རྒྱལ་སྲས་ཚོའི་སྒྲིག་ལམ།(བཞི་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཁྲིན་ལེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཞི་ཅེན་ཕེང་དམར་ཤོག་ཚོགས་པའི་དྲུང་ཆེ་ཆགས་པའི་རྗེས་སུ་(Shenzhen)ཧྲིན་ཀྲིན་ལ་གཞུང་འབྲེལ་གཟིགས་སྐོར་བྱས་པ་རེད། ས་དེ་ནི་༡༩༧༠་ལོར་ཏིན་ཤོ་ཕེང་གིས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་སྲིད་ཇུས་འདིང་སའི་ལྟེ་གནས་ཆགས་ཡོད། སྲིད་འཛིན་ཞི་ཅེན་ཕེང་གི་མཚོན་དོན་ཅན་གྱི་གཟིགས་སྐོར་འདིའི་རྗེས་སུ་ལོ་ངོ་གཉིས་ཙམ་གྱི་རིང་ལ་འཁོབ་ནས་ལྷག་པའི་ཁྲོམ་རའི་ལག་འབོར་ཤུགས་ཆེན་པོས་འཕར་བ་རེད། གནད་དོན་གལ་ཆེན་ཞིག་ནི་ཞི་གཙོས་བའི་རྒྱལ་སྲས་གཞན་དག་གིས་དབང་འཛིན་བྱས་བའི་ཆབ་སྲིད་ལ་བཅོས་བསྒྱུར་མ་བྱས་བར་དཔལ་འབྱོར་ཡར་རྒྱས་ཀྱི་གོམ་པ་རྒྱག་ཐུབ་མིན་དེ་རེད། རྒྱ་ནག་གིས་དངོས་ཡོད་ཐོག་ད་ལྟའི་ཆབ་སྲིད་ལམ་ལུགས་ལ་འགྱུར་བ་ཅི་ཡང་མེད་པར་གནས་གསར་གཏོད་རང་བཞིན་ལྡན་པའི་དཔལ་འབྱོར་ལམ་ལུགས་ཤིག་གཏན་འབེབས་བྱེད་ཐུབ་ཀྱི་རེད་དམ།

གཉའ་གཅོག་པའི་དཀའ་རྙོག།
རྒྱལ་སྲས་ཚོར་ཆབ་སྲིད་ཀྱི་དབང་ཆར་འཛེགས་པའི་དུས་ཚོད་ནི་དཔོན་རིགས་ཚོར་ལྐོག་ཟ་རུལ་སུངས་ཀྱི་ཐད་དུ་ད་སྔར་བྱུང་མྱོང་མེད་པའི་སྐྱོན་བརྗོད་བྱེད་པའི་སྐབས་དང་འཁེལ་ཡོད། འགོ་ཁྲིད་རྒན་གྲས་ཁག་དང་ཁོང་ཚོའི་ནང་མི་ཚོས་གཞུང་བདག་བཟོ་གྲྭ་དག་བདག་འཛིན་གྱིས་རང་གི་ཁེ་ཕན་བསྒྲུབ་བཞིན་པའི་ཚད་རིམ་ཇེ་མཐོར་འགྲོ་བཞིན་པའི་གནས་བབ་འདིར་རྒྱ་ནག་གི་ཤེས་ལྡན་མི་སྣ་ཚོས་“རྒྱལ་ཁབ་ཀྱི་སྒེར་བདག་མ་རྩ་རིང་ལུགས”ཅེས་བའི་བརྡ་ཆད་དེ་བཏགས་ཡོད། སྒེར་བདག་གི་གནས་བབ་འདི་ཚོང་ལས་ཆེ་ཁག་སྟེ། མེ་འཁོར་དང་ས་སྣུམ། རྒྱུན་མཁོའི་ཐོན་རྫས་དང་དངུལ་ཁང་། དེ་མིན་གློག་ཆས་བཟོ་གྲྭ་དག་གི་ནང་དུ་ཤུགས་ཆེན་པོར་མཐོང་རྒྱུ་ཡོད།

རྒྱ་ནག་གི་གཞུང་ཉར་བཟོ་གྲྭ་ཁག་གཅིག་གི་ཚོང་ལས་འཕེལ་ཚད་ཤུགས་ཆེར་ཕྱིན་པའི་དཔེ་མཚོན་ཞིག་ནི་རྒྱ་ནག་ཆ་འཕྲིན་ཚོང་ཁང་གི་ཚོང་ལས་ཁང་རེད། དེ་ནི་གཙོ་བོ་རྒྱ་ནག་ནང་ཁུལ་གྱི་ཁྲོམ་ཪར་གློག་ཆས་ཀྱི་སྒེར་སྡོམ་མ་རྩ་ཡོད་པར་བརྟེན་ནས་བྱུང་བ་ཞིག་རེད། འདིར་དཀའ་ངལ་རིགས་གཉིས་འཕྲད་ཀྱི་ཡོད། གཅིག་ནི་ཐོན་རྫས་ཁག་གསར་གཏོད་བྱེད་པར་སྐུལ་སློང་བྱེད་མཁན་མེད་པར། གཞུང་གཉེར་བཟོ་གྲྭ་ཁག་གིས་ཁེ་སྤོགས་ཆེན་པོ་བཟོས་སྟེ། འདས་བའི་ལོ་བཅུའི་རིང་ལ་རྒྱལ་སྤྱིའི་ཚོང་ལས་རྒྱུ་འབྱོར་གྱི་རིམ་པ་༥༠༠་ནང་དུ་ཚུད་ཡོད་ཀྱང་། རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཐོན་ཟོག་གཞན་དང་ལོགས་སུ་དགར་བའི་རྒྱ་ནག་གི་ཚོང་རྟགས་སྔོན་ཐོན་ཅན་གཅིག་ཀྱང་མེད། གཉིས་ནི་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཕྱིན་པ་དེས་ཁེ་བཟང་རག་མཁན་གཙོ་བོ་རྒྱ་ནག་མི་མང་མ་ཡིན་པར་ལྐོག་ཟ་རུལ་སུངས་ལ་བྱང་བའི་དཔོན་རིགས་དང་ཁོང་ཚོའི་ནང་མི་ཉེ་འབྲེལ་ཚོ་རེད།

རྒྱ་ནག་ནང་དུ་འགྲིམ་འགྲུལ་གྱི་ཚད་གཞི་མྱུར་བའི་མེ་འཁོར་ལྕགས་ལམ་མང་པོ་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་དེ་རྒྱ་ནག་གི་དཔལ་འབྱོར་ཡར་རྒྱས་ཀྱི་རྟགས་མཚན་ལྟ་བུ་ཞིག་ལ་ངོས་འཛིན་གྱི་ཡོད་ཀྱང་། མེ་འཁོར་བཟོ་གྲྭར་མ་རྩ་མ་འདང་བའི་དཀའ་ངལ་འཕྲད་ཀྱི་འདུག རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གི་མེ་འཁོར་བློན་ཆེན་ལྷན་ཁང་ལ་ཨ་རི་དང་སུད་སིའི་དངུལ་ཁང་ལ་འཇལ་དགོས་བའི་བུ་ལོན་ཨ་སྒོར་ཐེར་འབུམ་༢།༨་ཙམ་འདུག ད་དུང་དེ་ལས་ཀྱང་ཡ་མཚན་སྐྱེ་གཞི་ཞིག་ནི་མེ་འཁོར་བློན་ཆེན་ལྷན་ཁང་གི་བློན་ཆེན་(Liu zhijun)ལོས་ཀྲི་ཅེན་དང་འབྲེལ་བའི་རྙོག་གྲ་དེ་རེད། ཁོང་གི་མཚང་མིང་ལ་སྐུ་ཞབས་“བརྒྱ་ཆ་བཞི་”ཞེས་བཏགས་ཡོད། རྒྱུ་མཚན་ནི་ཁོང་དང་མཉམ་དུ་ཚོང་འབྲེལ་བྱེད་ཐེངས་རེ་རེར་སྒེར་གྱི་ཆེད་དུ་ཁེ་སྤོགས་ལེན་པའི་གྲགས་རྒྱ་ཆེན་པོ་ཡོད་པས་རྐྱེན་གྱིས་རེད།(Singapore) སེང་ག་པོར་གྱི་གསར་ཁང་ཞིག་གིས་སྤེལ་བའི་གནས་ཚུལ་ལྟར་ན། ༢༠༡༡་ལོའི་ཟླ་༣་པར་ཁོང་འཇུ་བཟུང་མ་བྱས་བའི་སྔོན་དུ་ཁོང་གིས་རྒྱ་ནག་དམངས་སྒོར་ཐེར་འབུམ་གཉིས་(ཨ་སྒོར་ས་ཡ་༣༢༠)ཙམ་གྱིས་སྲིད་བློན་གཞོན་པའི་གོ་ས་དང་། ཐ་ན་དམར་ཤོག་རྒྱུན་ལས་ཀྱི་གོ་གནས་ཤིག་ཉོ་ཐབས་བྱས་འདུག གཞུང་འབྲེལ་ལས་ཁུངས་ཀྱི་དཔོན་རིགས་དང་བློན་ཆེན་བཙོན་ཏུ་བཅུག་ནས་ལོ་ངོ་གཉིས་ཕྱིན་ཡང་། ད་བར་ཁྲིམས་ཐོག་ནས་གྱོད་དོན་ཐག་གཅོད་མ་བྱས་པར་ལུས་ཡོད།

གཞུང་འབྲེལ་དམར་ཤོག་ཚོགས་པའི་རྩ་འཛུགས་སྡེ་ཁག་གིས་བཏོན་པའི་སྙན་ཐོ་ཞིག་གི་ནང་དུ། གཞུང་བད
ག་བཟོ་གྲྭ་ཁག་གི་འགན་འཛིན་རྒན་གྲས་༨༣༧༠་ནང་གི་༦༣༧༠་(བརྒྱ་ཆ་༧༦)་ཙམ་གྱི་ནང་མི་རྣམས་ཕྱི་རྒྱལ་ཡོད་པ་མ་ཟད་རྒྱལ་ཁབ་གཞན་གྱི་མི་སེར་ལག་འཁྱེར་ཡོད་པ་ཤ་སྟག་རེད་འདུག དེ་མིན་དམར་ཤོག་ཚོགས་པའི་འགོ་ཁྲིད་རྒན་གྲས་ཁག་གི་བུ་ཕྲུག་དང་སྤུན་ཉེ་མང་དག་ཅིག་ནུབ་ཕྱོགས་རྒྱལ་ཁབ་ཏུ་འཚོ་བ་སྐྱེལ་བ་དང་། ལས་ཀ་ལས་བ། སློབ་སྦྱོང་བྱེད་བཞིན་ཡོད་པ་ནི་མངོན་གསལ་དོད་པོ་རེད། རྒྱ་ནག་མི་མང་གིས་འཕེལ་རིམ་འདི་དང་འབྲེལ་ནས་ཉེ་བའི་ལོ་ཤས་ཀྱི་རིང་ལ་རྒྱ་ནག་གི་དངུལ་སྒོར་མང་པོ་ཞིག་ཕྱི་ལ་ཤོར་གྱི་ཡོད་པའི་གླེང་སློང་བྱེད་ཀྱི་ཡོད། ཝ་ཤིན་ཌོན་དུ་རྟེན་གཞི་བྱས་བའི་རྒྱལ་སྤྱིའི་དཔལ་འབྱོར་གཅིག་གྱུར་
ཁང་གིས་བཏོན་པའི་༢༠༡༢་ལོའི་ལོ་འཁོར་སྙན་ཐོའི་ནང་དུ་༢༠༠༠་ལོ་ནས་༢༠༡༡་བར་དུ་ཨ་རིའི་ནང་དུ་
ཆོག་མཆན་མེད་པར་རྒྱ་ནག་ནས་དངུལ་སྒོར་མིང་སྒྱུར་བྱས་བའི་གྲངས་ཚད་ནི་ཨ་སྒོར་ཁྲག་ཁྲིག་༣།༨་ཙམ་ཡིན་པའི་གསལ་ཁ་བཏོན་འདུག (མང་ཆེ་བ་རྒྱ་ནག་གི་ལྐོག་གཡོ་ངན་ཇུས་ཅན་གྱི་འགོ་ཁྲིད་ཚོས་བསྒྲུབས་འདུག)

དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་གལ་ཆེ་བའི་ལས་དོན་གཅིག་ནི་ཚོགས་པའི་སྒྲིག་ལམ་གྱི་རྒྱུན་མཐུད་རྒྱུ་དེ་ཡིན་པས། རྒྱ་ནག་གི་སྤྱི་ཚོགས་དང་དཔལ་འབྱོར་གཅིག་པུ་མིན་པར་སྔོན་རྩིས་བགོ་འགྲེམས་ཀྱི་ཐད་ནས་
ཀྱང་ཉེན་རྟོག་པའི་དབང་ཤུགས་ཇེ་ཆེར་སོང་བར་ཡ་མཚན་སྐྱེ་དགོས་དོན་མེད། དཔེར་ན། རྒྱ་ནག་གིས་༢༠༠༩་ལོར་སྤྱི་ཚོགས་བརྟན་བརླིང་གི་ཆེད་དུ་དམངས་སྒོར་ཐེར་འབུམ་༥༡༤་བཏང་བ་ནི་ལོ་དེའི་རྒྱལ་སྲུང་སྔོན་རྩིས་(ཐེར་འབུམ༥༣༢)དང་ཕལ་ཆེར་དོ་མཉམ་ཆགས་ཡོད། ༢༠༡༢་ལོའི་རྒྱ་ནག་གི་རྒྱལ་སྲུང་སྔོན་རྩིས་ནི་དམངས་སྒོར་ཐེར་འབུམ་༦༧༠།༣་ཡིན་ལ། ནང་ཁུལ་གྱི་ཉེན་རྟོག་པ་དང་བདེ་འཇགས་ཆེད་བ
ཏང་བའི་འགྲོ་སོང་ནི་ཐེར་འབུམ་༧༠༡།༨་ཙམ་རེད།(བརྒྱ་ཆ་༡༡།༥་ཙམ་འཕར་ཡོད།)

ཉེན་རྟོག་པའི་དབང་ཚད་ཇེ་མཐོར་འགྲོ་བཞིན་པར་གནད་དོན་གཉིས་ཀྱིས་ཤུགས་རྐྱེན་སྤྲད་ཡོད། གཅིག་གི་ཐད་ནས་ཨ་རབ་དཔྱིད་ཀའི་ཡོ་ལངས་ཀྱིས་དམར་ཤོག་གི་འགོ་ཁྲིད་ཚོར་ཨ་རབ་ཀྱི་སྒེར་གཅོད་པ་(Hosni Mubarak)ཧོ་སི་ནེ་མོ་བྷ་རག་གི་གཞུང་ལ་འཕྲད་པའི་མཇུག་འབྲས་དེ་འདྲ་ཞིག་ཡོང་སྲིད་པའི་ཞེད་སྣང་སྐྱེ་བཅུག་ཡོད། གནད་དོན་གཞན་ཞིག་ནི་གཙོ་བོ་གཞུང་བདག་བཟོ་གྲྭ་ཚོའི་འགན་འཁུར་བ་ཚོས་ཉེན་རྟོག་པ་གཙོས་བའི་གཞུང་གི་འགོ་ཁྲིད་ཚོར་ལྐོག་རྔན་རྫོང་གི་ཡོད་པས་གདུག་རྩུབ་ཆེ་བའི་ཤོག་ཁག་ཤིག་གྲུབ་ཡོད། ཤོག་ཁག་འདིས་རྒྱུན་དུ་རྒྱལ་ཁབ་ནང་དུ་བརྟན་བརླིང་དགོས་ཞེས་བཤད་ཀྱི་ཡོད་ཀྱང་། དོན་དམ་པར་རང་གི་ཁེ་ཕན་སྲུང་སྐྱོབ་བྱེད་ཆེད་རེད།

གཞུང་བདག་བཟོ་གྲྭ་ཁག་གི་ཁེ་ཕན་སྲུང་སྐྱོབ་ཀྱི་ངན་ཇུས་འདིས་ཕྱི་རྒྱལ་གྱི་བཟོ་གྲྭ་ཚོའི་ཚོང་ལས་ཀྱི་ཁེ་ཕན་ལ་གནོད་སྐྱོན་ཐེབས་བཅུག་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་སྒེར་བདག་བཟོ་གྲྭ་ཚོ་ལ་གནོད་སྐྱོན་ཐེབས་ཀྱི་ཡོད་
པའི་གནས་བབ་འདིས་ཕུགས་རྒྱང་རིང་བའི་རྒྱ་ནག་གི་ཁྲོམ་རའི་ནུས་པའི་ཁ་ཐུར་དུ་སྐོར་གྱི་ཡོད། རྒྱ་ནག་གི་ཉམས་ཞིབ་པ་ཁག་གཅིག་གིས་ཉམས་ཞིབ་བྱས་འབྲས་སུ་༢༠༠༩་ལོའི་སྒེར་བདག་བཟོ་གྲྭ་ཆེ་ཁག་༥༠༠་ཐམ་པའི་ཁེ་སྤོགས་ནི་གཞུང་བདག་བཟོ་གྲྭ་(China Mobile)རྒྱ་ནག་བརྡ་འཕྲིན་ཁང་དང་(Sinopec)སེ་ནོ་པེ་ཁི་གཉིས་ཀྱི་ཁེ་སྤོགས་ལས་ཆུང་བ་ཡོད་ཀྱང་། བློ་ཡུལ་ལས་འདས་བ་ཞིག་ལ་༢༠༠༩་ལོའི་སྒེར་བདག་བཟོ་གྲྭ་ཁག་གི་ལག་འབབ་ཁེ་སྤོགས་བརྒྱ་ཆ་༨།༡༨་དང་གཞུང་བདག་བཟོ་གྲྭ་ཁག་གི་ལག་འབབ་ཁེ་སྤོགས་བརྒྱ་ཆ་༣།༠༥་ཙམ་ཆགས་ཡོད།

གནད་དོན་འདི་དག་གིས་རྒྱ་ནག་གི་དཔལ་འབྱོར་གྱི་མ་འོངས་བ་ནི་གཙོ་བོ་ཆབ་སྲིད་བཅོས་བསྒྱུར་ལ་བསྟེན་ཡོད་པ་མ་ཟད། འགོ་ཁྲིད་གསར་བ་ཚོས་དམ་བཅས་བའི་ལྐོག་ཟ་རུལ་སུངས་གཙང་སེལ་བྱེད་ཆེད་དཀའ་རྙོག་དེ་གང་འདྲ་ཞིག་ཡིན་མིན་གསལ་སྟོན་བྱས་ཡོད། དམ་བཅའ་འདི་ཇི་ཙམ་གྱིས་གལ་ཆེ་བ་ནང་བཞིན་དེ་ཙམ་གྱིས་ཉེན་ཚབས་ཆེན་པོ་ཞིག་ཆགས་ཡོད། གང་ལེགས་ཤེ་ན་སྤྱི་ཚོགས་དང་ཆབ་སྲིད་ཀྱི་བཅོས་བསྒྱུར་ཀྱི་དགོས་འདུན་བཏོན་པ་ནི་ཧ་ཅང་ཚབས་ཆེན་རེད། མདོར་དྲིལ་ན། དེ་ནི་ཞི་ཅེན་ཕེང་དང་བང་ཆེ་ཧྲན་གྱི་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་བསྒྲགས་གཏམ་དེ་དངོས་ཡོད་ཐོག་གང་འདྲ་ཞིག་ཡིན་མིན་ཤེས་བའི་ཉམས་ཚོད་ལྟ་བུ་ཞིག་རེད། ཁོང་གཉིས་ཀྱི་བསྒྲགས་གཏམ་དེ་ནི་ཤོག་ཁག་གི་ཁེ་ཕན་གཙོ་བོར་དམིགས་པའི་ཆབ་སྲིད་ཀྱི་ཁ་གཏད་ཕམ་ཐབས་ཤིག་རེད་དམ།ཡང་ན་གལ་གནད་མེད་པའི་མི་སྣ་དག་དམིགས་འབེན་ལ་བཟུང་བ་ཞིག་རེད།ཁོང་གཉིས་ཀྱི་བསྒྲགས་གཏམ་འདི་གནས་སྐབས་ཀྱི་ཐབས་ལམ་ལྟ་བུ་ཞིག་ལས་གཞི་རྩའི་ལམ་ལུགས་ལ་འགྱུར་བ་བཏང་དེ་ནུས་བ་ཐོན་པའི་སྒོ་ནས་ལྐོག་ཟ་རུལ་སུངས་བཀག་འགོག་བྱེད་ཀྱི་རེད་དམ།

ཞི་དང་བང་གཉིས་ཀྱིས་གཞུང་འབྲེལ་ཐོག་ནས་ལྐོག་ཟ་རུལ་སུངས་ལ་རྒོལ་བའི་གཏམ་བཤད་གནང་རྗེས་ཀྱི་བདུན་ཕྲག་གཉིས་ནང་ཚུད་དུ་ཚོང་ལས་གསར་ལམ་གྱི་གསར་འགོད་པ་དང་དྲ་དམངས་ཚོས་གསར་དུ་འདེམས་ཐོན་བྱུང་བའི་རྒྱུན་ལས་ཤིག་དང་བློན་ཆེན་གཉིས་ལ་ཉེ་དགའ་ཕྱོགས་ལྷུང་དང་། ཡོན་ཚད་རྫུན་བཟོ་བྱས་བ། བུད་མེད་བག་མེད་དུ་བསྟེན་པ། ལྐོག་ཟ་རུལ་སུངས་བྱས་པ་སོགས་ཀྱི་གནད་དོན་ཁག་གིས་ཁ་རྡུང་བཏང་ཡོད། རྒྱ་ནག་ནང་དུ་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ནུས་ཤུགས་ཧ་ཅང་ཆེ་བས་གཞུང་གིས་རྒྱུན་དུ་དྲ་ཐོག་ཟིན་བྲིས་མང་དག་ཅིག་སྒོ་རྒྱག་གི་ཡོད།

རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད། སྤྱི་ཚོགས་བཅས་ཀྱི་ནུས་བ་གསར་བ་དག་ནི་རང་གི་ཁེ་ཕན་སྲུང་སྐྱོབ་
བྱེད་མཁན་རྐྱང་རྐྱང་ཆགས་ཡོད། དཔེར་ན། ཉེ་བའི་ལོ་ཤས་ཀྱི་རིང་ལ་རྒྱ་ནག་གི་མཚོ་རྒྱུད་ཀྱི་གྲོང་ཁྱེར་
ཁག་གི་ནང་དུ་ལུས་ཤུགས་ངལ་རྩོལ་བའི་མ་འདང་བའི་དཀའ་ངལ་འཕྲད་བཞིན་པའི་གནས་བབ་ནི་
གནས་སྤོ་བྱས་བའི་མི་རབས་གསར་བའི་ལས་མི་དག་ཁྲོད་རང་གི་ཆབ་སྲིད་ཀྱི་ཁེ་དབང་དང་ཐོབ་ཐང་ཧ་གོ་མཁན་ཇེ་མང་དུ་འགྲོ་བཞིན་པའི་རྐྱེན་ལས་བྱུང་བར་ངོས་འཛིན་བཞིན་འདུག། རྒྱ་ནག་གི་མི་སེར་རིམ་པ་ག
ཉིས་པ་ལྟ་བུར་བརྩི་བའི་གནས་སྤོར་བྱས་བའི་ལས་མི་ཚོ་གཞུང་གི་དབྱེ་འབྱེད་བྱས་བའི་སྲིད་ཇུས་དག་ལ་ཁོང་ཁྲོ་ཆེན་པོ་ལངས་ཡོད། ཁོང་ཚོས་གླ་ཕོགས་ཅུང་ཙམ་མཐོན་པོ་རག་པའི་རེ་བའི་ཐོག་ནས་ལས་ཀ་
གཅིག་ནས་གཅིག་བརྗེ་བོ་རྒྱག་གི་ཡོད། ཁོང་ཚོས་ལན་མང་རེ་བ་བརྒྱབ་པའི་མཇུག་འབྲས་སུ་རྒྱ་ནག་ནང་
ཉེ་བའི་ཆར་ལས་མིའི་གླ་ཆ་འཕར་བཞིན་པའི་སྣང་ཚུལ་ཞིག་འབྱུང་གི་ཡོད།

རྒྱ་ཆེ་ས་ནས་ཨ་རིའི་སྲིད་དོན་ཚན་རིག་པ་(Minxin Pei)མེན་ཤེན་པེ་ཡིས་རྒྱུས་ལོན་བྱས་དོན་ལྟར་ན། ད་ལྟའི་དུས་སུ་རྒྱ་ནག་མི་མང་ཚོས་རེས་མོས་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་གནད་དོན་ཐོག་ཁ་གཏད་གཅོག་གི་ཡོད་པའི་ཁོངས་སུ་ཁོར་ཡུག་སྲུང་སྐྱོབ་དང་། མི་མང་གི་འཕྲོད་བསྟེན། ཁ་ཟས་གཙང་སྦྲ། སྤྱི་ཚོགས་བདེ་དོན། སྤྱི་ཚོགས་དྲང་བདེན། གྲོང་གསེབ་ཀྱི་གཞིས་ཀའི་བདག་དབང་བཅོས་བསྒྱུར། གྲོང་ཁྱེར་འཛུགས་སྐྲུན། ཆོས་དད་རང་མོས། མི་རིགས་འགལ་ཟླ་བཅས་ཀྱི་གནད་དོན་ཁག་ཚུད་ཡོད། གཞུང་འབྲེལ་ཡིག་ཚགས་ནང་དུ་གསལ་དོན་ལྟར་ན་རྒྱ་ནག་ནང་དུ་ཉིན་ལྟར་མང་ཚོགས་ངོ་རྒོལ་༥༠༠་ཙམ་འབྱུང་གི་ཡོད་པ་འཁོད་འདུག

མི་མང་གིས་ངོ་རྒོལ་དང་དགོས་འདུན་བཏོན་པའི་རིགས་ལ་ཁྲིམས་མཐུན་གྱི་རྩོད་ལེན་བྱེད་ས་མེད་པའི་ཁར་ཉེན་རྟོག་པའི་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད། ཉེན་རྟོག་པའི་དམ་དྲག་ཇེ་ཆེར་ཕྱིན་པ་དེ་ཚོད་ཀྱིས་ངོ་རྒོལ་གྱི་ངོ་བོ་དྲག་པོ་་དང་རྒྱ་ཁྱབ་ཏུ་འགྲོ་བཞིན་ཡོད། གསར་ལམ་ཁག་ཏུ་ཁྱབ་པའི་གནས་ཚུལ་གྱི་ངོ་བོ་འདི་དང་གཅིག་མཚུངས་རེད། དྲ་ཐོག་ཏུ་ཁྱབ་པའི་ཚོར་བ་རྣོ་བའི་དཀྲོག་གཏམ་རིགས་ཇི་ཙམ་ཞིབ་བཤེར་བྱས་པ་དེ་ཙམ་གྱིས་ཤུགས་རྐྱེན་ཇེ་ཆེར་འགྲོ་བཞིན་ཡོད།

དུས་མཚུངས་སུ་རྒྱ་ཁྱབ་ཀྱི་མི་རིགས་རིང་ལུགས་པའི་འཁོན་སེམས་ཇེ་ཆེར་འགྲོ་བཞིན་པ་སྟེ། ཉི་ཧོང་གཞུང་དང་(ཕལ་ཆེར་ཨ་རིའི་གཞུང་ལའང་)ས་མཚམས་རྩོད་རྙོག་གི་ཐད་ནས་ཕྱི་མིར་སྡང་འཛིན་གྱི་ཤུགས་ཇེ་ཆེར་འགྲོ་བཞིན་པའང་ཞི་ཅེན་ཕེང་གི་གཞུང་ལ་དཀའ་ངལ་ཞིག་ཆགས་ཡོད། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ནང་གསལ་དོན་ལྟར་ན།ནང་ཁུལ་གྱི་དཀའ་རྙོག་གི་དམིགས་བྱ་དེ་ཕྱི་ཕྱོགས་དཀའ་རྙོག་དག་གི་སྒང་ལ་བཀོལ་ཐབས་ཏེ་ནམ་རྒྱུན་དྲག་པོའི་གཞུང་གི་རང་སྟེང་དུ་འབབ་ཀྱི་ཡོད། ཕྱི་མིར་སྡང་འཛིན་གྱི་བློ་ཁ་དེ་གཞུང་ལ་ངོ་རྒོལ་བྱེད་པའི་རྐྱེན་སློང་བྱེད་ལྟ་བུར་འགྱུར་ཐུབ་ཀྱང་། རྒྱ་ནག་གི་དྲག་པོའི་དཔུང་སྡེ་དང་གཡོན་ཐལ་ཆེ་བའི་འགོ་ཁྲིད་ཚོས་མི་རིགས་རིང་ལུགས་ཀྱི་མངོན་འདོད་སྟོན་གྱི་ཡོད་པས། ཕྱི་སྲིད་ཀྱི་ཐད་
ལ་ཁ་གཏད་གཅོག་པའི་ཐབས་ལམ་ཞིག་འཚོལ་རྒྱུ་ཟུར་ཏུ་ལྷག་ངེས་རེད།

སྤྱི་ཚོགས་དང་ཆབ་སྲིད་ཀྱི་དཀའ་རྙོག་འདི་དག་གིས་མ་ལག་ཚང་བའི་མང་གཙོའི་བཅོས་བསྒྱུར་ཞིག་དགོས་བའི་ཛ་དྲག་སྐུལ་འདེད་བྱེད་ཀྱི་ཡོད། མང་གཙོའི་ལམ་ལུགས་ཤིག་གིས་སྤྱི་ཚོགས་ཀྱི་རྙོག་གྲ་དང་ཚད་བརྒལ་
མི་རིགས་རིང་ལུགས་ཀྱི་ལྟ་བའི་དཀའ་ངལ་ཁག་སེལ་མི་ཐུབ་པ་དངོས་ཡོད་ཡིན་ཡང་། དེས་སྤྱི་ཚོགས་ཀྱི་རྙོག་གྲ་ཁག་ཁྲིམས་མཐུན་གྱི་སྒོ་ནས་སེལ་བའི་བརྒྱུད་ལམ་ཞིག་མཁོ་སྤྲོད་དང་། བགྲོ་གླེང་བརྒྱུད་ནས་དོན་སྙིང་ལྡན་པའི་ཕྱི་སྲིད་ཞིག་འདིང་བའི་ལམ་ཁ་སྐྲུན་ཐུབ་ཀྱི་ཡོད།

ད་ལྟ་རྒྱ་ནག་གི་གནས་བབ་ཛ་དྲག་གང་འདྲ་ཞིག་ཆགས་ཡོད་མེད་པེ་ཅིང་དུ་བཅའ་སྡོད་ཤེས་ལྡན་མི་སྣ་གྲགས་ཅན་(Zhang Lifan)ཀྲང་ལི་ཧྥན་གྱིས་སྐབས་བཅོ་བརྒྱད་པའི་དམངས་འཐུས་འཚོགས་ཆེན་གྱི་སྐབས་སུ་འགྲེལ་བཤད་བྱས་དོན་ལྟར་ན།(གལ་སྲིད་འགོ་ཁྲིད་གསར་བ་ཚོས་ཁོང་ཚོའི་ཆབ་སྲིད་ལས་རྒྱུན་གྱི་ལོ་ངོ་ལྔའི་ནང་དུ་ཆབ་སྲིད་བཅོས་བསྒྱུར་མ་བྱས་པ་ཡིན་ན། ལས་རྒྱུན་གཉིས་པའི་སྐབས་སུ་བྱས་ཀྱང་སྙིང་པོ་མེད། རྒྱ་ནག་གིས་ལོ་ལྔའི་ནང་དུ་ཆབ་སྲིད་བཅོས་བསྒྱུར་མ་བྱས་ཚེ་ལོ་བཅུའི་ནང་དུ་དམར་ཤོག་ཚོགས་པ་འཐོར་ཞིག་ཏུ་འགྲོ་རྒྱུ་རེད་ཅེས་སྡོམ་ཚིག་བཀོད་ཡོད།) ཡིད་ལ་འཐད་པོ་ཞིག་བྱུང་པ་ནི་ཞི་ཅེན་ཕེང་དམར་ཤོག་ཚོགས་པའི་དྲུང་ཆེ་ཆགས་པའི་རྗེས་སུ་གནང་བའི་གཏམ་བཤད་ཁག་གི་ནང་དུ་གལ་ཏེ་དམར་ཤོག་འགོ་ཁྲིད་ཚོས་གོ་སྐབས་དམ་འཛིན་གྱིས་དམར་ཤོག་ཚོགས་པར་བཅོས་བསྒྱུར་མ་བྱས་པ་ཡིན་ན། དམར་ཤོག་ཚོགས་པ་འཐོར་ཞིག་ཏུ་འགྲོ་བའི་ཉེན་བརྡ་བཏང་འདུག

རྒྱ་ནག་གི་གུ་ཡངས་བའི་ཤེས་ལྡན་མི་སྣ་ཁག་གཅིག་གིས་ཞི་ཅེན་ཕེང་ནི་རྒྱ་ནག་སྐམ་སའི་ནང་གི་(chiang ching kuo)ཆིང་ཆེན་གོ་ལྟ་བུར་ཆ་འཇོག་བྱེད་ཀྱི་ཡོད། ཆིང་ཆེན་གོ་ཡང་རྒྱལ་སྲས་ཞིག་རེད་(དམག་སྤྱི་ཅང་ཅེ་ཧྲེའི་བུ།)། ཁོང་གིས་༡༩༨༠་ནང་དུ་ཐེ་ཝན་མཚོ་གླིང་དབང་ཆ་གཅིག་སྡུད་ལམ་ལུགས་ནས་མང་གཙོར་འགྱུར་བའི་སྣེ་ཁྲིད་དེ་ཐེ་ཝན་ནང་དུ་ཕྱོགས་འགལ་ཚོགས་པ་འཛུགས་མི་ཆོག་པའི་བཀག་རྒྱ། གསར་འགྱུར་ཞིབ་བཤེར་གྱི་བཀག་རྒྱ་བཀྲོལ་ཡོད། མ་འོངས་བའི་ལོ་ངོ་ལྔ་ཡིས་ཞི་ཅེན་ཕེང་ནི་གསར་བརྗེའི་འགོ་ཁྲིད་ཞིག་རེད་དམ། ཡང་ན་འགོ་ཁྲིད་སྔོན་མའི་འཕོ་འགྱུར་གྱི་རྗེས་འཛིན་མཁན་ཁོ་ན་ཞིག་ཡིན་མིན་གསལ་བོར་ཤེས་འཇུག་གི་རེད།

མཇུག་རྫོགས།

(ཁྲིན་ལེས་ནི་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་བའི་བྷི་རོས་ཁེན་སློབ་གླིང་གི་ཇོན་ཨལ་ཐོན་ཅོན་རྒྱ་ནག་ཉམས་ཞིབ་སྡེ་ཁག་གི་ཉམས་ཞིབ་འགན་འཛིན་ཡིན་པ་མ་ཟད་རྒྱལ་ཡོངས་ཨ་རྒྱའི་འབྲེལ་ལམ་ལྷན་ཚོགས་ཀྱི་འགན་འཛིན་ཡང་ཡིན། ཁོང་གི་བརྩམས་ཆོས་ལ་དཔེ་དེབ་ཁག་ཅིག་ཡོད་པའི་ཁྲོད་ནས་“ཀྲུང་ནན་ཧེར་བསྐྱོད་པའི་ལམ”དང་“རྒྱ་ནག་གི་ཐ་མག་བཟོ་གྲྭ་དང་ཐ་མག་འགོག་པའི་ལས་འགུལ་གྱི་སྲིད་དོན་ས་ཁྲ”ནི་ཉེ་བའི་ཆར་ཀློག་པ་པོའི་མདུན་དུ་བཀྲམས་པའི་དཔེ་དེབ་གཉིས་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*