རྒྱལ་སྲས་ཚོའི་སྒྲིག་ལམ།(དང་པོ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲིན་ལེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

གླེང་སློང་དང་ཚོད་དཔག་གང་མང་བྱས་བའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དེ་སྔར་སྲོལ་ལྟར་ཆབ་སྲིད་དབྱེ་ཞིབ་ཀྱི་གདངས་དབྱངས་ཁྲོད་ནས་མཇུག་བསྡུས་སོང་། ཆབ་སྲིད་ཀྱི་
ཁོར་ཡུག་དེའི་ཁྲོད་ནས་གཞི་རྩ་མེད་པའི་ཚོད་དཔག་དང་། བཟང་ཕྱོགས་ལ་གཏད་པའི་རེ་བ་དེའང་ཁྱད་གསོད་ལྟ་བུ་ཞིག་ཆགས་སོང་། རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་ཞི་ཤི་ཅེན་ཕེང་གིས་འགོ་ཁྲིད་པའི་དཔོན་རིགས་ཚོའི་མིང་ཐོ་ཁྱབ་བསྒྲགས་མ་བྱས་བའི་གོང་དུ་རྒྱ་ནག་ནང་ཁུལ་དང་ཕྱི་རྒྱལ་གྱི་དཔྱད་བརྗོད་པ་ཚོས་ཧོའོ་དང་ཅང་གི་ཤོག་ཁག་གཉིས་ཀྱི་དབར་དུ་དབང་ཆ་འདྲ་མཉམ་གྱི་ཚད་གཞི་ཞིག་མུ་མཐུད་པའི་ཚོད་དཔག་བྱས་ཀྱང་། མཇུག་ཏུ་བྱུང་བའི་འབྲས་བུ་ནི་ཡ་མཚན་སྐྱེ་གཞི་ཆེན་པོ་ཞིག་ཆགས་པ་རེད། ཅང་གི་ཤོག་ཁག་ལ་རྒྱལ་ཁ་ཆེན་པོ་ཐོབ་པས།ཆེས་མཐོའི་དཔོན་རིགས་བདུན་གྱི་ནང་གི་རྐུབ་སྟེགས་དྲུག་ཁོང་ཚོར་རག་པ་དང་། ཧོའོ་ཡི་ཤོག་ཁག་གི་དཔོན་རིགས་ལེས་ཁི་ཆང་གཅིག་པུ་ཆེས་མཐོའི་ཐག་གཅོད་བྱེད་པའི་དབང་ཆ་འདིའི་ནང་དུ་སླེབས་པ་དང་། འདི་ལོའི་ཕྱི་ཟླ་གསུམ་པའི་ནང་དུ་རྒྱ་ནག་གི་སྲིད་བློན་གྱི་འགན་ལེན་གྱི་རེད།

པོ་ཞེ་ལེ་ཡི་དོན་རྐྱེན་དང་དམར་ཤོག་ལ་འཕྲད་པའི་དཀའ་ངལ་གྱི་རྐྱེན་པས། མི་མང་པོ་ཞིག་གིས་ཚོད་དཔག་བྱས་དོན་ལྟར་ན། དམར་ཤོག་ཚོགས་པའི་ཉམས་ཉེས་ཕྱིན་པའི་རང་གཟུགས་ཏེ་བསྐྱར་གསོ་ཡོང་ཆེད་དང་། ཁྲིམས་མཐུན་གྱི་སྒོ་ནས་དབང་བསྒྱུར་བའི་གོ་ཐོབ་ཡོད་པ་སྟོན་ཆེད། རྒྱ་ནག་དབང་འཛིན་པ་ཚོས་བརྗོད་གྱིན་པའི་ཆབ་སྲིད་ཚོགས་པའི་ནང་ཁུལ་གྱི་མང་གཙོ་ཞེས་པ་དེ་ལ་བརྟེན་ནས་འོས་བསྡུའི་མ་ལག་ཞིག་གསར་གཏོད་བྱ་སྲིད་པའི་ཚོད་དཔག་བྱས་པ་རེད། དཔེར་ན། གནད་དོན་དབྱེ་ཞིག་པ་ཁག་ཅིག་གིས་དམར་ཤོག་ཚོགས་པས་འོས་མི་མང་པོས་ཁྲོད་ནས་རྒྱུན་ལས་དཔོན་རིགས་ཉི་ཤུ་རྩ་ལྔ་དེ་གདམ་སྲིད་པའི་ཚོད་དཔག་བྱས་ཀྱང་དེ་འདྲའི་ཚད་མཐོའི་འོས་འདེམས་ཤིག་མ་བྱུང་བ་རེད། དཔོན་རིགས་གསར་བ་དེ་ཚོ་ནི་སྔར་གྱི་སྲོལ་རྒྱུན་རྙིང་བའི་ལམ་ནས་ཆབ་སྲིད་པ་རེ་ཟུང་གི་གཡོ་ཐབས་ཀྱི་སྒམ་ཆུང་ནག་པོའི་ནང་ནས་བྱུང་བ་རེད། (དཔེར་ན། རྒྱུན་ལས་རྙིང་པ་ཁག་དང་། ལས་འཁྱུར་ངལ་གསོ་བྱས་བའི་དཔོན་རིགས་ཁག་གི་ལྐོག་གཡོ་ངན་ཇུས་ཤུགས་ཆེན་བྱས་ཡོད་པའི་ཁྲོད་ཀྱི་ཆེས་མངོན་གསལ་དོད་ཤོས་ནི་ལོ་༨༦་ཅན་གྱི་སྲིད་འཛིན་ཟུར་བ་ཅང་ཙེ་མིན་ཡིན།)

ད་དུང་དེའི་ཁར་དཀའ་རྙོག་གཅིག་ཡོད་པ་ནི། རྒྱུན་ལས་དཔོན་རིགས་གསར་བ་བདུན་གྱི་ནང་གི་བཞི་ནི་རྒྱལ་སྲས་དག་རེད། ཁོང་ཚོ་ནི་གསར་བརྗེའི་དམག་མི་བྱས་རྗེས་ཅན་ནམ་གོ་གནས་མཐོ་བའི་དཔོན་རིགས་ཁག་ཅིག་གི་ཁྱིམ་རྒྱུད་ལས་བྱུང་བ་ཤ་སྟག་ཡིན། ད་ལྟའི་ཆར་ཆེས་མངོན་གསལ་དོད་ཤོས་ཀྱི་གནད་དོན་ཞིག་ནི་དཔོན་རིགས་ཚོས་གོ་ས་བེད་སྤྱད་དེ་གཞུང་རྒྱུ་སྒེར་བདག་བྱེད་བཞིན་པ་དེ་རེད། དཔོན་རིགས་ཚོའི་ནང་དུ་རྒྱལ་སྲས་ཀྱི་གྲངས་ཀ་སྔར་བྱུང་མ་མྱོང་བ་ཞིག་ཡོད་པ་དེས་རྒྱ་ནག་ནང་དུ་གོ་ས་དང་རྒྱུ་ནོར་གཉིས་ཀྱི་ངོ་བོ་གཅིག་ཏུ་འདུ་བཞིན་པའི་སྣང་ཚུལ་དེར་མི་མང་གི་འཁོན་སེམས་ཀྱི་ཤུགས་ཇེ་ཆེར་སློང་སྲིད་པ་རེད།

དེར་བརྟེན། རྒྱ་ནག་གི་ཆེས་མཐོིའི་ཆབ་སྲིད་ཀྱི་ཁེ་དབང་ནི་རྒྱལ་སྲས་ཚོའི་དབང་ཤུགས་ཇེ་བརྟན་དུ་འགྲོ་བའི་དུས་རབས་ཀྱི་རྣམ་པ་ཞིག་མངོན་གྱི་འདུག་པས། རྒྱ་ནག་གི་འགོ་ཁྲིད་གསར་བ་ཚོར་མཚོན་ན་འདི་ནི་རང་བཞིན་དང་རྙོག་འཛིང་གི་དྲི་བ་གལ་ཆེན་ཞིག་རེད། ཧོའོ་ཡི་ཤོག་ཁག་ལ་ཕམ་ཉེས་ཆེན་པོ་འདི་འདྲ་ཞིག་བྱུང་བའི་རྐྱེན་གང་ལ་ཐུག་ཡོད་དམ། དྲུག་ཆ་གཅིག་གི་གི་ཐོབ་ཤོར་འདིས་རྒྱ་ནག་གི་ཆབ་སྲིད་འདི་ཤོག་ཁག་ཆབ་སྲིད་ཀྱི་ངོ་བོ་ལས་རྒྱལ་ཁ་ཐོབ་མཁན་གཅིག་གིས་དབང་བསྒྱུར་བའི་ལམ་ལུགས་ཤིག་ལ་འགྱུར་བ་ཕྱིན་པ་རེད་དམ། དམར་ཚོགས་ཚོགས་པའི་ནང་གི་དོ་མཉམ་མེད་པའི་ཤོག་ཁག་དཔོན་རིགས་ཀྱི་གྲུབ་ཆ་འདིས་དཔོན་རིགས་ཚོའི་དབར་གྱི་མཐུན་སྒྲིལ་དང་མཉམ་ལས་གྱི་གནས་བབ་ཇེ་ཞན་ཏུ་ཕྱིན་ནས་སྤྱི་ཚོགས་དང་ཆབ་སྲིད་བརྟན་བརླིང་ལ་གནོད་སྐྱེལ་གྱི་རེད་དམ། རྒྱ་སྲས་དཔོན་རིགས་ཚོའི་ཁྱད་ཆོས་གཙོ་བོ་ཏེ་གང་ཡིན་ནམ། ང་ཚོས་ཞི་ཅིན་ཕེང་གི་འགོ་ཁྲིད་འོག་དཔལ་འབྱོར་སྲིད་ཇུས་དང་། ཆབ་སྲིད་བཅོས་བསྒྱུར། ཕྱི་འབྲེལ་གྱི་གནད་དོན་གང་འདྲ་ཞིག་ལ་རེ་བ་རྒྱག་ཆོག་གི་རེད། གསར་དུ་གོ་སར་འཛེགས་པའི་རྒྱ་ནག་གི་དཔོན་རིགས་འདི་ཚོས་རྒྱ་ནག་གི་ཁ་གང་དུ་ཕྱོགས་ཡོད་མེད་སྟོན་ཐུབ་ཀྱི་རེད་དམ།

རྒྱ་ནག་གིས་རྒྱལ་སྤྱིའི་དཔལ་འབྱོར་དང་ས་ཁུལ་གྱི་བདེ་འཇགས་ཀྱི་ནང་དུ་གོ་བབ་ཆེན་པོ་ཞིག་བཟུང་ཡོད་པས་རྒྱ་ནག་རྒྱལ་ཁབ་རང་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པའི་སྐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ད་ལྟ་གསར་དུ་ཐོན་གྱིན་པའི་འགོ་ཁྲིད་ཚོིའི་ནང་དུ་ཡོད་པའི་དངངས་སྐྲག་དང་སྒུལ་ཤུགས་དག་ཧ་གོ་རྒྱུ་ནི་ཧ་ཅང་གལ་ཆེན་རེད། རྒྱལ་སྲས་ཚོས་རྒྱ་ནག་དབང་བསྒྱུར་ཇི་ལྟར་བྱེད་པ་དང་། ལྷག་པར་དུ་གཞུང་དང་མི་མང་དབར་གྱི་འབྲེལ་ལམ་གང་འདྲ་ཆགས་མིན་དེས་རྒྱལ་མཚམས་བརྒལ་བའི་ཤུགས་རྐྱེན་ཞིག་ཡོང་རྒྱུ་ཡིན་པ་ནི་སྨྲོས་མ་དགོས་བ་ཞིག་རེད།

ཆབ་སྲིད་ཚོགས་པ་གཅིག། མཉམ་འབྲེལ་ཤོག་ཁག་གཉིས།

རྒྱ་ནག་ནི་ཆབ་སྲིད་ཚོགས་པ་གཅིག་ཅན་གྱི་རྒྱལ་ཁབ་ཅིག་སྟེ། དམར་ཤོག་ཚོགས་པས་དབང་ཆ་གཅིག་སྡུད་བྱས་ཡོད་ཀྱང་། འགོ་ཁྲིད་ཚོ་ནི་ཀ་རྡོ་གཅིག་གི་སྟེང་གི་ཀ་བ་ལྟ་བུ་ཞིག་མིན། དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་ལྟ་བ་དང་། ཆབ་སྲིད་ཀྱི་སྐྱིད་སྡུག། ཆབ་དཔལ་གྱི་རྒྱབ་ལྗོངས། སྲིད་ཇུས་ཀྱི་དགའ་མོས་སོགས་མི་འདྲ་བ་ཡིན། ༡༩༩༠་སྨད་ནས་བཟུང་དམར་ཤོག་ཚོགས་པའི་ནང་དུ་ཆབ་སྲིད་ཀྱི་ཤོག་ཁག་མི་འདྲ་བ་གཉིས་ཀྱིས་དབང་ཆ་དང་ཤུགས་རྐྱེན། སྲིད་ཇུས་འདིང་བའི་སྟངས་འཛིན་བཅས་ཀྱི་ཐད་ནས་འགྲན་རྩོད་བྱས་ཡོད།

དམར་ཤོག་ཚོགས་པའི་ནང་དུ་ཆབ་སྲིད་ཀྱི་ཡལ་ག་གཉིས་རྒྱས་པ་འདིས་ཐག་གཅོད་བྱེད་པའི་བརྒྱུད་རིམ་ཁྲོད་དུ་སྟངས་འཛིན་དང་དྲང་སྙོམས་ཀྱི་ལམ་ལུགས་ལྟ་བུ་ཞིག་ཆགས་པ་རེད། འོན་ཀྱང་། ལམ་ལུགས་འདི་ནི་མང་གཙོའི་ཁྲིམས་ཀྱི་དབང་བསྒྱུར་ལམ་ལུགས་འོག་ཡོད་པའི་མང་གཙོའི་ཀ་བ་གསུམ་གྱི་དབར་ལ་ཡོད་པའི་སྟངས་འཛིན་དང་དྲང་སྙོམས་ཀྱི་ལམ་ལུགས་ལྟ་བུ་ཞིག་ལ་བསྡུར་ཐབས་མེད་པ་ནི་ཨ་ཅང་ཅང་། འོན་ཀྱང་། ཆབ་སྲིད་ཚོགས་པ་གཅིག་ལ་ཤོག་ཁག་གཉིས་ཀྱི་སྒྲོམ་གཞི་གསར་བ་འདིས་མོ་ཙེ་ཏུང་དང་ཏིང་ཞོ་ཕིན་སྐབས་ཀྱི་དབང་ཆ་གཅིག་སྡུད་ལམ་ལུགས་སྐབས་ཀྱི་མི་གཅིག་གི་དབང་ཤུགས་དང་ཁ་ཐག་ཇེ་རིང་དུ་བཏང་བ་རེད། དམར་ཤོག་ཚོགས་པའི་ནང་གི་ཤོག་ཁག་གཉིས་ནི་དེ་སྔོན་ཅང་ཙི་མེན་གྱིས་འགོ་ཁྲིད་པ་དང་ད་ལྟའི་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་ཡོད་པའི་མཐོ་རིམ་སྤྱི་ཚོགས་ཀྱི་སྡེ་དང་། ཚོགས་ཆེན་བཅོ་བརྒྱད་པའི་སྔོན་དུ་ཧོའི་ཅིན་ཐོ་ཡིས་འགོ་ཁྲིད་ཅིང་ད་ལྟ་ལེས་ཁི་ཆིང་གི་སྣེ་ཁྲིད་འོག་གི་དམའ་རིམ་སྤྱི་ཚོགས་ཀྱི་སྡེ་གཉིས་རེད།

ཤོག་ཁག་འདི་གཉིས་ཀྱིས་སྤྱི་ཚོགས་དཔལ་འབྱོར་དང་ས་ཁམས་གནས་བབ་མི་འདྲ་བ་གཉིས་མཚོན་གྱི་ཡོད།མཐོ་རིམ་སྤྱི་ཚོགས་སྡེ་ཁག་གི་དཔོན་རིགས་མང་ཆེ་བ་ཞིག་རྒྱལ་སྲས་རེད། རྒྱལ་སྲས་མང་ཆེ་བའི་ལས་ཀའི་འགོ་འཛུགས་ས་ནི་རྒྱ་ནག་གི་དཔལ་འབྱོར་ཡར་ཐོན་ཅན་གྱི་གྲོང་ཁྱེར་ཁག་ཡིན་ལ། ཚོགས་སྡེ་འདིས་རྒྱུན་དུ་རྒྱ་ནག་གི་ཁེ་ལས་དང་འབྱོར་འབྲིང་གྲལ་རིམ་མཚོན་གྱི་ཡོད། དེ་ལས་ལྡོག་སྟེ། དམའ་རིམ་སྤྱི་ཚོགས་ཀྱི་ཚོགས་སྡེ་ནི་འཁོས་འབྱོར་ཞན་པའི་ཁྱིམ་ཚང་ནས་འོང་བ་དང་། ཁོང་ཚོས་ལས་ཀ་ཡང་ཡར་རྒྱས་དེ་ཙམ་ཕྱིན་མེད་པའི་ནང་ལོགས་ཀྱི་ཞིང་ཆེན་ཁག་ནས་བསྒྲུབ་འགོ་བཙུགས་ཡོད། ཁོང་ཚོའི་ནང་གི་དཔོན་རིགས་མང་དག་ཅིག་གིས་ཆབ་སྲིད་ཀྱི་ཐེམ་སྐས་ལ་འཛེགས་པའི་གོམ་ཁ་དམར་ཤོག་ཚོགས་པའི་ན་གཞོན་མཐུན་ཚོགས་བརྒྱུད་ནས་ཡོང་བ་ཡིན་པས། ཁོང་ཚོར་མཐུན་ཕྱོགས་ཤོག་ཁག་ཅེས་མིང་བཏགས་ཡོད། ཁོང་ཚོས་དུས་རྒྱུན་དུ་དམའ་རིམ་སྤྱི་ཚོགས་ཁྲོད་ཀྱི་ཞིང་པ་དང་། གནས་སྤོར་བྱས་བའི་ངལ་རྩོལ་བ། གྲོང་ཁྱེར་དབུལ་བོ་ཚོའི་ཁེ་ཕན་ཆེད་དུ་ནུས་བ་འདོན་ཐབས་བྱེད་ཀྱི་ཡོད།

དམར་ཤོག་ཚོགས་པའི་ནང་ཁུལ་གྱི་ཤོག་ཁག་སྐོར་གྱི་གནད་དོན་ཁག་ཅིག་གསལ་བོ་རེད། རྒྱ་ནག་གི་དེང་སྐབས་ཀྱི་ཤོག་ཁག་ལས་གྲུབ་པའི་ཆབ་སྲིད་འདི་མི་མང་གི་མིག་མདུན་དུ་ལྐོག་གྱུར་གྱི་ངོ་བོར་ལྷག་མེད་ཀྱང་ཕྱི་གསལ་ནང་གསལ་ཞིག་མིན། རྒྱ་ནག་དམངས་འཐུས་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཡར་སྔོན་དུ་ལོ་ངོ་ཁ་ཤས་རིང་རང་ཉིད་ཀྱི་གོ་ས་འཕར་ཆེད་མངོན་གསལ་དོད་པོས་དྲིལ་སྒྲོག་བྱེད་མཁན་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་པོ་ཞི་ལེ་དང་ཀོང་ཏུང་ཞིང་ཆེན་གྱི་སྤྱི་ཁྱབ་བང་ཡང་གཉིས་ཕུད་པས། སྤྱིར་བཏང་རྒྱ་ནག་གི་དཔོན་རིགས་ཚོས་གོ་ས་འཕར་ཆེད་མངོན་གསལ་དོད་པོས་ཐོག་ནས་མི་མང་གི་མདུན་སར་དྲིལ་སྒྲོག་བྱེད་པའི་ལུགས་སྲོལ་དེ་ཙམ་མེད། ལོ་ངོ་བཅུའི་རིང་ལ་ཉི་ཧོང་གི་དམངས་གཙོ་གུ་ཡངས་ཚོགས་པའི་སྲིད་དབང་སྒེར་འཛིན་(༡༩༥༥ནས་༩༤)བྱས་པ་དང་མི་འདྲ་བར་དམར་ཤོག་ཚོགས་པའི་ཤོག་ཁག་ཆབ་སྲིད་ནི་ད་དུང་དམར་ཤོག་ཚོགས་པའི་བཅའ་ཁྲིམས་ནང་དུ་ཁྲིམས་མཐུན་ཆགས་མེད། དཔོན་རིགས་ཁ་ཤས་ལ་རྒྱལ་སྲས་དང་དམའ་རིམ་སྤྱི་ཚོགས་ཀྱི་སྡེ་ཁག་ནས་ཡོང་བའི་ངོ་བོ་གཉིས་ཆ་ཡོད་ཀྱང་ཁོང་ཚོས་རྒྱུན་དུ་རང་ཉིད་ཀྱི་གོ་ས་འཕར་བའི་བརྒྱུད་ལམ་དང་སྦྱིན་བདག་གཉིས་ཀྱི་ཁོངས་གཏོགས་གཙོ་བོ་གང་ཡིན་ལ་གཞིགས་ཏེ་རང་ཉིད་ཀྱི་ངོ་བོ་ཐག་གཅོད་བྱེད་ཀྱི་ཡོད།

འགྲན་རྩོད་ཆེ་བའི་ཤོག་ཁག་འདི་གཉིས་ཆའི་སོ་སོའི་འཇོན་ནུས་དང་གསང་རྒྱ། ཉམས་མྱོང་བཅས་འདྲ་བོ་མེད་ཀྱང་། ཁོང་ཚོ་དཀའ་རྙོག་ཆེ་བའི་དུས་སྐབས་འདིའི་ནང་དུ་མཉམ་གནས་བྱེད་དགོས་པ་ཧ་གོ་ཡོད། འགྲན་རྩོད་ཀྱི་ངར་ཤུགས་ཆེ་བའི་ཤོག་ཁག་འདི་གཉིས་ཀྱིས་འདས་བའི་ལོ་ངོ་བཅུ་ལྷག་གི་རིང་ལ་ཤོག་ཁག་གི་ཆབ་སྲིད་དབང་ཆ་དོ་མཉམ་གྱི་སྒོ་ནས་རྒྱུན་སྐྱོང་ཐུབ་ཡོད། སྐབས་སྔོན་མའི་དམར་ཤོག་ཚོགས་པའི་རྒྱུན་ལས་དགུ་ནི་ལྔ་ཆ་བཞི་ལས་གྲུབ་ཡོད་པའི་ཁྲོད་ཀྱི་ལྔ་ནི་མཐོ་རིམ་སྤྱི་ཚོགས་སྡེ་ཁག་དང་གཞན་བཞི་ནི་དམའ་རིམ་སྤྱི་ཚོགས་སྡེ་ཁག་གི་ཁོངས་མི་ཡིན།

མུ་འགོད།
(བསྒྱུར་རྩོ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*