ཕྲ་མཐོང་ཆེ་ཤེལ་འོག་གི་དཔེ་དེབ་བྲིས་མ་དག

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སམ་བེན་ཞའེ་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དཔེ་དེབ་བྲིས་མ་དག་གི་སྐོར་ལ་ཞིབ་འཇུག་བྱེད་སྐབས་ང་དགའ་ཤོས་གཅིག་ནི་དེ་དག་ལ་འཇུག་སྒོ་ཐབས་ལམ་འདྲ་མིན་མང་པོ་ཞིག་ཡོད་པ་དེ་རེད། ཁྱོད་ཀྱིས་དཔེ་དེབ་བྲིས་མ་དེ་དག་གི་སྟེང་དུ་བྲིས་པའི་ཡི་གེ་དག་ཀློག་ཐུབ་ཀྱི་རེད་ལ་དེ་དག་གི་དབྱིབས་དང་ཆེ་ཆུང་ལའང་ལྟ་ཐུབ་ཀྱི་རེད། ད་དུང་ཁོང་ཚོ་ཕྱོགས་གཅིག་ཏུ་ཇི་ལྟར་བསྡེབས་ཡོད་པ་དང་། དེ་བཞིན་དུ་བྲིས་རྩོམ་དག་ཤོག་ངོས་སུ་ཇི་ལྟར་བཀྲམས་ཡོད་པ་༼འདི་ལ་ཨིན་སྐད་དུ codicology ཟེེར།༽ དང་བྲིས་རྩོམ་དེའི་འབྲི་ཐབས་གང་འདྲ་ཡིན་པའི་སྐོར་ལའང་༼འདི་ལ་ཨིན་སྐད་དུ palaeography ཟེེར།༽ ་ལྟ་ཞིབ་བྱེད་ཐུབ་ཀྱི་རེད། ཁྱེད་རང་གིས་དཔེ་དེབ་བྲིས་མ་དེ་དག་གི་རྒྱུ་ཆ་ལ་འཚོལ་ཞིབ་བརྒྱུད་ནས་ཤོག་ངོས་ཤིག་གི་འཇམ་རྩུབ་ཀྱི་ཕྱོགས་དེ་དང་དེ་དག་གི་སྤུས་ཀ་དང་ཐག་རན་ཕྲ་མོ། རིམ་པ་བསྟར་ཆགས་སུ་བཀོད་པའི་ཡིག་ཕྲེང་དག་གི་རས་ཆའི་དཔེ་རིས་ཕྲ་མོ་དེ་དག་ཚོར་ཐུབ་ཀྱི་རེད། གལ་ཏེ་ཁྱེད་རང་མི་རླུང་རྟ་ཅན་ཞིག་ཡིན་ན། ཁྱོས་ད་དུང་དེ་དག་སུས་བྲིས་མིན་དང་སུ་ཞིག་གིས་བདག་ཏུ་བཟུང་ཡོད་པ་དང་དེ་དག་ཇི་ལྟར་བེད་སྤྱོད་བྱས་ཡོད་པ། སུ་ཞིག་གིས་དེ་དག་བསྐྱར་དུ་བཟོ་བཅོས་དང་བེད་སྤྱོད་བྱས་པ་སོགས་ཀྱི་སྐོར་རྩད་གཅོད་བྱེད་ཐུབ་ཀྱི་རེད།

ཁོ་བོས་འདི་ནི་དཔེ་དེབ་དག་གི་སྐོར་ལ་དུས་ཚོད་ཤིན་ཏུ་མང་པོ་གཏོང་མཁན་གྱི་མི་ག་གེ་མོ་ཞིག་གི་ཕན་མེད་ཀྱི་ཤེས་འདོད་ཙམ་མ་རེད་བསམ་གྱི་ཡོད། ཏུན་ཧོང་དང་དབུས་ཨེ་ཤེ་ཡའི་ས་ཁུལ་གཞན་དག་ནས་ཐོན་པའི་གནའ་བོའི་བོད་ཀྱི་དཔེ་དེབ་བྲིས་མ་དག་གི་སྐོར་གྱི་ཞིབ་འཇུག་མང་ཆེ་ཤོས་ཀྱིས་དཔེ་ཆའི་གཞུང་དག་གི་སྒང་ལ་དམིགས་ཀྱི་ཡོད་ནའང་། ང་ཚོས་དངོས་གཟུགས་རང་གི་ཐོག་ནས་ཀྱང་ད་དུང་མང་པོ་ཞིག་བརྙེད་ཐུབ་ཀྱི་རེད། དཔེ་དེབ་ཀྱི་གཞུང་དེ་བཀླགས་པ་དང་དེ་གཞུང་གཞན་དག་དང་བསྡུར་ན་ང་ཚོས་གཞུང་དེ་ག་རེ་སྐོར་ཡིན་མིན་གསར་དུ་ཤེས་རྟོགས་བྱེད་ཐུབ་ངེས་རེད། ཡིན་ནའང་། ད་དུང་ང་ཚོས་མི་ཤེས་པའི་བྱ་དངོས་མང་པོ་ཞིག་ཡོད་པ་རེད། དཔེར་ན། སུ་ཞིག་གིས་དཔེ་དེབ་བྲིས་མ་དེ་མཛད་པ་དང་། སུ་ཞིག་གིས་དེ་བེད་སྤྱོད་བྱས་མིན། དེ་ག་རེ་ཆེད་དུ་བེད་སྤྱོད་བྱས་མིན་བཅས་ལྟ་བུ་རེད། གལ་ཏེ་ང་ཚོས་དཔེ་དེབ་བྲིས་མ་དེའི་སྐོར་གྱི་དྲི་བ་འདི་ཚོ་ལ་ལན་བརྙེད་ཐུབ་པ་ཡིན་ན། ང་ཚོའི་དཔེ་དེབ་ཀྱི་གཞུང་དེའི་གོ་རྟོགས་ཇེ་ལེགས་སུ་འགྲོ་གི་རེད། ཡང་ན། སྐད་ཆ་གཞན་པ་ཞིག་གི་ནང་བརྗོད་ན། གལ་ཏེ་ང་ཚོས་གཞུང་ཞིག་གི་གོ་དོན་རྟོགས་འདོད་ཡོད་ན་ང་ཚོས་དེ་ཇི་ལྟར་བེད་སྤྱོད་བྱས་བ་ལ་ལྟ་དགོས།
* * *

ལོ་ཉུང་ཤས་ཤིག་གི་སྔོན་ལ་ངས་ཨ་གྷུ་ནེ་རྫ་ཀ ཧེལ་ལི་མན ཝ་རྫུ་ནེ་ (Agnieszka Helman-Wazny)དང་ལྷན་དུ་ལས་འགོ་བརྩམས་པ་ཡིན། མོ་རང་ནི་བོད་དང་དབུས་ཨེ་ཤེ་ཡའི་ཤོག་བུ་ཞིབ་འཇུག་སྒང་ལ་ཆེད་ལས་སློབ་སྦྱོང་བྱེད་མཁན་གྱི་ཚན་རིག་པ་ཞིག་རེད། ཨ་གྷུ་ནེ་རྫ་ཀ་ཡི་ཆེད་ལས་སློབ་སྦྱོང་ནི་ཕྲ་མཐོང་ཆེ་ཤེལ་སྤྱད་དེ་ཤོག་བུའི་ཐག་རན་ཕྲ་མོ་དག་ལ་དཔྱད་ཞིབ་བྱེད་རྒྱུ་དེའོ།། ཁོ་མོས་ད་དུང་ཤོག་བུ་བཟོ་བའི་བརྒྱུད་རིམ་ལས་ཤོག་ངོས་སུ་ལྷག་པའི་རས་ཆའི་དཔེ་རིས་དག༼དཔེར་ན། “བསྟར་ཆགས་སུ་བཀོད་པའི་ཐིག་ཕྲེང་དག”་གི་རས་ཆའི་དཔེ་རིས་ཕྲ་མོ་ལྟ་བུ༽དང་ཤོག་བུ་བཟོ་སྤྱད་ཀྱི་འཕྲུལ་ལས་རིག་པའི་རྣམ་པ་གཞན་པ་དག་ལའང་ལྟ་གིན་འདུག རིམ་བཞིན་ང་ཚོས་ཁོ་མོས་དབུས་ཨེ་ཤེ་ཡ་ལས་བོད་ཀྱི་དཔེ་དེབ་བྲིས་མ་དག་གི་ཤོག་བུ་ལ་ཞིབ་འཇུག་བྱས་པ་དང་ངས་དཔེ་དེབ་བྲིས་མ་དེ་དག་གི་འབྲི་ཐབས་གང་འདྲ་ཡིན་མིན་ཐད་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དག་འཁྱེར་ཡོང་བའི་༼དཔེ་དེབ་ཀྱི་གཞུང་གི་བརྗོད་བྱའང་དེའི་ནང་དུ་འདུས་པ་གདོན་མི་ཟ།༽འཆར་གཞི་ཞིག་བཏིངས་བ་ཡིན། ང་ཚོས་དཔེ་དེབ་བྲིས་མ་ལྔ་བཅུ་འདེམ་སྒྲུག་དང་དེ་དག་གི་སྐོར་ལ་འབྲེལ་བ་ཡོད་པའི་༼ང་ཚོས་རྙེད་པའི་༽རྒྱུ་ཆ་ཡོངས་རྫོགས་སྒྲོག་ཙེ་ཞིག་གི་སྒང་ལ་བཞག་སྟེ་དེ་དག་ལས་མངོན་དུ་གྱུར་བའི་རས་ཆའི་དཔེ་རིས་དག་ལ་བལྟས་པ་ཡིན།


དང་བ་འདྲེན་ནུས་པའི་གྲུབ་འབྲས་དག་ལས་གཅིག་ནི་བོད་རང་ནས་ཏུན་ཧོང་ལ་འཁྱེར་འོང་བའི་དཔེ་དེབ་བྲིས་མ་དེ་དག་ནི་ཏུན་ཧོང་དུ་ས་གནས་རང་ནས་བཟོས་བའི་དེ་ཚོ་དང་བསྡུར་ན་ཡོངས་སུ་མི་འདྲ་བ་ཞིག་གི་ལམ་ནས་བཟོས་ཡོད་པ་དེའོ།། ང་ཚོའི་དཔེ་མཚོན་ནི་ཚད་གཞི་ཅན་ཞིག་ཡིན་ནའང་། འདིས་དཔེ་དེབ་བྲིས་མ་ཞིག་གང་དུ་བཟོས་མིན་འཚོལ་བར་དཔེ་དེབ་བྲིས་མ་དེའི་“མཛུབ་ཐེལ”་འབྱུང་སྲིད་པའི་སྒོ་མོ་འབྱེད་ཀྱི་ཡོད།

དུས་རབས་བརྒྱད་པ་དང་དགུ་བའི་སྐབས་སུ་བོད་མི་ཚོ་བཅའ་སྡོད་བྱས་པའི་དབུས་ཨེ་ཤེ་ཡའི་ས་གནས་གཞན་དག་དང་ཏུན་ཧོང་དུ་བཟོས་པའི་དཔེ་དེབ་བྲིས་མ་དག་ནི་གོས་ཚལ་ཤོག་བུ་ལས་བཟོས་པ་འདྲ་པོ་འདུག གོས་ཚལ་ཤོག་བུ་ནི་ཕལ་ཆེར་གཙོ་བོར་ཐགས་རས་བསྐྱར་བཟོ་བྱས་པ་ཡིན་ས་རེད། ཤོག་བུ་བཟོ་སྤྱད་ཀྱི་བཟོ་ལས་ཡོ་བྱད་ནི་སྨྱུག་མ་འཚག་པ་བརྒྱབས་པ་ལས་ཐོན་པའི་ཁྲོལ་བུ་ཞིག་གིས་ལས་བཟོ་བྱས་པའི་བཟོ་དབྱིབས་ཤིག་རེད། ཡང་ན་ཤིང་གི་སྒྲོམ་གཞི་ཞིག་གི་སྒང་ལ་བསྒྲིགས་པའི་འདམ་རྩྭ་དག་ལས་བཟོས་པ་ཞིག་རེད། ཤིང་སྒྲོམ་དེས་ཐོན་སྐྱེད་བྱས་ཚར་བའི་ཤོག་བུའི་སྒང་ལ་བསྟར་ཆགས་སུ་བཀོད་པའི་ཡིག་ཕྲེང་དག་གི་རས་ཆའི་དཔེ་རིས་དེ་ཤུལ་ཏུ་བསྐྱུར་གྱི་རེད། བཟོ་དབྱིབས་འདི་རིགས་ཀྱི་ཁེ་ཕན་ནི་ཁྱོས་ཤོག་དུམ་ཞིག་ཡར་བླངས་ཏེ་སྐམ་དུ་བཅུག་ན་ཆོག་པ་དེ་རེད། སྐབས་དེའི་རིང་ཁྱོས་གཞན་པ་ཞིག་བཟོ་འགོ་རྩོམ་ཆོག་གི་རེད། ཕྱོགས་གཞན་པ་ཞིག་ནས་བརྗོད་ན། བོད་དང་འབྲུག བལ་ཡུལ་༒ལྟ་བུའི་ས་ཆ་ན་ད་ལྟ་ལག་ལེན་བྱེད་བཞིན་པའི་བྱེད་ཐབས་ཤིག་ནི་ཤིང་སྒྲོམ་ཞིག་གི་སྒང་ལ་རས་ཆ་ཞིག་ཕྱི་ནས་འཐེན་ཡོད་པ་དེ་རེད། བཟོ་དབྱིབས་འདི་རིགས་ལ་ཤོག་བུ་མ་བསྐམས་བར་དུ་དེ་འདོན་ཐུབ་ཀྱི་མ་རེད། དེར་བརྟེན། ཤོག་བུ་དེ་སྒྲོམ་གཞི་དེའི་སྒང་ན་སྐམ་གྱི་ཡོད་པ་རེད། འདི་ནི་ཐབས་ལམ་དལ་པོ་ཞིག་ཡིན་པ་མངོན་གསལ་རེད། འདི་ལྟ་བུའི་ཐབས་ལམ་འོག་ཐོན་སྐྱེད་བྱས་པའི་ཤོག་བུ་ལ་ཚགས་རྒྱག་པའི་ཐབས་ལམ་གྱི་༼བསྟར་ཆགས་སུ་བཀོད་པའི་༽ཡིག་ཕྲེང་དག་གི་ཐུན་མིན་ཁྱད་ཆོས་མེད་པ་རེད།


ང་ཚོས་སྔོན་ཚུད་ནས་ལག་བྲིས་མ་གཉིས་བོད་ནས་སྲོལ་གཏོད་ཡོད་སྲིད་པར་བསམས་པ་དེ་གཉིས་དངོས་གནས་བོད་ནང་དུ་ཐགས་བཏགས་སྤྱད་ཀྱི་བཟོ་དབྱིབས་ཤིག་གི་སྒང་ནས་བཟོས་འདུག ད་དུང་། དེ་གཉིས་དབུས་ཨེ་ཤེ་ཡའི་དཔེ་དེབ་བྲིས་མ་ནང་བཞིན་ས་གནས་རང་ནས་ཐོན་སྐྱེད་བྱས་པའི་གོས་ཚལ་གྱི་ཤོག་བུས་བཟོས་པ་མ་ཡིན་པར་རྩི་ཤིང་Daphne(1)དང་ཡང་ན་རྩི་ཤིང་Edgeworthia(2)དག་གིས་བཟོས་བ་རེད་འདུག རྩི་ཤིང་དེ་གཉིས་ཧི་མ་ལ་ཡའི་རི་རྒྱུད་དུ་སྐྱེས་ཀྱི་ཡོད། ཡི་གེ་དེ་ཚོ་དང་ད་དུང་སྔ་རབས་ཀྱི་‘square style’ འབྲི་ཐབས་སྤྱད་དེ་བྲིས་པའི་རྒྱལ་བའི་གསུང་རབ་ལག་བྲིས་མ་ཞིག་ཀྱང་ Daphne ཐག་རན་ཕྲ་མོ་སྤྱད་དེ་པར་རྩ་བསྒྲིགས་ཡོད་པ་རེད།

དེ་ནས་འདྲ་དཔེ་དག་གི་ཚུལ་དུ་བེད་སྤྱོད་བྱེད་པར་ཏུན་ཧོང་ལ་འཁྱེར་ཡོང་བའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ཆེན་མོ་ཡི་ལག་བྲིས་མ་དག་ཡོད་པ་རེད། བོད་ཀྱི་བཙན་པོས་ས་གནས་ཀྱི་ཡིག་མཁན་ནམ་མ་དཔེ་བཤུ་མཁན་དག་ལ་འདྲ་དཔེ་དེ་ཚོར་བལྟས་ཏེ་ངོ་བཤུས་རྒྱག་དགོས་པའི་བཀའ་བཏང་ཡོད་པ་རེད། ཏུན་ཧོང་དུ་བཟོས་པའི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ཡི་ལག་བྲིས་མ་དག་ས་གནས་རང་ནས་བཟོས་པའི་ལག་བྲིས་མ་གཞན་དག་བཞིན་ཚགས་མའི་བཟོ་དབྱིབས་ཤིག་གི་སྒང་ནས་གོས་ཚལ་གྱི་ཤོག་བུས་བཟོས་འདུག ཡིན་ནའང་། འཁྱེར་ཡོང་བའི་དཔེ་དེབ་བྲིས་མ་དེ་ཚོ་མཱ་ལུ་བྷེ་རེ་ཤོག་བུ་ Paper Mulberry(3) (Broussonetia)(4) འམ་བྷུ་རོ་སོ་ནེ་ཊེ་ཡ་ཐག་རན་ཕྲ་མོ་དག་གིས་ཐགས་བཏགས་པའི་བཟོ་དབྱིབས་ཤིག་གི་སྒང་ལ་བཟོས་འདུག ཤོག་བུ་མཱ་ལི་བྷེ་རེ་ཡི་ཐོན་ཡུལ་ནི་དབུས་བོད་ཀྱི་ས་ཆ་མིན་ཞིང་། དེ་ནི་བོད་ཤར་ཕྱོགས་སུ་བརྙེད་ཡོད་པ་རེད། དེར་བརྟེན། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ཡི་དཔེ་དེབ་བྲིས་མ་དག་ཏུན་ཧོང་ལ་འཁྱེར་ནས་མ་ཡོང་སྔོན་ལ་བོད་བཙན་པོའི་ཤར་ཕྱོགས་ས་ཁུལ་དག་ནས་ཕལ་ཆེར་ཐོན་སྐྱེད་བྱས་ཡོད་འདུག འདིས་ང་ཚོ་ལ་ང་ཚོས་དཔེ་དེབ་བྲིས་མ་དག་འཇོག་ཡུལ་གྱི་ས་དཔྱད་རིག་པའི་ས་ཁུལ་ཟུར་གསུམ་མ་ཞིག་སྤྲོད་ཀྱི་རེད། དེ་དག་ནི་དབུས་ཨེ་ཤེ་ཡ་དང་དབུས་བོད། བོད་ཤར་ཕྱོགས་གསུམ་མོ།།
* * *

ངས་ང་ཚོའི་ཞིབ་འཇུག་གི་གྲུབ་འབྲས་དག་དཔར་སྐྲུན་བྱས་ཡོད་པའི་རྩོམ་ཡིག་དེ་དྲ་རྒྱ་འདིའི་ཐོག་ཏུ་འགོད་ཐུབ་ཀྱི་མེད་ནའང་། ངས་གནད་བསྡུས་ཙམ་འདི་ནས་(5)ཕབ་ལེན་བྱེད་ཐུབ་པར་བཟོ་ཡི་ཡིན། ང་ཚོས་ཞིབ་འཇུག་བྱས་པའི་དཔེ་དེབ་བྲིས་མ་ལྔ་བཅུ་བོ་དེ་དག་ནི་བོད་ཡིག་ནང་ཡོད་པའི་དབུས་ཨེ་ཤེ་ཡ་དཔེ་དེབ་བྲིས་མ་དག་དང་བསྡུར་ན་སྙོམ་ཚད་ཧ་ཅང་ཆུང་ཆུང་ཞིག་རེད། དེར་བརྟེན། ང་ཚོས་བསམ་ཚུལ་བཏོན་པ་དེ་ངེས་གཏན་བཟོ་བར་ད་དུང་ཡང་བསྒྲུབ་དགོས་པའི་ལས་ཀ་མང། དེ་བཞིན་དུ་ཞིབ་འཇུག་གྲུབ་འབྲས་འདི་ཚོ་སྤྱད་དེ་གནའ་བོའི་བོད་ཀྱི་དཔེ་དེབ་བྲིས་མ་དག་གི་ས་གནས་འབྱུང་ཁུངས་གང་ཡིན་འཚོལ་ཆོག ང་ཚོས་ཀྱང་གནའ་བོའི་དུས་སྐབས་འདིའི་ནང་དུ་“བོད་ཀྱི་ཤོག་བུ”་ཟེར་ན་གང་འདྲ་ཞིག་ཡིན་པའི་སྐོར་ལ་ད་དུང་ཅུང་ཙམ་མང་པོ་ཞིག་བརྗོད་ཐུབ་ཀྱི་ཡོད། གལ་ཏེ་ང་ཚོས་དམིགས་བསལ་གྱིས་བོད་རང་གི་ཁྱད་ཆོས་ལྡན་པའི་ཤོག་བུ་རིགས་ཤིག་བརྗོད་པའི་འགོ་རྩོམ་ཐུབ་པའི་དབང་དུ་བཏང་ན། དེ་ནི་དབུས་བོད་ནས་རྩི་ཤིང་ Daphne འམ་ Edgeworthia བཟོས་པའི་ཤོག་བུ་ཞིག་གམ་ཡང་ན་བོད་ཤར་ཕྱོགས་སུ་ཐགས་བཏགས་པའི་བཟོ་དབྱིབས་ཤིག་གི་སྟེང་བཟོས་པའི་ཤོག་བུ་མཱ་ལུ་བྷེ་རེ་ Paper Mulberry ཡིན་པ་རེད། འདི་ནི་དུས་ད་ལྟའི་བར་དུ་མུ་མཐུད་བཞིན་པའི་བཟོ་ལས་རིག་རྩལ་ཞིག་རེད་དོ།།

* * *
དཔྱད་གཞི་ཡིག་ཆ།
Helman-Wazny, Agnieszka and Sam van Schaik. 2012. “Witnesses for Tibetan Craftsmanship: Bringing Together Paper Analysis, Palaeography and Codicology in the Examination of the Earliest Tibetan Manuscripts.” DOI: 10.1111/j.1475-4754.2012.00687.x
Iwao, Kazushi (forthcoming). “On the Tibetan Śatasāhasrikā-prajñāpāramitā sūtra from Dunhuang.” In Scribes, texts, and rituals in early Tibet and Dunhuang (eds. B. Dotson, K. Iwao and T. Takeuchi). Wiesbaden: Reichert Verlag.

འདྲ་པར།
1. Paper mulberry (Broussonetia sp.) fibres stained with Herzberg stain, found in IOL Tib J 1560.
2. A large-size ‘floating’ mould, constructed with a wooden frame and attached woven textile, placed in water (a stream) in Gyantse, c. 1910–1920. Photo 1112/2 (139), © The British Library
3. The flower of the Daphne plant.
4. Sheets of paper left to dry on individual moulds on the mountain slope near Tawang, Arunchal Pradesh, 1914. MSS Eur/F157 (324), © The British Library.
* * *

མཇུག་མཐའི་ཟིན་ཐོ།
རིགས་ཉེ་བའི་རྩི་ཤིང་སྒྲ་ཧྥུ་ནེ་ Daphne དང་ཨེ་རྗི་བོར་ཐེའི Edgeworthia ་ལས་བཟོས་བའི་ཤོག་བུ་ལ་བོད་སྐད་ནང་ཤོག་ཤིང་ངམ་ཡང་ན་དུང་ལོ་མ་ཟེར་གྱི་ཡོད་ཅིང་། ད་དུང་ཁྱད་ཆོས་མཐུན་པའི་རྩི་ཤིང་ Stellera chamaejasme དང་སྐབས་འགར་ Euphorbia fisheriana གཉིས་ཀའི་རྩ་བ་དག་ལས་ཀྱང་བོད་ཀྱི་ཤོག་བུ་བཟོ་ཡི་ཡོད་པ་རེད། བོད་སྐད་ནང་སྔ་མ་ལ་རེ་ལྕག་པ་དང་ཕྱི་མ་ལ་རེ་ལྕག་པའི་རྩ་བ་ཟེར་གྱི་ཡོད། རེ་ལྕག་པ་ནི་བོད་ཀྱི་ཤོག་བུའི་“ཐོག་མའི་འབྱུང་ཁུངས”་ཡིན་པའི་བསམ་ཚུལ་འདོན་བཞིན་མཆིས། ང་ཚོས་རང་གི་ཞིབ་འཇུག་ནང་དུ་འདི་ལྟ་བུའི་ཤོག་བུ་གང་རུང་རྙེད་མེད་ནའང་། བོད་རང་ནས་རྙེད་པའི་ཉམས་ཞིབ་ཀྱི་རྒྱུ་ཆ་དག་གིས་དེ་ནི་བོད་བཙན་པོའི་སྐབས་སམ་ཡང་ན་དེའི་རྗེས་སུ་ཐོན་སྐྱེད་བྱུང་ཡོད་མེད་ངེས་བརྟན་བཟོ་བར་གཞོགས་འདེགས་གནང་སྲིད། དེ་བཞིན་དུ་རྙོག་འཛིངས་ཅན་གྱི་ཉམས་ཞིབ་འདི་ཚད་ལས་བརྒལ་བའི་གོ་བདེ་བ་བཟོ་བར་ཁག་པོ་མ་རེད། ངས་ང་ཚོའི་རྩོམ་ཡིག་ནང་བྲིས་པ་ནང་བཞིན་ཏུན་ཧོང་དཔེ་དེབ་བྲིས་མ་དག་གི་ནང་གི་གོས་ཚལ་གྱི་ཤོག་བུ་འང་མཱ་ལུ་བྷེ་རེ་ཤོག་བུ་ Paper Mulberry དང་ཡང་ན་ཧམ་ཕུ་ཤོག་བུ Hemp ་བསྣན་ནས་ཡང་ཡང་བཟོས་ཡོད་པ་འདི་ནས་གསལ་བཤད་གནང་ན་ཡག་ཤོས་རེད་བསམས་བྱུང་། ཚན་རིག་པ ཨ་གྷུ་ནེ་རྫ་ཀ ཧེལ་ལི་མན ཝ་རྫུ་ནེ་Agnieszka Helman-Waznyཡི་དབུས་ཨེ་ཤེ་ཡ་ལས་རྒྱ་ནག་གི་དཔེ་དེབ་བྲིས་མ་དག་གི་སྒང་ལ་རྒྱུན་མ་ཆད་པར་ཞིབ་འཇུག་བྱེད་བཞིན་པ་འདིས་དབུས་ཨེ་ཤེ་ཡའི་ཤོག་བུ་བཟོ་སྟངས་སྐོར་གྱི་ང་ཚོའི་གོ་རྟོགས་སྔོན་ལས་གཏིང་ཇེ་ཟབ་ཏུ་གཏོང་ངེས་པ་གདོན་མི་ཟའོ།།

སྒྱུར་མཁན་གྱི་མཆན།
༡ http://en.wikipedia.org/wiki/Daphne_bholua
༢ http://en.wikipedia.org/wiki/Edgeworthia_gardneri
༣ http://en.wikipedia.org/wiki/Paper_Mulberry
༤ http://en.wikipedia.org/wiki/Paper_Mulberry

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to ཕྲ་མཐོང་ཆེ་ཤེལ་འོག་གི་དཔེ་དེབ་བྲིས་མ་དག

  1. ཀླུ་སྨྱོན་ ནས།

    དུས་རབས་བཅུ་གསུམ་པའི་དུས་དུ་རྒྱ་ནག་ནས་ཤོག་བུ་ཕོན་ཆེན་བོད་དུ་འཁྱེར་ཡོང་གི་ཡོད་པ་བཅོམ་ལྡན་རིག་རལ་གྱི་རྣམ་ཐར་སོགས་སུ་གསལ།

  2. རིག་འབྱུང་དོན་གྲུབ་བཀྲ་ཤིས་ ནས།

    ཤོག་བུའི་སྐོར་དེ་བཅོམ་ལྡན་རིག་རལ་གྱི་རྣམ་ཐར་དུ་གང་ཡོད་པ་དེ་འདི་རུ་སྙིང་བསྡུས་ཤིག་འདོད་ཐུབ་བམ།

  3. བསྟན་པ་ ནས།

    རྩོམ་འདིའི་རིགས་ཧ་ཅང་ཀློག་འདོད་ཆེན་པོ་ཡོད།

Write a Reply or Comment

Your email address will not be published. Required fields are marked *

*