་ཅན་གྱི་རྩོམ་ཡིག་གིས་མི་རིགས་ལ་རེ་བ་ཞིག་མཐོང་འཇུག་གི ཡིན་ནའང་་་་

  7. ད་ལྟ་ང་ཚོར་བློས་གཏོང་བྱེད་རྒྱུ་ལྷག་མེད། རྒྱ་ནག་གི་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོ་ཚ་རོང་གིས་ཚ་འདྲི་བྱས་དོན། སུམ་གཉིས་ས་ཡི་དཀྱིལ་འཁོར་དབང་དུ་བསྒྱུར་མྱོང་མཁན་གྱི་མི་རིགས་འདིས་རྣམ་ཤེས་བརླག་པའི་གཡོག་པོ་ཁྱུ་གཅིག་ལ་མགོ་བོ་སྒུར་གྱི་ཡིན་ནམ། ད་དུང་ཁོང་གིས། “ང་ཚོས་མེས་པོ་རྣམས་ཀྱི་རུས་པར་གསེར་གྱི་རི་མོ་འབྲི་མི་ཐུབ་ཀྱང་། ཁོང་ཚོའི་སྐྱ་ཐིག་བབས་པའི་དབུ་སྐྲ་རླུང་ལ་བསྐུར་མི་ཉན།” དངོས་གནས་ཅིག་བདེན་ཀི

Write a Reply or Comment

Your email address will not be published. Required fields are marked *

*