བོད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕྱིར་འཐེན་བྱས་བའི་དམག་འཁྲུག་ཅིག


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཇོ་ན་ཐན་མེར་སི་ཁེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན་རོགས།

འདས་བའི་དུས་རབས་གཅིག་ལྷག་གི་རིང་ལ། ཨ་རིའི་བོད་ལ་བཟུང་བའི་འབྲེལ་ལམ་ནི་རྒྱ་ནག་ལ་མགོ་སྒུར་བ་དང་གོང་ས་ཏྰ་ལའི་བླ་མར་ཁ་ཡག་ངོ་དགའ་བྱེད་པའི་ཁྱད་ཆོས་ཅན་ཞིག་རེད། ༡༩༠༨་ལ་ཨ་རིའི་སྐུ་ཚབ་(William Rockhill)་ཝེ་ལེམ་རོག་ཧེལ་གྱིས་གོང་ས་བཅུ་གསུམ་པ་ཆེན་པོར་ལམ་སྟོན་འདི་འདྲ་ཞིག་གནང་ཡོད། “རྒྱ་ནག་མཉམ་དུ་མཐུན་འགྲིག་དང་ཐག་ཉེ་བོའི་འབྲེལ་ལམ་ཞིག་འཛིན་རྒྱུ་ནི་ཅིས་ཀྱང་གལ་ཆེན་རེད། བོད་རང་གི་ཁེ་ཕན་གྱི་ཆེད་དུ་བོད་ནི་ད་ལྟ་རྒྱ་ནག་མུན་ཇུའི་ཆ་ཤས་ཤིག་ཡིན་པ་དེ་ངེས་བར་དུ་མུ་མཐུད་གནས་དགོས།” ལོ་ངོ་བརྒྱ་ཙམ་འདས་རྗེས་ཀྱི་དེ་རིང་གོང་ས་བཅུ་བཞི་བ་ཆེན་མོ་དང་མཉམ་དུ་བཟུང་བའི་འབྲེལ་ལམ་ལའང་འགྱུར་བ་ཆེན་པོ་ཕྱིན་མེད། ༢༠༡༡་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་ཕོ་བྲང་དཀར་པོའི་སྒོ་དབྱིབས་ཅན་གྱི་ས་ཁྲ་ཉར་འཇོག་ཁང་ནས་གོང་ས་མཆོག་ལ་མཇལ་འཕྲད་བྱས་པ་དང་། གོང་ས་མཆོག་ཕྱི་ལ་ཕེབས་སྐབས་ལྟག་སྒོ་ནས་གད་སྙིགས་གསོག་སྒམ་དག་བརྒྱུད་ནས་སྐྱེལ་མ་བྱས་ཡོད། འདི་འདྲ་བྱེད་པའི་དགོས་དམིགས་གཙོ་བོ་ནི་པེ་ཅིང་གིས་ཐ་ན་ཨ་རིའི་བོད་ལ་བཟུང་བའི་སྲིད་ཇུས་ལ་སྐྱོན་བརྗོད་བྱེད་སྟངས་འཇམ་ཤོས་སྟེ“ཇུས་གཏོགས”ཞེས་བའི་སྐྱོན་བརྗོད་དེའང་མི་ཡོང་བའི་ཆེད་དུ་རེད།

འོན་ཀྱང་། ཨ་རིས་བོད་ལ་འཛིན་པའི་སྲིད་ཇུས་ཀྱི་ཐབས་ལམ་ཆེས་ཕྲ་བ་དང་གློ་བུར་དུ་རྒྱང་བཀྱེད་པའི་དུས་སྐབས་ཤིག་བྱུང་ཡོད། རྒྱ་ནག་གིས་༡༩༥༠་ལོར་བོད་ས་བཙན་བཟུང་བྱས་བའི་རྗེས་ཀྱི་ལོ་ངོ་ཉི་ཤུ་ཙམ་གྱི་རིང་ལ་དམར་ཤོག་རིང་ལུགས་འཛམ་གླིང་ལ་དར་ཁྱབ་འགྲོ་བ་འགོག་པའི་ལས་འགུལ་གྱི་ཆ་ཤས་ཤིག་ཏུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ཀྱི་ངོ་རྒོལ་བ་ཚོར་དམག་སྦྱོང་སྤྲོད་པ་དང་རྒྱ་ནག་གི་གསང་བའི་གནས་ཚུལ་མཁོ་སྒྲུབ་བྱེད་པའི་གསང་བའི་ལས་འགུལ་ཞིག་སྤེལ་ཡོད། ད་ལྟའི་དུས་སུ་ལས་འགུལ་དེའི་སྐོར་ལ་དེ་ཙམ་ཤེས་རྟོགས་མང་པོ་མེད་ནའང་། ལས་འགུལ་འདིས་མ་མཐའ་ཡང་དམིགས་བསལ་གྱི་གསང་བའི་གནས་ཚུལ་མཁོ་སྒྲུབ་མཁན་ཁག་ཅིག་སྐྱེད་སྲིང་དང་། གོང་ས་མཆོག་ལ་རྒྱབ་སྐྱོར་གྱི་ནུས་བ་ཞིག་མཁོ་འདོན་བྱས་པ་རེད། ༡༩༧༢་ལོའི་ཨ་རིའི་སྲིད་འཛིན་(Richard Nixon)རེ་ཆར་ཌི་ནེག་སོན་དང་མོའོ་ཙེ་ཏུང་གཉིས་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་ལྡན་པའི་མཇལ་འཕྲད་དེའི་རྗེས་སུ་ལས་འགུལ་དེའི་རྒྱབ་སྐྱོར་གློ་བུར་དུ་ཕྱིར་འཐེན་བྱས་པ་དང་། ཨ་རིའི་བོད་ཐོག་བཟུང་བའི་སྲོལ་རྒྱུན་གྱི་སྲིད་ཇུས་ལག་ངར་ལྟ་བུ་དེ་སླར་ཡང་མུ་མཐུད་པ་རེད། འོན་ཀྱང་། ཐག་གཅོད་འདིསཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གྱི་ཡིད་ཆེས་མེད་པའི་གཡའ་དེ་དྭངས་བར་ཕན་ཐོགས་བྱུང་མེད། རྒྱ་གཞུང་གིས་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རོགས་རམ་བྱས་བའི་གསང་བའི་ལས་འགུལ་འདིའི་སྐོར་ཤེས་རྟོགས་བྱུང་བ་ཁོ་ན་མིན་པར་༡༩༩༢་ལོར་དེའི་སྐོར་ལ་རྒྱབ་ཤ་དཀར་བོའི་དེབ་ཅིག་ཀྱང་བཏོན་ཡོད། དཔེ་དེབ་དེའི་ནང་དུ་གསང་བའི་ལས་ཁུངས་ཀྱི་ལས་འགུལ་ཁག་གི་སྐོར་ནུབ་ཕྱོགས་ཀྱི་ཁུངས་ལྡན་གནས་ཚུལ་ཁག་ཅིག་ལ་གཞི་བཅོལ་ནས་བཀོད་འདུག་ཀྱང་། སྐྱོན་བརྗོད་བྱེད་ཡུལ་གཙོ་བོ་ནི་དུས་ད་ལྟའང་པེ་ཅིང་གིས་བེད་སྤྱོད་བྱེད་བཞིན་པའི་“ཏྰ་ལའི་རུ་ཚོགས”ཞེས་པ་དེ་རེད།

གསང་བའི་ལས་ཁུངས་ཀྱིས་མཐུན་འགྱུར་བྱས་བའི་ངོ་རྒོལ་འདི་ནི་རྒྱ་ནག་གུང་ཁྲན་ཏང་གིས་གོ་མིན་ཏང་ཕམ་པར་བརྒྱབ་པ་དང་། པེ་ཅིང་གིས་གོང་ས་ཏཱ་ལའི་བླ་མར་བཙན་དབང་གིས་རྒྱ་ནག་ལ་བོད་ཀྱི་བདག་དབང་ཡོད་པ་ཁས་ལེན་བྱེད་བཅུག་པའི་རྗེས་ཏེ། རྒྱ་ནག་བཅིངས་འགྲོལ་དམག་གིས་བོད་ས་དབང་བསྒྱུར་བྱས་རྗེས་སུ་བྱུང་ཡོད། ༡༩༥༥་ལོར་བོད་ཀྱི་ས་གནས་འགོ་ཁྲིད་ཁག་ཅིག་གིས་གསང་བའི་ཐོག་ནས་དྲག་པོའི་ངོ་རྒོལ་བྱེད་པའི་འཆར་གཞི་བཏང་བའི་རྗེས་ཀྱི་ལོ་གཅིག་གི་རྗེས་སུ་ངོ་རྒོལ་བྱུང་བ་རེད། ངོ་རྒོལ་བ་ཚོས་རྒྱ་གཞུང་གི་སྒྲིག་འཛུགས་ཁག་གི་མཐའ་བསྐོར་ཏེ། གཞུང་གི་ལས་བྱེད་དང་རྒྱ་རིགས་མི་མང་བརྒྱ་སྐོར་ཞིག་རྐྱེན་ལམ་དུ་བཏང་ཡོད། ༡༩༥༧་ལོར་ངོ་རྒོལ་སྒྲིག་འཛུགས་ཤིག་དང་དམག་སྡེ་ཞིག་གསར་འཛུགས་གནང་ནས་དམར་ཤོག་གི་དཔོན་རིགས་ཚོ་གསོད་པ་དང་། འགྲིམ་འགྲུལ་ལམ་ཁ་ལ་གཏོར་སྐྱོན། ས་གནས་ས་ཁུལ་དུ་ཡོད་པའི་དམར་ཤོག་སྒྲིག་འཛུགས་དང་དམག་སྡེ་ཁག་གཏོར་རྒོལ་བྱེད་འགོ་བཙུགས་པ་རེད།

དུས་སྐབས་དེར་ངོ་རྒོལ་བ་ཚོར་ཨ་རིའི་རྒྱབ་སྐྱོར་ཐོབ་ཡོད། ༡༩༥༠་ང་གྲངས་ནས་བཟུང་ཨ་རིས་རྒྱ་ནག་དམར་གཞུང་ལ་འགོག་རྒོལ་བྱེད་ཆེད་བོད་པ་ཚོར་རོགས་རམ་བྱེད་པའི་ལམ་ཁ་བཙལ་ཡོད། བགྲང་བྱ་བཅུ་ཚན་དེའི་ཕྱེད་ཙམ་ལ་གཞུང་འབྲེལ་ཐོག་ནས་“སྒོར་ཐང་ལས་འཆར”ཞེས་བ་དེ་དངོས་སུ་འགོ་འཛུགས་གནང་ཡོད། བོད་ཀྱི་ངོ་རྒོལ་འཐབ་རྩོད་པ་ཚོར་ཕྱི་རྒྱལ་ནས་སྦྱོང་བརྡར་སྤྲད་པ་དང་། བོད་ཀྱི་གནད་འགག་ཆེ་བའི་ས་ཁུལ་ཁག་ཏུ་མདའ་མཚོན་གོ་ཆ་གནམ་གྲུ་ནས་གཡུག་ཡོད། ༡༩༥༩་ལོར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཨ་རིའི་མངའ་སྡེ་(Colorado)ཀོ་ལོ་ར་རྡོའི་ས་གནས་(Leadville)ལེ་རྡི་བལ་གྱི་ཉེ་འགྲམ་དུ་ཡོད་པའི་(Camp Hale)ཀེམ་ཕི་ཧལ་ཞེས་བར་བོད་ཀྱི་ངོ་རྒོལ་འཐབ་མོ་བ་ཚོར་གསང་བའི་ཐོག་སྦྱོང་བརྡར་མཐུན་རྐྱེན་སྤྲོད་འགོ་བཙུགས་པ་ནི། ཕྱོགས་གཅིག་ནས་ས་ཁུལ་དེ་ཧི་མ་
ལ་ཡའི་རི་རྒྱུད་དང་འདྲ་བར་མཚོ་ངོས་ནས་མཐོ་ཚད་ཧྥི་ཁྲི་༡༠༠༠༠་ཙམ་གྱི་སར་ཆགས་ཡོད་པས་ཡིན། ཡིག་ཆ་གཅིག་གི་ནང་དུ་གསལ་བའི་གནས་ཚུལ་ལ་གཞིར་བཞག་ན། ཀོ་ལོ་ར་རྡོའི་ལས་འགུལ་དེའི་ནང་དུ་ཁམས་པའི་འཇབ་དམག་༡༧༠་ལྷག་ལ་སྦྱོང་བརྡར་ཐོབ་ཡོད་འདུག།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་འབད་བརྩོན་འདི་བརྒྱུད་ནས་རྒྱ་ནག་བཙན་བཟུང་པ་ཚོར་མི་མང་གི་ངོ་རྒོལ་ཆེན་པོ་ཞིག་ཡོང་ཐུབ་མེད་ཀྱང་། ༡༩༦༡་ལོར་བོད་ཀྱི་འཐབ་མོ་བ་ཚོས་འཇུ་བཟུང་བྱས་བའི་རྒྱ་ནག་གི་ད
མག་མིའི་ཡིག་ཆ་ཕོན་ཆེན་དེས་གྲང་དམག་སྐབས་ཀྱི་གསང་བའི་ཡིག་ཆ་འཚོལ་ཞིབ་ཀྱི་རྒྱལ་ཁ་ཆེ་ཤོས་ཤིག་བླངས་ཡོད། ཡིག་ཆ་འདིས་རྒྱ་ནག་གི་མདུན་སྐྱོད་ཆེན་མོས་དུས་སྐབས་སུ་བྱུང་བའི་ཁྱབ་ཆེ་བའི་མུ་གེ་ཡིས་རྒྱ་ནག་གི་དམག་མིའི་སྙིང་སྟོབས་ཉམས་ཡོད་པ་གསལ་འདོན་བྱས་འདུག དེའི་རྗེས་ཀྱི་ལོ་ངོ་བཅུ་གྲངས་ཀྱི་རིང་ཝ་ཤིན་ཌོན་དུ་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་ནང་དུ་བསྒྲུབས་པའི་ལས་འགུལ་དང་། ༡༩༧༡་ལོར་(Henry kissinger)ཧན་རེས་ཀེ་སེན་སྒིར་གྱིས་(Nixon)ནེག་སོན་མོའོ་ཙེ་ཏུང་ལ་ཐུག་འཕྲད་བྱེད་རྒྱུ་བཀོད་སྒྲིག་བྱས་རྗེས་སུ་ལས་འགུལ་དེ་མཚམས་འཇོག་ཕྱིན་པའི་སྐོར་ལ་བསམ་ཚུལ་མི་མཐུན་པ་མང་པོ་བྱུང་ཡོད།

༡༩༩༩་ལོར་ཨ་རིའི་གསང་བའི་ལས་ཁུངས་ནང་དུ་ལོ་ངོ་༤༠་ལྷག་གི་རིང་ལ་ཕྱག་ལས་གནང་མྱོང་མཁན་གྱི་དམག་མི་བྱས་རྗེས་ཅན་(John Kenneth knaus)ཇོན་ཀེ་ནེ་ཐུ་ནོ་སི་ཡིས་བརྩམས་པའི་དཔེ་དེབ་“གྲང་དམག་གི་དྭ་ཕྲུག། ཨ་རི་དང་བོད་ཀྱི་ཤི་གསོན་འཐབ་རྩོད”ཅེས་བའི་ནང་དུ་འདི་ལྟར་ཕྱིར་དྲན་བྱས་འདུག། “ཨ་རིའི་རྒྱ་ནག་དང་འབྲེལ་བ་བཙུགས་པའི་བརྒྱུད་རིམ་ནང་པེ་ཅིང་ནས་བོད་དོན་གླེང་སློང་བྱེད་ཐུབ་མེད་ཀྱང་། ཨ་རིའི་གཞུང་ཕྱོགས་ནས་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་པའི་དུས་རབས་དེ་ལ་བཞི་ཤད་བཀོད་པ་རེད།” ༡༩༧༥་ལོར་ཨ་རིའི་སྲིད་འཛིན་(Gerald Ford)ཇེ་རལ་ཧྥོར་ཌི་ཡིས་རྒྱ་ནག་གི་མ་འོངས་བའི་འགོ་ཁྲིད་ཏིང་ཞོ་ཕེང་ལ་སྐད་ཆ་འདི་འདྲ་ཞིག་བཤད་འདུག། “སྲིད་བློན་གཞོན་པ་ལགས། ངས་དེ་རིང་འདིར་གསལ་བོ་བཟོ་རྒྱུ་ཞིག་ལ། བོད་དོན་གྱི་ཐད་ནས་ང་ཚོས་ཨ་རིའི་གཞུང་ཕྱོགས་ཀྱི་ལས་འགུལ་ཁག་ལ་རྒྱབ་སྐྱོར་དང་ངོ་རྒོལ་གཉིས་ཀ་བྱེད་རྒྱུ་མིན།”

བོད་ཀྱི་གྲོགས་པོ་མང་པོ་ཞིག་དང་དུས་རྒྱུན་དུ་ཞི་བདེའི་ཆེད་དུ་འབད་པ་བྱེད་མཁན་གོང་ས་ཏཱ་ལའི་བླར་རྗེས་སུ་ཡི་རངས་བྱེད་མཁན་གྱི་མི་ཚོས་ཏཱ་ལའི་བླམ་མས་ཨ་རིིའི་གསང་བའི་ལས་ཁུངས་ཀྱི་ལས་འཆར་ཁག་ཅི་ཡང་མཁྱེན་གྱི་མ་རེད་སྙམ་གྱི་ཡོད་ཀྱང་། དམག་གི་ལས་འགུལ་དེའི་ནང་དུ་མཉམ་ཞུགས་བྱེད་མཁན་གོང་ས་མཆོག་གི་གཅེན་པོ་རྒྱལ་ལོ་དོན་འགྲུབ་དང་ལས་འགུལ་དེའི་ནང་དུ་ཆ་ཤས་ལེན་མཁན་(Knaus)ཁི་ནོ་སི་ཡིས་དཔེ་དེབ་ནང་དུ་འདི་ལྟར་བྲིས་འདུག། “རྒྱལ་ལོ་དོན་གྲུབ་ཀྱིས་རང་གི་གཅུང་པོ་གོང་ས་ཏཱ་ལའི་བླ་མར་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་མཐུན་འགྱུར་གནང་བའི་ལས་འགུལ་སྐོར་སྤྱིར་བཏང་གི་ཆ་ནས་སྙན་གསན་ཞུས་འདུག།” སྐུ་ཞབས་ཁོ་སི་ལྟར་ན།༡༩༥༠་ནས་བཟུང་ཨ་རིའི་གསང་བའི་ལས་ཁུངས་ཀྱིས་གོང་ས་མཆོག་ལ་རྒྱབ་སྐྱོར་མཚོན་ཆེད་ཟླ་རེར་ཨ་སྒོར་༡༥༠༠༠་ཕུལ་ཡོད་ཀྱང་། ༡༩༧༤་ལོ་ནས་དེ་ཡང་ཆད་པ་རེད་ཟེར།

༡༩༩༩་ལོར་ངས་གོང་ས་ཏཱ་ལའི་བླ་མར་ཨ་རིའི་གསང་བའི་ལས་ཁུངས་ཀྱི་དམག་གི་ལས་འགུལ་དེས་བོད་ལ་གནོད་བསྐྱལ་ཡོད་དམ་ཞེས་དྲིས་བའི་ལན་དུ། “དེས་གནོད་བསྐྱལ་བ་དེ་དངོས་གནས་རེད།”ཞེས་གསུངས་བྱུང་། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཐེ་ཇུས་བྱས་པ་དེས་གནོད་བསྐྱལ་བ་རེད། ཁོང་ཚོས་ཐོག་མའི་དམིགས་ཡུལ་དེ་ཨ་རི་རང་གི་ཁེ་ཕན་བསྒྲུབ་རྒྱུ་ལས་བོད་ལ་ཕུགས་རྒྱང་རིང་པོའི་ཐོག་ནས་རོགས་རམ་བྱེད་རྒྱུ་དེ་མ་རེད། ཨ་རིས་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་ལ་འགྱུར་བ་ཕྱིན་པ་ནས་བཟུང་། བོད་ལ་རོགས་རམ་བྱེད་མཚམས་བཞག་པ་རེད་མ་གཏོགས་ང་ཚོའི་འཐབ་རྩོད་ཀྱི་རྒྱུན་མཐུད་ཐུབ་ཡོད་རྒྱུ་རེད། བོད་པ་ཚོས་ཨ་རིས་གཡུག་པའི་གོ་མཚོན་ལ་རེ་བ་ཆེན་པོ་བྱས་ཀྱང་། རྒྱ་ནག་གི་དམག་མི་ཡོང་ནས་གཏོར་རྒོལ་བྱས་རྗེས་སུ་ཨ་རིར་བོད་པ་ཚོས་ས་ནས་གྲོས་འཆར་གཞན་པ་ཞིག་རེག་པ་རེད།

གནས་ཚུལ་འདི་ནི་བདེན་པ་རེད། མི་རྒྱུད་དཔྱག་རིག་མཁས་པ་བོད་སྐད་ལ་བྱང་ཆ་ལྡན་པ་(Carole McGranahan)ཁེ་རོལ་མེག་གྷི་ར་ན་ཧ་ཡིས་༢༠༡༠་ལོར་བརྩམས་པའི་དཔེ་དེབ་“བཙོན་དུ་ཚུད་པའི་ལོ་རྒྱུས།བོད་དང་ཨ་རིའི་གསང་བའི་ལས་ཁུངས། བརྗེད་ཟིན་པའི་དམག་འཁྲུག་ཞིག་གི་དྲན་ཐོ།”ཞེས་བའི་ནང་དུ་ཨ་རིའི་གསང་བའི་ལས་ཁུངས་དང་བོད་མི་ཚོའི་དམིགས་ཡུལ་མི་འདྲ་བའི་ཉམས་ཞིབ་མཐིལ་ཕྱིན་པ་བྱས་འདུག། ཁོ་མོའི་དཔེ་དེབ་དེ་མཚམས་ཪེར་གོ་དཀའ་བའི་མི་རྒྱུད་དཔྱད་རིག་གི་བརྡ་ཆད་གོ་དཀའ་བ་ཁག་ཅིག་དཀྲིས་ཡོད་ཀྱང་། སྐབས་དེའི་བོད་ཀྱི་བྱས་རྗེས་ཅན་གྱི་དམག་མི་ཚོ་དང་ཨ་རིའི་དམག་མི་བྱས་རྗེས་ཅན་ཚོས་གསང་བའི་ལས་ཁུངས་ཀྱི་དམག་མིའི་ལས་འགུལ་དེར་བཟུང་བའི་ལྟ་སྟངས་ཇི་ལྟར་མི་འདྲ་བའི་སྐོར་དབྱེ་ཞིབ་བྱས་འདུག།

དཔེ་མཚོན་འབུར་དུ་ཐོན་པ་ཞིག་ནི། ཝ་ཤིན་ཌོན་དུ་རྟེོན་གཞི་བྱས་བའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགྲེམས་སྟོན་ཁང་དུ་བོད་དམག་ཚོས་འཇབ་རྒོལ་ཁྲོད་རྒྱ་ནག་གི་གོ་གནས་མཐོ་བའི་དམག་དཔོན་ཞིག་འཇུ་བཟུང་བྱས་བ་ལས་ཡིག་ཆ་མང་པོ་ཞིག་རག་ལོ་རྒྱུས་ཞིབ་ཆ་ལྡན་པའི་སྒོ་ནས་འཇུགས་སུ་རུང་བ་ཞིག་མཚོན་ཡོད་པ་མ་ཟད། བོད་ནང་དུ་རྒྱ་དམག་གིས་མི་སྤྱོད་ལས་འདས་བའི་དྲག་པོའི་བཙན་གནོན་བྱས་ཡོད་མེད་ཀྱང་གསལ་སྟོན་བྱས་འདུག། “ཡིག་ཆ་འདི་ནི་བཙན་བྱོལ་བོད་གཞུང་ལ་ཡོད་པའི་རྒྱ་ནག་གིས་བོད་ནང་དུ་སྡུག་སྦྱོང་ཇི་ལྟ་བྱས་ཡོད་མེད་ཀྱི་དཔང་རྟགས་ཡིག་ཆ་ཁོ་ན་ཡིན་པས་ཧ་ཅང་རིན་ཐང་ཆེན་པོ་རེད།” “MacGranahna”མེག་གྷི་ར་ན་ཧ་ཡིས་སྐབས་དེའི་བོད་ཀྱི་འཇབ་དམག་བགྲེས་པོ་ཚོར་བཅར་འདྲི་ཡུན་རིང་བྱས་བའི་ནང་དུ་ཡིག་ཆ་དེ་ཇི་ལྟར་འཇུ་བཟུང་བྱས་ཡོད་མེད་ཀྱི་སྐོར་གླེང་མཁན་མ་བྱུང་བའི་དོ་སྣང་བྱུང་འདུག། “ཨ་རིའི་གཞུང་དང་བོད་གཞུང་གཉིས་ཀའི་རིན་ཐང་ཆེན་པོར་ངོས་འཛིན་དང་ཆ་འཇོག་བྱེད་བཞིན་པའི་ཡིག་ཆ་འདིའི་སྐོར་དམག་མི་དེ་ཚོའི་དྲན་ཡུལ་གྱི་ཁ་ཐག་རིང་ས་ཞིག་ཏུ་གནས་དགོས་བའི་རྒྱུ་མཚན་ཅི་ཡིན་ནམ།”

ང་ཚོ་བོད་དམག་ཚོས་རྒྱ་ནག་གི་རླངས་འཁོར་ཆེན་པོ་ཞིག་ལ་གཏོར་རྒོལ་བྱས་ཏེ་རྒྱ་ནག་གཞུང་གི་ཡིག་ཆ་ཁག་ཅིག་འཕྲོགས་པ་ཡིན། དེའི་རྗེས་སུ་ཨ་རི་བ་ཚོས་ང་ཚོར་ཟླ་ཕོགས་སྤར་སོང་། མི་སུ་ཞིག་གིས་ཀྱང་ཡིག་ཆ་དེའི་ནང་དོན་ཅི་ཡིན་ཤེས་མེད་ལ། སྐབས་དེར་དེའི་སྐོར་ལ་སྐད་ཆ་ཡང་དྲིས་མེད། གལ་སྲིད་སྐད་ཆ་མང་པོ་དྲིས་བ་ཡིན་ན། གཞན་པ་ཚོས་དོགས་པ་བྱེད་ཀྱི་རེད། འཇབ་རྒོལ་གྱི་འགོ་དཔོན་གྱིས་རྩོམ་པ་པོར་བརྗོད་རྒྱུར། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཁོང་ལ་བྱ་དགའ་ཞིག་གི་ངོ་བོར་ཆུ་ཚོད་གཞལ་ཆས་ཤིག་སྤྲད་བྱུང་། ཁོང་ལ་ཡང་ཡིག་ཆ་དེའི་གལ་ཆེན་རང་བཞིན་དང་འབྲེལ་བའི་སྐོར་ལ་ཤེས་རྟོགས་ཉུང་ཉུང་ཞིག་ལས་མི་འདུག། ཁོ་མོས་དཔེ་དེབ་ནང་དུ་ཞིབ་ཕྲའི་སྒོ་ནས་འཁོད་དོན་ལྟར་ན། སྐབས་དེར་བོད་ཀྱི་དམག་མི་ཚོའི་སེམས་པ་ནི་གོང་ས་མཆོག་ལ་བློ་དཀར་གཞུང་དྲང་བྱེད་པའི་བསམ་བློ་ཡིས་བདག་ཏུ་བཟུང་འདུག། ཁོང་ཚོས་གོང་ས་མཆོག་ནི་བོད་རང་བཙན་རྒྱལ་ཁབ་ཀྱི་བླ་ན་མེད་པའི་དབུ་ཁྲིད་ཀྱི་ངོ་བོར་བསྐྱར་གསོ་བྱེད་འདོད་བྱུང་འདུག

(Knaus)ཁི་ནོ་སི་ཡིས་ཁོང་གི་བརྩམས་ཆོས་དཔེ་དེབ་གཉིས་པ་“བདེ་བ་ཅན་གྱི་ཞིང་ཁམས། ཨ་རི་དང་བོད་ཀྱིས་དུས་རབས་ཉེར་གཅིག་པའི་ནང་དུ་གོམ་སྟབས་སྤོ་བ།”ཅེས་པའི་ནང་དུ་གསལ་ཁ་བཏོན་པའི་གནད་དོན་ཞིག་ནི། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་བོད་དམག་ལ་རོགས་སྐྱོར་བྱེད་མཚམས་བཞག་པའི་རྗེས་སུ། ཝ་ཤིན་ཌོན་གྱིས་རྒྱ་ནག་ལ་བཟུང་བའི་སྲིད་ཇུས་ནང་དུ་བོད་ཀྱི་གནད་དོན་བས་མཐར་བརྫངས་བ་རེད། ད་ལྟ་ཨ་རིིའི་སྲིད་འཛིན་གྱིས་པེ་ཅིང་གི་འཛམ་གླིང་སྟོབས་ཤུགས་ལ་གདོང་གཏད་དགོས་ཀྱི་ཡོད། ཨ་རིའི་བོད་དོན་སྣང་མེད་དུ་གཏོང་བའི་ཁྱབ་ཁོངས་ཀྱི་ཐད་ནས་དེ་སྔའི་ཤར་ཨེ་ཤ་ཡའི་དྲུང་ཆེའི་ཕྱག་རོགས་(Marshall Green)མར་ཤིལ་གྷི་རེན་གྱིས་(Knaus)ཁི་ནོ་སིར་ཕྱིར་དྲན་གྱིས་སྒོ་ནས་གནད་འགག་འདི་འདྲ་ཞིག་གསུངས་འདུག། “བོད་དོན་གྱི་ཐད་ནས་ང་ཚོས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་ཡག་པོ་ཉར་ཏེ། དམར་ཤོག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་དག་ལྷོད་ཡང་བྱེད་ཐབས་ལ་གནོད་ཤུགས་སྤྲོད་པའི་གོ་བབ་རག་ཐབས་བྱེད་པ་ལས་གཞན་ཅི་ཡང་བསྒྲུབ་ཐུབ་ཐབས་མེད།” གྷི་རེ་གྱིས་བྱེད་ཐབས་འདི་ནི་ཕལ་ཆེར་རྒྱུ་མཚན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག།

སྲིད་འདིན་ཨོ་བྷ་མ་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གསར་བ་ཞི་ཅེན་ཕེང་ལ་ཐུག་འཕྲད་བྱེད་ཀྱི་རེད། ཁོང་གི་ལམ་སྟོན་པ་ཚོས་ཁོང་ལ་༡༩༨༨་ལོའི་ཟླ་༦་པའི་༢༧་ཉིན་ཁོང་གི་སྔོན་གྱི་སྲིད་འཛིན་(Clinton)ཁི་ལེན་ཌོན་དང་རྒྱ་ནག་སྲིད་འཛིན་ཅང་ཙི་མེན་གཉིས་ཀྱིས་གདོང་དང་གདོང་ཐུག་ཏེ་གླེ་མོལ་བྱས་བའི་འདས་དོན་ཞིག་དྲན་གསོ་བྱེད་ཀྱི་རེད། མཇལ་འཕྲད་དེའི་སྐབས་སུ་སྲིད་འཛིན་ཁི་ལེན་ཌོན་གྱིས་“ངས་བོད་དེ་རྒྱ་ནག་གི་ཆ་ཤས་ཤིག་དང་། རང་སྐྱོང་ལྗོངས་ཤིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་འདི་ནི་གོང་ས་ཏཱ་ལའི་བླ་མ་དང་མཉམ་དུ་གྲོས་མོལ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་པ་ཤེས་ཀྱི་ཡོད།” ཁི་ལེན་ཌོན་གྱིས་གོང་ས་མཆོག་གི་ཡིད་དབང་འགུག་པའི་ཁྱད་ཆོས་སྙིང་བོར་བཟུང་ནས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད། “ངས་གོང་ས་མཆོག་དང་གླེང་མོལ་བྱེད་མྱོང་ཡོད་པས། ངས་ཁོང་ནི་མི་དྲང་པོ་ཞིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། གལ་ཏེ་ཁོང་དང་སྲིད་འཛིན་ཅང་ཙེ་མེན་གཉིས་ཀྱིས་བཀའ་མོལ་གནང་བ་ཡིན་ན། ཕན་ཚུན་ཧ་ཅང་དགའ་བོ་བྱེད་ཀྱི་རེད།” ཅང་གིས་སྐད་ཆ་དེར་ཉན་རྗེས་མགོ་བོ་རྒྱབ་ཏུ་དགྱེ་དགྱེ་བྱེད་ཤོར་གད་མོ་ཤོར་བ་དང་། ཁི་ལེན་ཌོན་གྱིས་སྐད་ཆ་དེ་རྒྱ་ཡིག་གི་འདྲ་བཤུས་ནང་ནས་གཅོག་འཕྲི་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག།

(ཇོ་ན་ཐན་མེར་སི་ཁེས་ནི་རྒྱ་ནག་ལོ་རྒྱུས་སྨྲ་བ་དང་གསར་འགོད་པ་ཞིག་ཡིན་ལ། ལོན་ཌོན་དུས་བབ་ཀྱི་ཤར་ཨེ་ཤ་ཡའི་སྡེ་ཁག་གི་རྩོམ་སྒྲིག་པ་ཟུར་བའང་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད། ཨ་རིའི་གསང་བའི་ལས་ཁུངས་ཀྱིས་ཕྱིར་འཐེན་བྱས་བའི་དམག་འཁྲུག་ཅིག

  1. རིན་ཆེན་དོན་གྲུབ་ ནས།

    བཀའ་དྲིན་ཆེ། ད་དུང་དེ་རིགས་མང་ཙམ་བསྒྱུར་གནང་ཡོང་བ་ཞུ།

Write a Reply or Comment

Your email address will not be published. Required fields are marked *

*