རྒྱལ་སྲས་ཚོའི་སྒྲིག་ལམ།(གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲིན་ལེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འོན་ཀྱང་། ཧོའོ་ཡི་དུས་སྐབས་ལ་ཚིག་ཐག་ཆོད་པོས་སྒོ་ནས་སྡོམ་ཚིག་རྒྱག་རྒྱུ་ནི་ཅུང་སྔ་དྲགས་པ་རེད། དཔེར་ན། ཧོའོ་ཡི་དུས་སྐབས་སུ་བྱུང་བའམ་ཐག་གཅོད་བྱེད་མ་ཐུབ་པར་ལྷག་པའི་གནད་དོན་ཁག་ལ་གཞི་རྩའི་སྒྲོམ་གཞིའི་གནད་འགག་ཅིག་ཡོད་སྲིད་པས་ཁོང་གིས་སྟངས་འཛིན་བྱེད་ཐབས་བྲལ་བ་ཞིག་ཡིན་རྒྱུ་རེད། གོང་དུ་བཀོད་པའི་སྐྱོན་བརྗོད་དེ་ཚོའང་དཔྱད་བརྗོད་པ་དང་འབྱོར་འབྲིང་གྲལ་རིམ་ལྟ་བུའི་ཚོ་ཁག་ཁ་ཤས་ལས་བྱུང་བ་རེད། ཧོའོ་དང་ཝིན་གཉིས་ནི་ཞིང་པ་དང་གནས་སྤོར་བའི་ངལ་རྩོལ་བ་ཚོས་ཁྲོད་དུ་སྐད་གྲགས་ཡོད་པ་དང་། ལྷག་པར་དུ་ཝིན་ནི་ཤེས་ཡོན་པའི་སྡེའི་ནང་དུ་མཐོང་ཆེན་བྱེད་ཀྱི་ཡོད། དཀའ་རྙོག་གང་མང་ཞིག་ནི་ཤོག་ཁག་གི་དབར་གྱི་འཐབ་རྩོད་ཁྲོད་ཀྱི་འགག་འགྱངས་དང་སྒྲོམ་གཞིའི་གནད་དོན་ལ་བརྟེན་ནས་བྱུང་བའང་ཡིན་སྲིད། ཧོའོ་དང་ཝིན་གཉིས་ཀྱིས་ཆབ་སྲིད་ཀྱི་ཤོག་ཁག་ལ་གདོང་ལེན་བྱས་མེད་ན་གནས་སྟངས་དེ་ལས་སྐྱོ་བ་ཡང་ཡོང་ཡོད་སྲིད། ཅི་བཤད་ཀྱང་འདས་བའི་ལོ་བཅུའི་རིང་ལ་ཧོའོ་ཡིས་འགོ་ཁྲིད་པས་ཁོང་སྐྱོན་བརྗོད་ཀྱི་གཞི་མ་ཞིག་ཆགས་པ་ནི་རང་བཞིན་རེད།

དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཆབ་སྲིད་ཤོག་ཁག་གི་འཆིང་རྒྱ་ལས་མ་གྲོལ་བ་ནི་ཧོའོ་དང་ཝིན་གཉིས་ཀྱིས་མ་འཇོན་པར་རག་ལས་ཡོད། ད་ལྟ་མངོན་གསལ་དོད་པོས་ཐོག་ནས་ཤོག་ཁག་གི་མདུད་པ་དེ་ཅང་ཤོག་ཁག་གི་ལག་ཏུ་ཤོར་བ་རེད། གལ་ཏེ་དམར་ཤོག་ཚོགས་པའི་རྒྱུན་ལས་ཀྱི་ནང་དུ་འདྲ་མཉམ་གྱི་ཆབ་སྲིད་ཤོག་ཁག་གི་མི་སྣའི་གྲུབ་ཆ་འདྲ་མཉམ་ཡོད་པ་དེས་ནམ་རྒྱུན་སྲིད་ཇུས་ཀྱི་འགག་རྒྱ་གཙོ་བོ་དེ་ཆགས་ཀྱི་ཡོད་ན། སྲིད་འཛིན་ཞི་ཅིན་ཕེང་གིས་སྣེ་ཁྲིད་པའི་འགོ་ཁྲིད་སྡེ་ཁག་གི་ལག་ཏུ་དབང་ཆ་ཆ་ཚང་ཡོད་པའི་རྒྱལ་ཡོངས་འཐུས་ཚོགས་ཤིག་མ་ཡོད་པ་རེད། རྒྱུན་ལས་འགོ་ཁྲིད་ཚོའི་གྲུབ་ཆ་དྲུག་ཆ་གཅིག་ཡིན་པའི་གནད་དོན་ཡང་འདི་ལ་ཐུག་འདུག

འོན་ཀྱང་། འདིས་རྒྱ་ནག་གི་ཆབ་སྲིད་དབང་ཆ་ཡོད་ཚད་རྒྱལ་ཁ་ཐོབ་པའི་ཤོག་ཁག་གི་ལག་ཏུ་ཡོད་པ་ཞིག་སྟོན་གྱི་མེད། ཧོའོ་ཡི་ཤོག་ཁག་གི་ཚོགས་མི་རྣམས་ཀྱིས་གོ་ས་གལ་ཆེན་ཁག་མང་པོ་ཞིག་བཟུང་ཡོད། ཅང་གི་ཤོག་ཁག་གིས་རྒྱུན་ལས་དཔོན་རིགས་བདུན་གྱི་གོ་ས་བཟུང་ཡོད་ཀྱང་། དཔོན་རིགས་ཉི་ཤུ་རྩ་ལྔ་ལས་གྲུབ་པའི་སྲིད་འཛིན་ལས་ཁུངས་དང་། དྲག་པོའི་ལས་ཁུངས་ཁག་གི་ནང་དུ་ཧོའོ་ཡི་ཤོག་ཁག་གི་གོ་ས་སྔར་ལྟར་སྲ་བརྟན་དུ་གནས་ཡོད། ཁོང་ཚོས་དབུས་ཚོགས་ཆུང་གི་ཚོགས་མི་༣༧༥་ནང་དུ་གོ་གནས་མང་པོ་འཇུས་ཡོད་པ་ཉམས་ཞིབ་བྱས་དོན་ལྟར་ན།ཧོའོ་ཤོག་ཁག་གི་ཚོགས་མི་༩༦་གིས་དབུས་ཚོགས་ཆུང་ནང་དུ་སླེབས་པ་དེས་བརྒྱ་ཆ་༢༥་༥་ཟིན་ཡོད། དེ་སྔོན་གྱི་ཚོགས་མི་༨༦་གིས་བརྒྱ་ཆ་༢༣་༢་ཟིན་པ་དང་བསྡུར་ན་ཅུང་ཙམ་འཕར་ཆ་བྱུང་ཡོད།

གོང་དུ་གླེང་བའི་ཧོའོ་ཤོག་ཁག་གི་སྐད་གྲགས་ཆེ་བའི་འགོ་ཁྲིད་ལེས་ཡན་ཁྲོ་དང་བང་ཡང་ལྟ་བུ་ནི་ད་དུང་ལོ་ཚོད་ཀྱི་ཆ་ནས་སྐབས་རྗེས་མའི་ལོ་ལྔའི་རྒྱུན་ལས་ཀྱི་ནང་དུ་སླེབས་པའི་ཆ་རྐྱེན་ཚང་ཡོད། གལ་ཏེ་ཆབ་སྲིད་ཚོགས་པ་གཅིག་ལ་ཤོག་ཁག་གཉིས་ཡོད་པའི་ལམ་ལུགས་འདི་རྒྱ་ནག་གི་ཆབ་སྲིད་ཀྱི་ཚོད་ལྟ་གསར་བ་ཞིག་ཡིན་ན། དམར་ཤོག་ཚོགས་པའི་ཤོག་ཁག་གི་ཚོགས་མི་ཚོས་རེས་མོས་ཀྱིས་དབང་ཆར་འཛེགས་པའི་ཚོད་ལྟའང་བྱེད་ཆོག་གི་རེད། འདིས་ཧོའོ་ཤོག་ཁག་ལ་ཕམ་ཉེས་བྱུང་བར་ངོས་ལེན་བྱས་པའི་རྒྱུ་རྐྱེན་ལ་འགྲེལ་བཤད་རྒྱག་ཐུབ་མདོག་ཁ་བོ་རེད།

ཞི་ཅིན་ཕེང་གི་གཞུང་འབྲེལ་བཀའ་ཁྱབ།

སྲིད་འཛིན་ཞི་ཅེན་ཕེང་གིས་རྒྱ་ནག་གི་འགོ་ཁྲིད་གསར་བའི་འགན་འཁུར་གྱི་འགོ་འཛུགས་བཀྲ་ཤིས་པ་ཞིག་བྱུང་སོང་། ཁོང་གིས་ཆབ་སྲིད་དང་དམག་དོན་གཉིས་ཆའི་འགན་འཁུར་བར་རྒྱུན་ལས་ཁྲོད་མང་མོས་རྒྱབ་སྐྱོར་ཐོབ་པར་བརྟེན་ཁོང་ལ་རང་གིས་སྲིད་ཇུས་གསར་བ་འདིང་བའི་དབང་ཆ་ཧྲིལ་བོ་ཡོད་པ་ཞིག་རེད། ཞི་ཅེན་ཕེང་ལ་བཀའ་རྒྱ་གསར་བ་ཞིག་ཡོད་པའི་ཡིད་ཆེས་ཀྱི་ཐོག་ནས་མི་མང་གིས་རྒྱབ་སྐྱོར་བྱས་པ་དེས་ཁོང་གི་སྔོན་གྱི་སྲིད་འཛིན་ཧོའོ་ལ་སྐྱོན་བརྗོད་བྱེད་ཤུགས་ཇེ་ཆེར་ཕྱིན་སོང་། ཉེ་ཆར་བྱུང་བའི་པོ་ཞི་ལེ་དང་ལེང་ཅི་ཧ་གཉིས་ཀྱི་གནད་དོན་གྱིས་རྐྱེན་པས་དམར་ཤོག་ཚོགས་པའི་དབང་ཆ་རྒྱུན་སྐྱོང་ཆེད་ཤོག་ཁག་གང་དུ་གཏོགས་མིན་ལ་མ་ལྟོས་བར་དུས་ཚོད་ཀྱི་དགོས་མཁོའི་དབང་གིས་ཞི་ཅེན་ཕེང་གི་འགོ་ཁྲིད་འོག་ཆིག་སྒྲིལ་བྱས་པ་རེད།

གནད་དོན་གལ་ཆེན་ཞིག་ནི་ད་ལྟ་གསར་ཏུ་དབང་ཆར་འཛེགས་པའི་དཔོན་རིགས་ཚོར་དཔལ་འབྱོར་དང་ཁྲོམ་རའི་བཅོས་བསྒྱུར་ཇེ་མགྱོགས་གཏོང་བའི་ནུས་པ་ཡོད་པའི་རྣམ་པ་འདུག རྒྱུན་ལས་ནང་གི་རྒྱལ་སྲས་བཞི་སྟེ། (Xi Jinping)ཞི་ཅེན་ཕེང་དང་། (Zhang Dejiang)ཀྲང་ཏི་ཅང་། (Yu Zhengsheng)ཡོས་ཀྲང་ཧྲང་། (Wang Qishan)བང་ཆི་སྲན་བཅས་ལ་དཔལ་འབྱོར་གྱི་གནད་དོན་ཐད་ནས་ལོ་ངོ་མང་པོའི་ཉམས་མྱོང་དང་འཇོན་ཐང་ཆེན་པོ་འདུག རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཁག་ཅིག་གིས་འགོ་ཁྲིད་འདི་ཚོར་ཧོའོ་དང་ཝིན་གཉིས་ལ་བསྡུར་ན་རྒྱ་ནག་གི་དཔལ་འབྱོར་དང་། དབུས་དང་ས་གནས་ཀྱི་ཡན་ལག་ལས་ཁུངས་ཁག་གི་དབར་དུ་སྟངས་འཛིན་བྱེད་པའི་ཆབ་སྲིད་ཀྱི་མ་རྩ་དང་ཐབས་ལམ་མང་པ་ཡོད་པའི་སྡོམ་ཚིག་བཀོད་འདུག

རེའུ་མིག་དང་པོ། རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་བདུན་གྱི་སྲིད་ཇུས་ཀྱི་གལ་གནད་དང་གདམ་ཀ།

ཞི་ཅེན་ཕེང་ནི་རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་ཡར་རྒྱས་ཐད་ཀྱི་ཁྲོམ་རར་སྨན་པའི་ཐབས་ཇུས་དག་བཏོན་པར་སྐད་གྲགས་ཡོད། ཞི་ཅེན་ཕེང་གིས་རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐད་ནས་ཡར་རྒྱས་ཆེས་ཆེར་ཕྱིན་པའི་(Fujian)ཧྥོ་ཅན་དང་། (Zhejiang)ཀྲེ་ཅང་། (Shanghai)ཧྲང་ཧེ་བཅས་ཀྱི་འཛིན་སྐྱོང་གི་འགན་འཁུར་བའི་ཉམས་མྱོང་གིས་སྐབས་སྔོན་མའི་གཞུང་གི་སྐབས་སུ་དཀའ་ངལ་འཕྲད་པའི་སྒེར་བདག་བཟོ་གྲྭ་དར་རྒྱས་དང་། ཕྱིེ་ཕྱོགས་ཀྱི་ཚོང་ལས་དང་མ་འཛུགས། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བྱེད་པའི་ནུས་པའི་ཐད་ལ་གྲ་སྒྲིག་ཨང་གསར་ཡོད་རྒྱུ་རེད། འཇོན་ནུས་ལྡན་པའི་འགོ་ཁྲིད་གཞན་ཞིག་ནི་བང་ཧྲི་ཆན་རེད། ཁོང་ནི་འདས་བའི་ལོ་ཁ་ཤས་ཀྱི་རིང་ལ་རྒྱ་ནག་དང་ཨ་རིའི་དཔལ་འབྱོར་གྲོས་མོལ་གྱི་ཐད་ལ་ནུས་བ་ཆེས་ཆེར་འདོན་མཁན་དེ་ཆགས་ཡོད། བང་གི་མཚང་མིང་ལ་(དམག་སྡེའི་འགོ་གཙོ)ཞེས་འབོད་ཀྱི་ཡོད་ལ། ཁོང་ནི་རྒྱ་ནག་གི་འགོ་ཁྲིད་ཚོས་ཁྲོད་དུ་དཔལ་འབྱོར་སྲིད་ཇུས་འདིང་མཁན་ཆེས་འཇོན་ནུས་ལྡན་པ་དེ་རེད།

རྒྱ་ནག་གི་མི་མང་གིས་ཁོང་ནི་དཀའ་ངལ་དང་ཛ་དྲག་ཆེ་བའི་སྐབས་སུ་འཇོན་ནུས་ལྡན་ཞིང་ཡིད་ཆེས་བྱེད་ཆོག་པའི་འགོ་ཁྲིད་ཅིག་ལ་ངོས་འཛིན་གྱི་ཡོད། དཔེར་ན། ༡༩༩༧་ལོའི་ཨེ་ཤ་ཡའི་དཔལ་འབྱོར་ཉམས་ཉེས་ཐད་རྒྱ་ནག་གིས་ལན་སློག་པ་དང་། ༢༠༠༣་ལོའི་གློ་བའི་གཉན་ཚད་ཀྱི་ནད་ཡམས་ཁྱབ་པའི་ཛ་དྲག་གནས་བབ། ད་ལྟ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱ་ནག་དཔོན་རིགས་ཚོས་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་བཅས་ཀྱི་ཐད་ལ་ཁོང་གིས་ནུས་བ་བཏོན་ཡོད། ཁོང་གིས་དེ་སྔོན་འགན་ཁུར་བའི་ཉམས་མྱོང་དང་སྲིད་ཇུས་བཏང་བ་བཅས་ལ་གཞིགས་ན། དབུས་ས་གཉིས་ཀྱི་འབྲེལ་བ་ཡང་དག་ཅིག་ཉར་བར་མཁོ་བའི་ཕྱི་ཕྱོགས་ཀྱི་མ་འཛུགས་དང་ཚོང་ལས། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་གུ་ཡངས་ཅན་ཏུ་བསྒྱུར་བ། ཁྲལ་འབབ་གྱི་ལམ་ལུགས་བསྒྱུར་བཅོས་བཅས་ཀྱི་ཐད་ལ་ནུས་པ་འདོན་རྒྱུ་རེད།

འགོ་ཁྲིད་གསར་བ་ཚོས་གཞི་རྩའི་ཆབ་སྲིད་བཅོས་བསྒྱུར་བྱེད་མི་ཐུབ་རུང་། ཁོང་ཚོས་བློ་ཁོག་ཆེན་པོ་དང་ངར་ཤུགས་ལྡན་པའི་སྒོ་ནས་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བཅོས་བྱས་ཏེ་མི་མང་གི་གདེང་ཚོད་འཕེལ་འཇུག་གི་རེད། མི་རིང་བར་ལག་བསྟར་བྱེད་པའི་དཔལ་འབྱོར་བཅོས་བསྒྱུར་ཀྱིས་གནད་འགག་ཅན་གྱི་སྲིད་ཇུས་གསུམ་འདིང་མདོག་ཁ་བོ་རེད། དང་པོ། འགོ་ཁྲིད་གསར་བ་ཚོས་འབད་པ་ཆེན་པོས་ཁྲལ་ཆགས་ཡང་དང་། བཟོ་གྲྭ་ཆུང་འབྲིང་ཁག་ལ་བུ་ལོན་གཡར་བ། ཞབས་ཞུའི་སྡེ་ཁག་ལ་ཕན་ཐོགས་ཡོད་པའི་སྲིད་ཇུས་འདིང་བ་བཅས་ཀྱིས་འབྱོར་འབྲིང་གྲལ་རིམ་གྱི་ཡིད་སེམས་འགུག་ཐབས་བྱེད་རྒྱུ་དང་། རྒྱ་ནག་ནང་དུ་འབྱོར་འབྲིང་གྲལ་རིམ་ཇེ་ཕྱུག་དང་ཇེ་མང་དུ་གྱུར་ཚེ་རྒྱལ་ནང་གི་འཛད་སྤྱོད་ཀྱི་རྒྱ་ཇེ་ཆེ་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་བ་འདོན་མཁན་རྗེས་མ་དེ་ཆགས་རྒྱུ་རེད། གཉིས་པ། ཁོང་ཚོས་རྒྱ་ནག་གི་དངུལ་ཁང་སྡེ་ཁག་ལ་འགྲན་ཟླ་བྱེད་མཁན་ཕྱི་རྒྱལ་གྱི་མ་འཛུགས་མཁན་མང་པོ་གདན་འདྲེན་བྱེད་ཀྱི་རེད། གསུམ་པ། ཁོང་ཚོས་གྲོང་གསེབ་ཀྱི་སའི་བདག་དབང་དང་དང་གྲོང་ཁྱེར་ཐེམ་ཐོ་འགོད་སྟངས་གཉིས་ལ་བཅོས་བསྒྱུར་གྱིས་དམིགས་བསལ་གྱིས་རིམ་པ་གསུམ་པའི་གྲོང་ཁྱེར་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་ཀ་ཇེ་མྱུར་དུ་གཏོང་གི་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*