ཤེས་རབ་ཅན་གྱི་མཁས་པ་དང་སྐུར་བ་བཏབ་པའི་འཕྲིན་ཡིག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བེན་ཞའེ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

བོད་དུ་གནའ་སྔ་མོ་ཞིག་སྟེ་དུས་རབས་བཅུ་བཞི་པའི་ནང་དུ་ངག་གི་དབང་པོ་ཞེས་འབོད་པའི་ཤེས་རབ་ཅན་གྱི་གཞོན་ནུ་མཁས་པ་ཞིག་ཡོད། ཁོང་ནི་གསང་ཕུ་དགོན་ཆེན་གྱི་སྐར་ཆེན་དུ་གྲགས་པའི་སློབ་ཕྲུག་ཅིག་རེད། དགོང་ལོ་བརྒྱད་ཡིན་དུས་ཡུམ་ཆེན་གྲོངས་ཞིང་དགོང་ལོ་བཅུ་གཅིག་ལ་སོན་དུས་ཡབ་ཆེན་གྲོངས་བས། དགོང་ལོ་བཅུ་གཉིས་ཡིན་དུས་ཁོང་གིས་རབ་ཏུ་བྱུང་རྒྱུའི་ཐག་གཅོད་གནང་འདུག་པ་དང་། གསང་ཕུ་རུ་སློབ་སྦྱོང་གནང་སྐབས་ཁོང་གིས་ཚད་མ་དང་རྙོག་འཛིང་ཅན་གྱི་དབུ་མའི་ལྟ་གྲུབ་ཐེ་བའི་སྦྱངས་གཞི་ཞིག་མགྱོགས་པོའི་ངང་བྱང་ཆུབ་པར་གནང་འདུག

འོན་ཀྱང་ཁོང་གསང་ཕུ་རུ་བཞུགས་པའི་དུས་ཚོད་དེ་ཇོལ་ཆུང་སློབ་གྲོགས་ཚོས་མེད་པར་བཟོས་པ་རེད། གསང་ཕུའི་སློབ་ཕྲུག་མང་ཤོས་ནི་བོད་ཤར་ཕྱོགས་ནས་ཕེབས་པའི་ཁམས་པ་རེད། བདེན་པ་ཡིན་ཏེ། གསར་ཕུ་ནི་བོད་དབུས་ཕྱོགས་སུ་ཡོད་ཀྱང་། འོན་ཀྱང་བོད་ཀྱི་མཁས་པ་མང་པོ་ཁམས་ནས་བྱུང་ཡོད་པ་དང་། གནད་དོན་འདི་གསང་ཕུའི་སློབ་མའི་འདུས་ཚད་ལས་ཤེས་ཐུབ། དབུས་གཙང་གི་བོད་པ་ཞིག་ཡིན་པའི་ཆ་ནས་ངག་གི་དབང་པོར་ཁོང་རང་ཕྱི་མི་ཞིག་ཏུ་བརྩིས་པའི་ཚོར་སྣང་བྱུང་ཡོད། དེའི་སྟབས་ཀྱིས་དགོང་ལོ་ཉེར་བདུན་ལ་སླེབས་དུས་༼ཕྱི་ལོ་༡༣༣༤༽ དགོན་པ་ནས་རྡོག་ཐོན་བྱེད་པའི་ཐག་གཅོད་གནང་འདུག ངག་གི་དབང་པོ་འདས་པའི་ལོ་ངོ་བརྒྱད་ཀྱི་རིང་ལ་བསྡད་མྱོང་བའི་དགོན་པ་ནས་ཐོན་འགྲོ་ཁར་སྐད་ཆ་འདྲི་ལ་དགའ་བའི་གྲྭ་བ་ཞིག་གིས་ཁོང་ཅིའི་ཕྱིར་ཐོན་འགྲོ་ཡི་ཡོད་པའི་སྐོར་དྲིས་བྱུང་བར།

ཁོང་གིས་དགོན་པར་བཞུགས་པའི་ཁམས་པ་ཚོས་ཁོང་གི་མི་ཚེར་དཀའ་སྡུག་གང་མང་བཟོས་ཡོད་པ་བཤད་སྐབས། གྲྭ་བ་དེས་ཁོང་ལ་གདུང་སེམས་མཉམ་བསྐྱེད་བྱས་པ་དང་ཁམས་པའི་གྲྭ་བ་ཚོའི་སྤྱོད་པ་བྱིངས་ལ་བསྒྲགས་པའི་རྩོམ་ཡིག་ཅིག་འབྲི་བར་སྐུལ་མ་བྱས། ངག་གི་དབང་པོས་འདི་ནི་ཐབས་ལམ་ཡག་པོ་ཞིག་ཡིན་པར་བསམ་སྟེ་ཤོག་བུ་རྐང་གཅིག་བླངས་ཏེ་ངོས་གཉིས་སུ་ཟུར་ཟའི་སྙན་རྩོམ་ཞིག་བྲིས་གནང་མཛད། སྙན་རྩོམ་དེ་ནི་ཀ་ཁའི་གོ་རིམ་ལྟར་བྲིས་པའི་ཀ་རྩོམ་ཞིག་ཡིན་པ་དང་རྩོམ་ཀྱི་མགོའི་ཚིག་རྐང་ལྔ་ནི་འདི་ལྟར།

ཀ་ལིང་ཡུལ་དུ་སྲིན་པོ་རྒྱུ་བ་འཛིན།།
ཁ་བ་ཅན་དུ་ཆོམ་རྐུན་ཁམས་པའི་རིགས།།
ག་རུ་གནས་ཀྱང་གྲོང་རྡལ་འཇོམས་བྱེད་པའི།།
ང་རྒྱལ་ཆགས་སྡང་རྒྱུ་བ་གཟིགས་ལགས་སམ།།
ཅ་ཅོའི་རང་བཞིན་ཉོན་མོངས་ཁམས་པའི་ཚོགས།།

ཤོག་བུའི་མཇུག་ཏུ་མཇུག་བྱང་སྟབས་བདེ་ཞིག་གི་ཚུལ་དུ་མཚན་རྟགས་བཀོད་འདུག་པ་འདི་ལྟར། ༼འདི་ནི་གསང་ཕུ་ནེའུ་ཐོག་ལ་བསམ་ཡས་པ་ངག་གི་དབང་པོས་བྲིས་པ་ཡིན། འདིས་བདེ་སྐྱིད་སྤེལ་བར་སྨོན།༽ དེ་ནས་ཁོང་གིས་ཤོག་བུ་དེ་གྲྭ་བ་དེ་ལ་གནང་བ་དང་། གྲྭ་བ་དེས་གསང་ཕུ་ལ་འཁྱེར་ཏེ་འདུ་ཁང་གི་བཞུགས་ཁྲིར་སྦྱར། ཚང་མས་ཤེས་དུས་ཟིང་གང་འཚམས་ཤིག་བྱུང་། འོན་ཀྱང་ངག་གི་དབང་པོ་སྔ་ས་ནས་ཐག་རིང་ལ་ཕྱིན་ཚར་བ་རེད། (ཡུ་རོབ་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་ཡོད་མཁན་ཚོར་ལོ་ངོ་ཉིས་བརྒྱ་ཙམ་གྱི་རྗེས་སུ་མ་ཊིན་ལུ་ཐར་(Martin Luthar)གྱིས་ཁོའི་༼དམ་བཅའ་གོ་ལྔ།༽ཞེས་པ་དེ་ཝི་ཊན་བྷརག་(Wittenberg)ཡེ་ཤུའི་ཆོས་ཁང་གི་སྒོ་ཐོག་ཏུ་ལྕགས་གཟེར་གྱིས་སྦྱར་བ་དེ་དྲན་གསོ་གཏོང་སྲིད་ཀྱི་རེད།)

མི་ཚེ་གཅིག་གི་སློབ་སྦྱོང་ལ་རྒྱབ་གཏད་རྗེས་ངག་གི་དབང་པོས་རང་གི་ཡོད་ཚད་སྒོམ་ཉམས་ལེན་དང་དགེ་རྒན་ཞིག་འཚོལ་ཕྱིར་བློས་གཏོང་གིས་འཁྱམ་ཉུལ་གྱི་འཚོ་བ་རོལ། རི་ངོས་སུ་ཡང་ཞིང་སྲབ་པའི་གུར་དུ་སློབ་མ་མང་པོ་དང་མཉམ་དུ་བཞུགས་པའི་རྣལ་འབྱོར་བ་ཀུ་མ་ར་ཛ་དང་མཇལ་རྗེས་ཁོང་གི་འཚོལ་སྙེགས་དེ་མཇུག་རྫོགས། ངག་གི་དབང་པོ་སློབ་མར་བླངས་ཤིང་། ཁོང་ཟླ་འགའ་རེའི་མཚམས་སུ་གནས་སྤོར་ནས་བསྐྱོད་མཁན་སེམས་ཐག་གཙང་བཅད་ཀྱི་སྒོམ་མཁན་དེ་དག་གི་གྲས་སུ་འཛུལ། རྗེས་ཀྱི་ལོ་ངོ་དེ་དག་གི་རིང་ལ་ཀུ་མ་ར་ཛའི་ཞབས་ནས་རྫོགས་ཆེན་སློབ་གཉེར་གནང་། མཐའ་མར། ཁོང་རང་གི་དགེ་རྒན་ལས་ལྷག་པ་ཞིག་བྱུང་སྟེ་ཕར་ཕྱིན་ཆེན་པོའི་སྐོར་ཆ་ཚང་ཞིག་བྲིས་གནང་མཛད། ངག་གི་དབང་པོ་དུས་རབས་ཀུན་གྱི་བོད་ཀྱི་མཁས་ཆེན་དུ་གྱུར་བ་དང་། ལྷག་པར་དུ་སློབ་སྦྱོང་གི་མཚན་གནས་ཀློང་ཆེན་རབ་འབྱམས་པ་ཞེས་གྲགས་ཞིང་བསྡུས་ན་ཀློང་ཆེན་པར་འབོད།

ད་ལྟ་ཁྱོད་ཀྱིས་ཀ་རྩོམ་གྱི་ལམ་ནས་བྲིས་ཤིང་ཚེག་བར་བདུན་དང་ལྡན་ལ་ཚིག་རྒྱན་གྱི་ཕྱུག་པའི་སྙན་རྩོམ་རྙོག་འཛིངས་ཅན་འདི་སྒྲུང་དུ་བསྟན་པ་ལྟར་བྲེལ་འཚུབ་ཀྱིས་བྲིས་གནང་བའི་བསམ་བློ་མི་འདྲ་བ་ཞིག་འཁོར་སྲིད། འོན་ཀྱང་འདི་རུ་ལོ་རྒྱུས་སུ་༼བོད་ཀྱི་ལོ་རྒྱུས་ཁོ་ན་མིན་པར་༽ སྙན་གྲགས་ཆེ་ཤོས་ཀྱི་སྙན་ངག་པ་དང་གྲུབ་མཐའ་སྨྲ་བ། ཟབ་ཆོས་ཀྱི་མཁས་པའི་དབང་པོ་ཞིག་གི་སྐོར་ལ་གླེང་བཞིན་པ་བརྗེད་མི་རུང་། པོད་དུ་མ་ཅན་གྱི་ཁོང་གི་གསུང་རྩོམ་གྱིས་བསྟན་པའི་གནད་དོན་གཅིག་ནི་རྩོམ་རྩལ་གྱིས་སྐུལ་པའི་སྙན་ངག་ནི་ཀློང་ཆེན་པའི་རང་བཞིན་གཉིས་པ་ཡིན་པ་དེ་རེད། གསང་ཕུ་ནས་ཕྱོགས་ཐོན་བྱེད་དགོས་པའི་རྒྱུ་རྐྱེན་དུ་གྱུར་བའི་ཁོང་ཁྲོ་དེས་སྐུལ་བས་ཀློང་ཆེན་པ་སར་བཞུགས་ཏེ་དུས་ཚོད་ཧ་ཅང་ཐུང་ངུའི་ནང་ཚིགས་བཅད་འདི་བྲིས་གནང་པའི་དོན་དག་གཅིག་པུ་འདི་ལ་ང་རང་དོགས་པ་རྩ་བ་ནས་མེད།

ངས་བསམ་ཚུལ་ལ་ང་ཚོས་སྙན་རྩོམ་འདིས་གང་ཞིག་ལ་དམིགས་པ་དེར་སེམས་ལྷོད་པོའི་ངང་ནས་བལྟས་ཀྱང་ཆོག་པར་སྙམ་ལ། འདི་ནི་ཀློང་ཆེན་པའི་མི་ཚེའི་ཆ་ཤས་ངེས་ཅན་ཞིག་ཏུ་བྱུང་བ་ཡིན་པ་ཡང་དྲན་དགོས། གལ་ཏེ་གང་ས་གང་དུ་ས་ཕྱོགས་ཀྱི་འཐེན་འཁྱེར་ཡོད་པ་ལྟར། བོད་དུའང་ས་ཕྱོགས་ཀྱི་འཐེན་འཁྱེར་ཡོད་ན། འདི་དག་ལས་ཕ་རོལ་དུ་ཕྱིན་པའི་ཐབས་ལམ་ཡང་ཡོད་པ་རེད། ཀློང་ཆེན་པའི་གསུང་རྩོམ་གཞན་དག་ཏུ་བཀག་རྒྱ་ཐམས་ཅད་ལས་ཕ་རོལ་དུ་ཕྱིན་པའི་གདམས་ངག་སྙན་ཞིང་འཇེབས་པའི་ངང་བརྩམས་གནང་མཛད་ཡོད་ཕྱིར། ངས་ཁོང་གིས་རང་ཉིད་ཀྱི་བླ་མ་ཀུ་མ་ར་ཛར་ཕུལ་བའི་སྙན་ངག་ཅིག་ལས་ཚིག་རྐང་འགའ་དྲངས་ཏེ་མཇུག་བསྡུ་རྒྱུ་ཡིན།

བདག་དང་སྣ་ཚོགས་སྲིད་པའི་སེམས་ཅན་རྣམས།།
ཡེ་ནས་རྣམ་དག་སངས་རྒྱས་ཡིན་པ་ལ།།
རིག་དང་མ་རིག་ཞེས་བྱའི་ཐ་སྙད་ཀྱིས།།
སྲིད་པར་འཁྲུལ་པ་རྨི་ལམ་སྒྱུ་མ་ཙམ།།
འཁྲུལ་དང་མ་འཁྲུལ་གཉིས་མེད་རྒྱལ་བའི་སྐུ།།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ཤེས་རབ་ཅན་གྱི་མཁས་པ་དང་སྐུར་བ་བཏབ་པའི་འཕྲིན་ཡིག

  1. ཀླུ་སྨྱོན་ ནས།

    ངས་སྔོན་ཆད་ཁོང་ལ་བྲིས་པའི་སྙན་རྩོམ་ཞིག་ཏུ།
    ཁམས་པ་གཏུམ་པོས་གྲྭ་ཤག་བདུན་དུ་བསྐྲད། །
    ལྷན་པ་དགུ་བརྩེགས་གོས་ལ་ཁྱི་ཡང་སྡང་། །
    དགུན་འཁྱག་སྒྱེ་མོ་གྱོན་ནས་དཀའ་སྡུག་མྱངས། །
    ཨ་མའི་བུ་རྒོད་ཀློང་ཆེན་རབ་འབྱམས་དྲན། །།ཞེས་བྲིས་ཡོད།

  2. བསྟན་འཛིན་དོན་གཅིག་ ནས།

    ཀློང་ཆེན་རབ་འབྱམས་པ་གསང་ཕུ་ནས་ཕེབས་པ་དང་། གོང་ས་མཆོག་ནོར་བུ་གླིང་ནས་ཕེབས་པ་འདྲ་བོ་འདུག རྐྱེན་ངན་ལམ་དུ་ལོང་བར་བྱིན་གྱིས་རློབས་ཅེས་པ་ལྟར་སྐྱེ་བོ་དམ་པར་ཚང་མ་འགྲོགས་ལ་འགྱུར་བ་འདི་ངོ་མཚར་ཆེ།

Write a Reply or Comment

Your email address will not be published. Required fields are marked *

*