རྒྱལ་སྲས་ཚོའི་སྒྲིག་ལམ།(གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲིན་ལེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཧོའོ་ཤོག་ཁག་གི་བསམ་ཡུལ་ལས་འདས་བའི་ཕམ་ཉེས།

ཤོག་ཁག་དབར་གྱི་དབང་ཆ་འདྲ་མཉམ་གྱི་གནས་བབ་དེ་ད་ལྟ་ཉམས་ཉེས་ཕྱིན་ཡོད། སྐབས་སྔོན་མའི་དམར་ཤོག་ཚོགས་པའི་ནང་གི་དཔོན་རིགས་གསུམ་སྐབས་བཅོ་བརྒྱད་པའི་རྒྱུན་ལས་ཀྱི་འོས་མིའི་ཁོངས་སུ་ལོ་ཚད་ཏག་ཏག་ཡོད་པ་གསུམ་གྱི་ཁྲོད་ནས་འདེམས་ཐོན་མ་བྱུང་བ་གསུམ་ཆ་དམའ་རིམ་སྤྱི་ཚོགས་སྡེ་ཁག་གི་ཁོངས་མི་རེད། ཁོང་ཚོའི་ནང་གི་བུད་མེད་འོས་མི་གཅིག་པུ་དེ་རྒྱལ་ཁྱབ་ཀྱི་ལམ་སྟོན་པ་(Li Yuandong)ལེ་ཡན་ཏུང་། ཀོང་ཏུང་ཞིང་ཆེན་གྱི་སྤྱི་ཁྱབ་(Wangyang)བང་ཡང་། དམར་ཤོག་ཚོགས་པའི་རྩ་འཛུགས་སྡེ་ཁག་གི་འགན་འཛིན་ཟུར་བ་(Li yuangchao)ལེ་ཡན་ཁྲོ་བཅས་རེད། ཁོང་གསུམ་གྱི་ནང་ནས་ལྷག་པར་དུ་ལེ་དང་བང་ནི་ལྷག་བསམ་ཆེན་པོས་སྒོ་ནས་ཆབ་སྲིད་བཅོས་བསྒྱུར་དགོས་བའི་འབོད་སྒྲ་སྒྲོག་མཁན་ཉག་གཅིག་ཡིན།

སྐུ་ཞབས་བང་རྒྱུན་ལས་ཀྱི་ནང་དུ་སླེབས་མ་ཐུབ་པའི་རྒྱུ་མཚན་ནི་རྒྱ་ནག་མི་མང་ཚོས་ཧ་གོ་ཐུབ་མདོག་ཁ་བོ་རེད། ལྟ་བ་མཁྲེགས་པའི་དཔོན་རིགས་གང་མང་ཞིག་གིས་ཁོང་ཉེན་ཁ་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སྐུ་ཞབས་བང་གི་ཆབ་སྲིད་ཀྱི་ཁ་གཏད་ཆེ་ཤོས་ནི་པོ་ཞི་ལེ་རེད། ཁོང་གཉིས་ཀྱིས་དབང་ཆ་དང་ཤུགས་རྐྱེན། སྲིད་ཇུས་དྲིལ་བསྒྲགས་བཅས་ཀྱི་ཐད་ནས་འགྲན་རྩོད་དང་འདྲ་མཉམ་ཡོང་ཐབས་བྱེད་ཀྱི་ཡོད། པོ་ཞི་ལེ་ཆབ་སྲིད་ཀྱི་ར་བ་ནས་བཏོན་ཚར་དུས་ལྟ་བ་མཁྲེགས་པའི་དཔོན་རིགས་ཚོས་སྐུ་ཞབས་བང་ཡང་ཉར་འདོད་མེད་པ་རེད། འོན་ཀྱང་། སྐུ་ཞབས་ལེ་ཡང་རྒྱུན་ལས་ཀྱི་ནང་དུ་མ་སླེབས་དེ་ཡ་མཚན་སྐྱེ་གཞི་ཞིག་རེད། ཁོང་གིས་འདས་བའི་ལོ་ངོ་ལྔའི་རིང་ལ་སྐབས་བཅོ་བརྒྱད་པའི་དམངས་འཐུས་སྐུ་ཚབ་རྣམས་འདེམས་པའི་འགན་ཁུར་གྱི་ཐད་ནས་ནུས་པ་ཤུགས་ཆེན་བཏོན་ཡོད། ཁོང་ནི་ཁྲིམས་ཀྱི་དབང་བསྒྱུར་དང་། ཡིད་བརྟན་འཕེལ་བའི་གཞུང་། དམར་ཤོག་ཚོགས་པའི་ནང་ཁུལ་དུ་མང་གཙོའི་ལམ་སྲོལ་དགོས་གལ་ཆེ་བའི་བསམ་ཚུལ་འདོན་མཁན་གཙོ་ཆེ་ཤོས་ཤིག་ཡིན་པས་ཁོང་ལ་ཤེས་ཡོན་པའི་སྡེའི་ནང་དུ་རྒྱབ་སྐྱོར་བྱེད་མཁན་ཡང་མང་པོ་ཡོད། ད་དུང་ཁོང་གིས་ཕྱི་རྒྱལ་ནས་སློབ་མཐར་སོན་པ་རྣམས་བསྡུ་བ་དང་མཐོ་སློབ་མཐར་སོན་པ་རྣམས་གྲོང་གསེབ་ཀྱི་འགོ་ཁྲིད་དུ་བསྐོ་གཞག་བྱེད་པའི་ནུས་པ་ཆེན་པོ་བཏོན་ཡོད།

ལྷག་པར་དུ། དེ་སྔོན་ཅང་ཙི་མིན་དམར་ཤོག་ཚོགས་པའི་སྲིད་འཛིན་གྱི་གོ་ས་ནས་བབས་ཀྱང་དམག་སྤྱིའི་གོ་ས་ལོ་གཉིས་ལ་འཇུས་བའི་ལག་ལེན་ཏེ་ཧོའོ་ཅིན་ཐོའོ་ཡིས་ད་ཐེངས་བློས་གཏོང་བྱས་པས། ད་ལྟ་ཆེས་མཐོའི་དྲག་པོའི་དཔོན་རིགས་ཁྲོད་དུ་ཡོད་པའི་རྒྱལ་སྲས་ཀྱི་གྲངས་ཀ་དེ་སྔ་བྱུང་མྱོང་མེད་པ་ཞིག་རེད། དྲག་པོའི་དཔོན་རིགས་མཐོ་གྲས་བཅུ་གསུམ་ཁྲོད་ཀྱི་བཞི་ནི་རྒྱས་སྲས་ཡིན་པ་དེ་ལོ་ལྔའི་གོང་གི་གྲངས་ཀ་ལས་ལྡབ་གཅིག་གིས་མང་བ་རེད།

འདི་འདྲའི་མཇུག་འབྲས་ཤིག་ཡོང་རྒྱུ་ཡིན་པ་ཧོའི་ཅིན་ཐོ་དང་ཝིན་ཅ་པོ་གཉིས་ཀྱིས་༢༠༡༢་ལོར་གཡོ་ཁྲམ་ཆེ་བའི་རྒྱལ་སྲས་པོ་ཞི་ལེ་བློ་ཐག་ཆོད་པོས་སྒོ་ནས་ཕྱིར་འབུད་བྱས་པའི་སྐབས་ནས་ཤེས་ཡོད། གནད་དོན་འདི་ནི་ཁྲུང་ཆིན་གྲོང་ཁྱེར་གྱི་ཉེན་རྟོག་འགོ་གཙོ་(Wang Lijun)ཝང་ལི་ཅེན་གྱིས་ཁྲུན་ཏིར་ཡོད་པའི་ཨ་རིའི་གཞུང་ཚབ་ལ་མགོ་འདོགས་ཞུས་བ་དང་། དེ་རྗེས་བསྟུད་མར་པོ་ཞི་ལེའི་བཟའ་ཟླའི་དབྱིན་ཇིའི་ཚོང་པ་(Neil Heywood)ནེལ་ཧེ་བོ་ཌི་དམར་གསོད་བཏང་བའི་ནག་ཉེས་ལྷང་ལ་བུད་པ་ནས་བྱུང་ཡོད། པོ་ཞི་ལེར་དྲང་བདེན་ལ་རྡོག་རོལ་དང་དབང་ཆ་བེད་སྤྱོད་ལོག་པར་བཏང་བ། དམར་ཤོག་ཚོགས་པའི་སྒྲིག་ལམ་ལ་རྩིས་མེད་བཏང་བ། ལྐོག་རྔན་སྤྲད་པ་དང་། མི་བསད་པའི་ནག་ཉེས་བཅས་བཀལ་(ཁྲིམས་ཐོག་ནས་ཐག་གཅོད་བྱས་མེད།)ཐུབ་པ་དེ་ནི་ཧོའོ་དང་ཝིན་ལ་མཚོན་ན་ཆབ་སྲིད་འཐབ་རྩོད་ཀྱི་རྒྱལ་ཁ་ཆེན་པོ་ཞིག་རེད།

པོ་ཞི་ལེའི་རྙོག་གླེང་ནི་མཐོ་རིམ་སྤྱི་ཚོགས་ཀྱི་སྡེ་ཁག་ལ་མཚོན་ན་ངོ་ཚ་ཆེན་པོ་ཞིག་རེད། པོ་ཞི་ལེ་གོ་ས་ནས་ཕྱིར་འབུད་བྱས་པའི་རྗེས་སུ་བློ་ཡུལ་ལས་འདས་བའི་འཐབ་རྩོད་གཞན་ཞིག་འབྱུང་སྲིད་དམ། ཅི་ཞིག་གིས་དབང་ཆ་འདྲ་མཉམ་ལ་འགྱུར་བ་ཆེན་པོ་ཞིག་བཏང་བ་རེད། ཆབ་སྲིད་དང་འབྲེལ་བའི་གནད་འགག་ཅན་གྱི་དོན་དག་འདི་ཚོར་ལན་ཡང་དག་ཅིག་ཐེབས་པར་ཆུ་ཚོད་ངེས་ཅན་ཞིག་འགོར་སྲིད་ཀྱང་། གནད་དོན་དེ་དང་འབྲེལ་བའི་མཚོན་རྟགས་ཤིག་སྔ་ནས་ལྷང་ལ་བུད་སོང་།

མཚོན་རྟགས་གཅིག་ནི་རྒྱ་ནག་དབང་འཛིན་པ་ཚོས་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་པོ་ཞི་ལེ་གོ་གནས་ནས་ཕྱིའབུད་བཏང་བའི་ཉིན་གསུམ་གྱི་རྗེས་སུ་བྱུང་བའི་༢༠༡༢་ལོའི་ཟླ་༣་པའི་ཚེས་༡༨་ཉིན་གྱི་རླངས་འཁོར་བརྡབ་སྐྱོན་གྱི་གནད་དོན་རེད། རླངས་འཁོར་བརྡབ་སྐྱོན་དེའི་ནང་གི་ཁ་ལོ་བ་སྟེ། དམག་སྤྱིའི་ལས་ཁུངས་ཀྱི་འགན་འཛིན་དང་ཧོའོ་ཅིན་ཐོ་ཡི་ལས་བྱེད་གཙོ་བོ་(Ling Jihua)ལེན་ཅིས་ཧ་ཡི་བུ་བསད་འདུག བརྡབ་སྐྱོན་ཁྲོད་བུད་མེད་གཞན་གཉིས་ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་ཁྲོད་ནས་གཅིག་སྨན་ཁང་ཞིག་ནས་འདས་གྲོངས་སུ་ཕྱིན་འདུག ལེན་གྱིས་རང་གི་བུ་གྲོངས་བ་མཐོ་རིམ་དཔོན་རིགས་ཚོར་སྦེད་ཐུབ་པ་མ་ཟད་རྒྱ་ནག་བདེ་འཇགས་ལྷན་ཁང་ལ་བཀའ་བཀོད་བཏང་ནས་གནད་དོན་ཕྱི་ལ་མི་གྱར་བའི་ཆེད་དུ་བུད་མེད་དེ་གཉིས་ཀྱི་ནང་མིེར་སྒོར་མོ་མང་པོ་འཇལ་བཅུག་པ་མ་ཟད། རྒྱ་ནག་གི་སྐུ་སྲུང་དང་གསང་བའི་ལས་ཁུངས་ལ་བཀའ་བཏང་ནས་མཐོ་རིམ་དཔོན་རིགས་ཚོས་དོན་དག་དེ་ཧ་མི་གོ་བའི་ཐབས་ཤེས་བྱས་འདུག

ལེན་ཅི་ཧ་ཡིས་རླངས་འཁོར་བརྡབ་སྐྱོན་ཏེ་འགེབས་ཐབས་དང་འབྲེལ་བའི་དཀྲོག་གཏམ་གཉིས་ཁྱབ་པ་རེད། ལེན་གྱིས་གནས་ཚུལ་རྫུན་བཟོ་བྱས་ནས་དྲ་རྒྱར་ཁྱབ་བཅུག་པ་ནི་འདས་གྲོངས་སུ་གྱུར་བའི་ཁ་ལོ་བ་དེ་དམར་ཤོག་རྒྱུན་ལས་ཀྱི་ལས་མི་(Jia Qinglin)ཅ་ཆི་ལེན་གྱི་བུ་རེད་ཅེས་པའི་དཀྲོག་གཏམ་དེ་རེད། ཅ་ཆི་ལིན་གྱིས་དཀྲོག་གཏམ་དེ་གོ་མ་ཐག་ཁོང་ཁྲོ་ཆེན་པོས་གནད་དོན་དེ་ཅང་ཙེ་མེན་གཙོས་བའི་མཐོ་རིམ་དཔོན་རིགས་ཚོར་ཧ་གོ་བཅུག་ཡོད། དཀྲོག་གཏམ་གཞན་ཞིག་ནི་དེ་སྔ་དམར་ཤོག་རྒྱུན་ལས་ཀྱི་ཚོགས་མི་དང་། ཉེན་རྟོག་པའི་སྤྱི་ཁྱབ། སྐད་གྲགས་ཅན་གྱི་རྒྱལ་སྲས་(Zhou Yongkang)ཀྲོ་ཡོང་ཁང་དང་མཉམ་དུ་ཚོང་ཅིག་བརྒྱབ་པ་རེད། ཀྲོ་ནི་པོ་ཞི་ལེའི་གནད་དོན་དང་འབྲེལ་བ་ཆགས་ཡོད་པས། ལེན་གྱི་དགོས་འདུན་ནི་སྟབས་བདེ་ཞིག་རེད། ཀྲོ་ཡིས་རླངས་འཁོར་བརྡབ་སྐྱོན་དེ་འགེབས་རོགས་བྱས་པ་ཡིན་ན། ཁོང་གི་པོ་ཞི་ལེ་དང་འབྲེལ་བའི་གྱོད་དོན་ལ་ཐེ་ཇུས་མི་བྱེད་པའི་ཁས་བླངས་ཡོད་ཅེས་གྲགས་ཡོད།

དཀྲོག་གཏམ་འདི་གཉིས་ནས་གང་ཞིག་བདེན་མིན་ཅི་ལྟར་ཡང་རྙོག་གླེང་འདི་ནི་པོ་ཞི་ལེའི་གྱོད་དོན་གྱི་འཕྲོ་ནས་དམར་ཤོག་ཚོགས་པ་སྒུལ་བའི་ས་ཡོམ་ཆེ་ཤོས་གཉིས་པ་དེ་ཆགས་ཡོད། ལེན་ཅི་ཧ་ནི་ཧོའོ་ཅིན་ཐོ་ཡི་བློ་ཐག་ཉེ་བའི་ཆབ་སྲིད་ཀྱི་ཇུས་འགོད་པ་གཙོ་བོ་ཡིན་པས་ཁོང་གི་གྱོད་དོན་འདིས་ཧོའི་ཡི་འགོ་ཁྲིད་སྐབས་ཀྱི་དབང་ཐང་དང་ཡིད་ཆེས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ཕྱི་ཟླ་བདུན་པའི་ནང་དུ་དམར་ཤོག་རྒྱུན་ལས་ཚོས་ལེན་ནི་དམག་སྤྱི་ཆེན་མོའི་ལས་ཁུངས་ཀྱི་འགན་འཛིན་ལ་བསྐོ་བའི་ཚབ་ཏུ་གནད་འགག་ཆུང་བའི་གོ་གནས་ཤིག་ལ་སྤར་བ་ནི་ཧོའོ་ཡི་ཤོག་ཁག་གིས་དབང་ཆའི་འཐབ་རྩོད་ཁྲོད་དུ་རེ་བ་བྱས་པ་ལས་ཤུགས་རྐྱེན་ཆུང་བ་ཐེབས་རྒྱུ་ཡིན་པའི་འགོ་འཛུགས་ས་ལྟ་བུ་ཞིག་ཆགས་པ་རེད།

གནད་དོན་གཞན་ཞིག་ནི་སྲིད་བློན་ཝིན་ཅ་པོ་ཡི་ནང་མི་ཚོར་ལྐོག་ཟ་རུལ་སུངས་ཀྱི་བྱ་ངན་གཉེར་ཡོད་པའི་ནག་ཉེས་བཀལ་བ་དེ་རེད། ནག་ཉེས་འདིའི་སྐོར་རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་ཕྱི་རྒྱལ་གྱི་གསར་ལམ་ཁག་ཏུ་ཤུགས་ཆེར་ཁྱབ་ཡོད་པའི་ཁྲོད་ནས་ཕྱི་ཟླ་བཅུ་བའི་ནང་ནེའུ་ཡོག་གསར་ཁང་གིས་ཝིན་ཅ་པོ་ཡི་ནང་མི་ཚོས་ཨ་སྒོར་ཐེར་འབུར་༢༧་བདག་བཟུང་བྱས་ཡོད་པའི་སྐོར་དེ་རེད། ཝིན་དང་ཁོང་གི་ནང་མི་ཚོས་ཁྲིམས་འགལ་གྱི་ཚོང་ལས་འདི་རིགས་གཉེར་བ་ནི་དངོས་འབྲེལ་ཡིན་མིན་གསལ་བོ་ཆགས་མེད་པ་མ་ཟད་། ཁོང་ལ་བཀལ་བའི་ནག་ཉེས་དེ་ནི་ཆབ་སྲིད་འཐབ་རྩོད་ཀྱི་ཇུས་ངན་ཞིག་ཡིན་མིན་ཀྱང་ད་དུང་གསལ་བོ་ཆགས་མེད།

ཕྱོགས་གཅིག་ཏུ་ཤོག་ཁག་གི་ནུས་བ་སྐྱེད་བསྲིང་བྱེད་མཁན་གྱིས་སྲིད་བློན་ཝིན་ཅ་པོ་དང་ཕྱོགས་གཞན་གྱི་ལྟ་བ་མཁྲེགས་པའི་ཅང་གི་ཤོག་ཁག་གཉིས་ཀྱི་དབར་ལ་ལྟ་བའི་ཐད་ཀྱི་འགལ་བ་ཡོད་པ་རྒྱ་ནག་མི་མང་ཚོས་ཧ་གོ་གི་ཡོད། འདས་བའི་ལོ་ཤས་རིང་ལ་སྲིད་བློན་ཝིན་ཅ་པོས་ཡང་ནས་ཡང་དུ་འཇིག་རྟེན་ཀུན་ཁྱབ་ཀྱི་མང་གཙོའི་ལམ་ལུགས་ལ་མོས་བ་ཡོད་སྐོར་དང་། ཆབ་སྲིད་ཀྱི་འགོག་རྐྱེན་འདིས་རྒྱ་ནག་གི་དཔལ་འབྱོར་ལ་གྱོང་གུད་ཆེན་པོ་སྟེར་གྱི་ཡོད་པས། རྒྱ་ནག་རྒྱལ་ཁབ་ནང་དུ་ཆབ་སྲིད་ཀྱི་གཞི་རྩའི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་བའི་ནན་སྐུལ་བྱས་ཡོད། ཕྱོགས་གཞན་ཞིག་ནས་སྐབས་སྔོན་མའི་དམར་ཤོག་ཚོགས་པའི་རྒྱུན་ལས་ཀྱི་ནང་གི་གོ་གནས་མཐོ་ཤོས་དང་ཅང་ཤོག་ཁག་གི་ཁོངས་མི་(Wu Bangguo)བོས་པང་ཀོ་ཡིས་ཝིན་གྱིས་བསྒྲགས་པའི་ཆབ་སྲིད་བཅོས་བསྒྱུར་གྱི་གནད་དོན་(འོས་འདེམས། རྩ་ཁྲིམས་ལག་བསྟར། གསར་ལམ་ཞིབ་བཤེར་གྱི་གནད་དོན།)འདི་དག་གིས་རྒྱ་ནག་རྒྱལ་ཁབ་ཆབ་སྲིད་འཕོ་འགྱུར་གྱི་དོང་ནང་དུ་གཡུག་ཉེན་ཡོད་པས་ཐབས་ཤེས་ཡོད་རྒུ་བཏོན་དེ་འགོག་དགོས་ཞེས་ཁ་གཏད་དུ་ལངས་ཡོད།

རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་གསར་དུ་བྱུང་བའི་སྲིད་བློན་ཝིན་ཅ་པོ་ལ་སྐྱོན་བརྗོད་ཀྱི་རླབས་ཕྲེང་དེས་ཝིན་གྱི་སྙན་གྲགས་ཆུ་ལ་གཡུག་པ་དང་། སྐད་གྲགས་ཆོད་པའི་ཁོང་གི་ཆབ་སྲིད་བཅོས་བསྒྱུར་གྱི་རྩ་དོན་དག་ལྕགས་སྒྲོག་ཏུ་བཅུག་ཡོད། ནུས་པའི་ཆ་ནས་ཝིན་ནི་མི་རབས་ལྔ་བའི་བློ་ཁ་མཐུན་པའི་ཆབ་སྲིད་བཅོས་བསྒྱུར་མཁན་(བང་ཡང་དང་ལེ་ཡོན་ཁྲོ་ལྟ་བུ།)དག་གིས་རྒྱབ་སྐྱོར་བ་ཆེ་ཤོས་ཏེ་ཆགས་ཀྱི་ཡོད་པས། འགོ་ཁྲིད་བརྗེ་བསྒྱུར་གྱི་དུས་སྐབས་སུ་བཙན་ཤུགས་ཀྱི་ཁ་ཁུ་སིམ་མེར་སྡོད་བཅུག་ཡོད།

ཐ་ན་དོན་རྐྱེན་འདི་གཉིས་ཕར་ཕུད་པའི་རྗེས་ནས་ཧོའོ་དང་ཝིན་གྱི་སྲིད་གཞུང་ལ་མི་མང་གིས་འདོད་པ་མ་ཁེངས་པ་དང་བློ་ཕམ་ཡོད་པའི་རྣམ་པ་ཤུགས་ཆེར་མངོན་ཡོད། ཧོའོ་ལ་རྒྱ་ནག་ནང་གི་འབྱོར་འབྲིང་གྲལ་རིམ་བརྩིས་བའི་ཆབ་སྲིད་དང་དཔལ་འབྱོར་གཉིས་ཐད་ནས་འཇོན་ནུས་ལྡན་པའི་མི་མང་ཚོས་ཁོང་གིས་ཉབ་བེ་ཉོབ་བེ་བྱས་ཏེ་དོན་ཕན་ལྡན་པའི་གཞུང་ཞིག་སྣེ་ཁྲིད་མ་ཐུབ་པར་སྐྱོན་བརྗོད་བྱས་ཡོད་པ་ནི་དྲ་ཐོག་གི་ཟིན་བྲིས་དང་རྒྱུན་ལྡན་གྱི་ཁ་བརྡའི་ནང་དུ་ཁྱབ་ཡོད། སྲིད་བློན་ཝིན་ཅ་པོ་ལ་ཡང་མི་མང་གི་མདུན་དུ་སྐད་ཅོར་རྒྱག་རྒྱུར་མཁས་བ་ལས་དགོས་མཁོའི་གནད་དོན་ཞིག་བསྒྲུབས་ཐུབ་མེད་ཅེས་སྐྱོན་བརྗོད་བྱས་ཡོད། རྒྱ་ནག་མི་མང་ནང་དུ་སྐད་གྲགས་ཆོད་པའི་ཤེས་ལྡན་མི་སྣ་མང་པོ་ཞིག་གིས་ཁོང་གཉིས་ཀྱིས་སྣེ་ཁྲིད་པའི་ལོ་བཅུ་ནི་བོར་བརླག་ཏུ་ཕྱིན་པའི་དུས་ཚོད་ཞིག་ཡིན་པའི་བསྒྲགས་གཏམ་སྤེལ་ཡོད།

ཧོའོ་ལ་སྐྱོན་བརྗོད་ཡོང་གཞི་མང་པོ་གཅིག་ནི་ཁོང་གི་དུས་སྐབས་སུ་སྲིད་ཇུས་ཀྱི་དགོས་དམིགས་གཙོ་བོ་ཏེ་སྤྱི་ཚོགས་རྙོག་གླེང་ཞི་འཇགས་དང་དབུལ་ཕྱུག་སྙོམས་ཆེད་ས་བསྒྲགས་གནམ་བསྒྲགས་བྱས་བའི་འཆམ་མཐུན་སྤྱི་ཚོགས་ཞེས་པར་འབྲས་བུ་སྨིན་རྒྱུ་ཕར་ཞོག་ཡོང་འབབ་ཀྱི་ཧེ་བག་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། འཛམ་གླིང་དངུལ་ཁང་དང་རྒྱ་ནག་ལྷོ་ནུབ་དཔལ་འབྱོར་གཙུག་ལག་སློབ་ཆེན་གཉིས་ཀྱིས་ཞིབ་འཇུག་རྙེད་དོན་ལྟར་ན། ༢༠༠༢་ནས་བཟུང་སྤྱི་ཚོགས་བརྟན་ལྷིང་མེད་པའི་ཉེན་ཚད་དེ་༢༠༠༩་ལོའི་༠།༤༨་ནས་༢༠༡༠་ལོར་༠།༦༡་བར་འཕར་ཡོད་པ་དང་། ཉམས་ཞིབ་པ་ཚོས་སྤྱི་ཚོགས་བརྟན་ལྷིང་ལ་ཤུགས་རྐྱེན་ཐེབས་པའི་གཞི་རྩའི་ཚད་ཐིག་༠།༤༤་ལས་བརྒལ་ཡོད་པ་བསྟན་འདུག ལྷག་པར་དུ་ནང་ཁུལ་ཞོད་འཇགས་ཀྱི་ཆེད་དུ་བཏང་བའི་འགྲོ་སོང་ཤུགས་ཆེར་འཕར་བ་དང་། ༢༠༡༠་ལོར་ཐོག་དང་པོར་ནང་ཁུལ་ཞོད་འཇགས་ཀྱི་འགྲོ་སོང་དེ་ཨ་སྒོར་ཐེར་འབུམ་༨༤་ཙམ་ཡིན་པས་རྒྱལ་སྲུང་འགྲོ་སོང་ལས་བརྒལ་ཡོད།

ཕྱི་འབྲེལ་སྲིད་ཇུས་ཀྱི་ཐད་ནས་ཁོང་གི་“ཁྱིམ་མཚེས་བཟང་པོའི་སྲིད་ཇུས་”དེ་ཡང་ལམ་ལྷོངས་མ་བྱུང་བ་མ་ཟད་ས་མཚམས་དང་རྒྱ་མཚོའི་གཡས་གཡོན་བརྩིས་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ནང་དུ་རྙོག་གླེང་དང་ཡིད་ཆེས་མེད་པ་ཤུགས་ཆེན་བཟོས་ཡོད། ད་ལྟ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་རྒྱ་ནག་གི་དབང་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ཀྱང་། རྒྱལ་སྤྱིའི་ཁོར་ཡུག་རྙོག་འཛིང་ལྡན་པ་ཞིག་ལ་གདོང་ལེན་བྱེད་དགོས་བའི་ཁར་མཐུན་གྲོགས་ཁ་ཤས་ཤིག་ལས་མེད།

ཧོའོ་ཡི་སྲིད་གཞུང་བཟུང་བའི་དུས་ཡུན་གྱི་འབུར་དུ་ཐོན་པའི་གནད་དོན་ཞིག་ནི། འབྱོར་འབྲིང་གྲལ་རིམ་གྱི་མི་ཚོས་རྟག་ཏུ་དམའ་རིམ་སྤྱི་ཚོགས་ཀྱི་ཁེ་ཕན་ཆེད་དུ་འབད་བརྩོན་བྱས་ཡོད་པའི་ངོ་སོ་དང་། ཁོང་ཚོའི་ནང་དུ་སྐོར་བ་བརྒྱབ་ནས་བསྡད་པའི་གནད་དོན་གཞན་ཞིག་ནི་སློབ་མཐར་སོན་པའི་འབྱོར་འབྲིང་གྲལ་རིམ་གྱི་བུ་ཕྲུག་ཚོའི་ལག་ཏུ་བྱ་བ་རག་གི་མེད་པའི་དཀའ་ངལ་རེད། ལོ་རྟག་པར་སློབ་ཕྲུག་ས་ཡ་གཉིས་ཙམ་ལས་མེད་ཆགས་ཀྱི་ཡོད། སྔོན་མར་གཞུང་ཞབས་ཚོས་ལས་ཀ་བཞག་སྟེ་སྒེར་གཉེར་བཟོ་གྲྭར་ལས་ཀ་བྱེད་དུ་སོང་བའི་གནས་བབ་ལས་ལྡོག་སྟེ། གཞུང་ཞབས་འཛུལ་རྒྱུགས་གཏོང་སའི་ས་མིག་བརྒྱ་ཆ་༡།༩་ཙམ་མར་ཟགས་འདུག འདིས་སྒེར་གཉེར་བཟོ་གྲྭའི་གྲངས་ཀའང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་གསལ་བོ་སྟོན་གྱི་འདུག

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*