ངའི་ཨ་མ་སྣེ་བཀྲས་མཐོང་བློ་གྲོས་ལྷ་དབང་གིས་གསུངས་པ་བཞིན་བཀོད་པ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། འཇམ་དབྱངས་ནོར་བུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ང་དགེ་འདུན་ཆོས་འཕེལ་དང་མཇལ་ནས་ལོ་མང་པོ་འདས་ཟིན་ཏེ། མི་ལོ་དྲུག་བཅུ་ལྷག་འགོར་འདུག་པས། ངས་མང་པོ་ཞིག་དྲན་གྱིན་མི་འདུག ང་ཁོང་ཐེངས་འགར་མཇལ་མྱོང་བ་དང་ཁོང་དང་ལྷན་དུ་ཚུལ་མཐུན་གྱི་ཁ་བརྡ་ཡང་བྱས་མྱོང༌། ཁོང་ངའི་གཅེན་པོ་བསོད་ནམས་སྟོབས་འབྱོར་གྱི་ཞེ་ཐག་ཉེ་བའི་གྲོགས་ཤིག་དང་ཤེས་རབ་ཀྱི་གྲོགས་ཀྱང་ཡིན། ངའི་གཅེན་པོ་དགེ་ཆོས་ལ་དགའ་མོས་ཆེ་ཞིང་སེམས་གཏིང་ནས་ཡིད་སྨོན་བྱེད་པ་དང༌། ལྷག་པར་དུ་ཁོང་གཉིས་ཀྱི་གཏམ་གླེང་རེ་རེའི་རྗེས་སུ་ང་ལ་ཁོང་གི་སྐོར་གསུང་ངེས། དེ་བས་དྲན་ཚུལ་ཞིག་ལ་འུ་ཚང་གི་ཁྱིམ་དང་བཟའ་མི་ཚོའི་ཁ་བརྡའི་བར། དེ་བཞིན་གང་དུའང་དགེ་འདུན་ཆོས་འཕེལ་གྱི་ངོ་སྣང་ཞིག་རྒྱུན་ཆད་མེད་པར་གནས་ཡོད་པར་སེམས།

ངའི་གཅེན་པོ་ནི་ཚོར་བ་ཧ་ཅང་སྐྱེན་པའི་མི་ཞིག་དང༌། གཤིས་རྒྱུད་འཇམ་ཞིང༌། བློ་རྣོ་བ་དང་དྲི་རྩལ་ཅན་གྱི་དཔེ་ཐོག་གི་ཡོན་ཏན་པ་ཞིག་ཡིན། ཁོང་གིས་བོད་ཡིག་ཀློག་མཁྱེན་པ་ཁོ་ན་མིན་པར་དབྱིན་ཡིག་དང་རྒྱ་ཡིག་ཀྱང་དེ་བཞིན་ཀློག་ཐུབ། ཁོང་ཡང་ཕལ་ཆེར་ཧོར་ཁང་གཞིས་ཀ་རུ་སྡོད་པའི་དགེ་འདུན་ཆོས་འཕེལ་གྱི་གྲོགས་སོག་པོའི་དགེ་བཤེས་ཆོས་གྲགས་ཀྱི་ཚོང་ཤག་ཡིན་པ། ངེད་ཚོའི་ཚ་བོ་ཧོར་ཁང་བསོད་ནམས་དཔལ་འབར་བརྒྱུད་ནས་དགེ་ཆོས་དང་འཕྲད་པ་རེད། བསོད་ནམས་དཔལ་འབར་ཡང་མཁས་པ་དག་གིས་མགོ་སྒུར་ས་ཞིག་དང༌། གཅེན་པོ་དང་དགེ་ཆོས་གཉིས་ཀྱི་གྲོགས་པོ་ཡག་པོ་ཞིག་རེད། ང་ཐོག་མར་དགེ་འདུན་ཆོས་འཕེལ་རྒྱ་གར་དུ་མ་ཐོན་གོང་ལ་མཇལ་བ་ཡིན། ཁོང་འུ་ཚང་གི་ཁྱིམ་ལ་གཅེན་པོར་འཕྲད་དུས་ཕེབས་དུས། གྲྭ་ཆས་མནབས་མི་འདུག་ལ། ཕལ་ཆེར་དེ་ནས་ཁོང་གིས་གྲྭ་ཆས་མ་མནབས་པ་འདྲ། ཁོང་གིས་བལ་གྱི་ཕྱུ་བ་རྒྱ་སྨུག་དཀྱུས་མ་ཁོབ་དོག་མོ་ཞིག་ལྷུག་ལྷུག་གེར་མནབས་འདུག ཁོང་གི་དབུ་སྐྲ་བཞར་མི་འདུག་ཀྱང་ཧ་ཅང་ཐུང་ཐུང་རེད། ཁོང་ལ་ཞལ་རས་རིད་ཅིང་སྐྱོ་ཤས་ལྡན་པ་ཞིག་འདུག་མོད། དེའང་ལྟ་ན་མི་སྡུག་པ་ཞིག་མིན་པར་ཁོང་གི་ཞི་ཞིང་དུལ་བའི་རང་བཞིན་བཟང་པོ་དེ་མངོན་འདུག ཁོང་གི་སྐུ་གཟུགས་ཀྱི་རིང་ཚད་འབྲིང་ཙམ་དང༌། གླེང་མོལ་གནང་དུས་བཅོས་མ་མ་ཡིན་པར་གསུང་ལྷུག་པོར་གནང་མཁན་ཞིག་རེད། ངའི་གཅེས་པོས་དགེ་འདུན་ཆོས་འཕེལ་དང་ལྷན་དུ་ཤེས་ཡོན་བགྲོ་གླེང་གནང་བ་དང༌། ཡང་ན་ཁ་བརྡ་རིང་པོ་བྱས་ཏེ་ཞག་མ་མང་པོར་འདུག་པ་དང༌། དུས་རྒྱུན་དུ་བློ་མགུ་བའི་གསུང་མོལ་གནང་བ་དང༌། རྗེས་སུ་ང་ལ་དེའི་སྐོར་གསུངས་པ་རེད། ཁོང་རྒྱུན་དུ་དགེ་ཆོས་ལ་ཐུག་འཕྲད་དུ་བསྐྱོད་ནས་བཀའ་མོལ་གནང་གིན་ཡོད། དེ་བས་ངས་གཅེན་པོ་བརྒྱུད་ནས་ཁོང་གི་སྐོར་མང་པོ་གོ་ཐོས་བྱུང་བ་རེད།

གཅེན་པོས་གསུང་སྐད་མཐོན་པོས་ཁོང་གི་སྐོར་གསུངས་པ་དེ་ནས་ངས་ཀྱང་ཁོང་ལ་གུས་བརྩི་ཆེན་པ་བྱེད་དགོས་བྱུང༌། ཁོང་གིས་ང་ལ་དགེ་འདུན་ཆོས་འཕེལ་གྱི་ཕ་ནི་མཐུ་ནུས་པ་ཅན་གྱི་སྔགས་པ་ཞིག་རེད། ཁོང་ནི་དོན་དངོས་ཐོག་རང་གི་སྔགས་ཀྱི་ནུས་པ་མངོན་སུམ་དུ་སྟོན་ཐུབ་མཁན་ཞིག་རེད་ཅེས་གསུངས་པ་ངས་གསལ་བོར་དྲན་གྱིན་འདུག་ལ། ད་དུང་ངས་དགེ་འདུན་ཆོས་འཕེལ་རྭ་ཅོ་ཅན་གྱི་སྲོག་ཆགས་ཤིག་གིས་བོད་དབུས་ཕྱོགས་སུ་འདེད་པའི་རྨི་ལམ་ཁྱད་མཚར་ཞིག་འཆར་ཅན་ཐེངས་མང་པོར་བཏང་བའི་རྗེས་སུ་ཨ་མདོ་དང་ཁ་གྱེས་ཏེ་འབྲས་སྤུངས་དགོན་པར་ཕེབས་པ་དང༌། ཁོང་གི་རྭ་ཅན་གྱི་སྲོག་ཆགས་དེ་དགེ་ལུགས་པའི་ཆོས་སྐྱོང་དམ་ཅན་ཆོས་རྒྱལ་ལ་ངོས་འཛིན་བྱས་ཏེ། རྨི་ལམ་དེ་ཁོང་ཨ་མདོ་ནས་མ་བཞུགས་པར་ལྷ་སར་ཕེབས་ནས་དགེ་ལུགས་པའི་དཔེ་ཆ་བ་ཞིག་ཏུ་འགྱུར་དགོས་པའི་རྟགས་བསྟན་པ་རེད་ཟེར་བའང་གོ་མྱོང༌། དེ་བས་དགེ་འདུན་ཆོས་འཕེལ་གྱི་ཁྱིམ་གྱི་ལུགས་སྲོལ་ཤུགས་ཆེ་ཤོས་རྙིང་མ་ཡིན་ཡང་ད་ལྟ་དགེ་ལུགས་པར་གྱུར་པ་རེད།

ཡང་དགེ་འདུན་ཆོས་འཕེལ་གྱིས་ངའི་གཅེན་པོར་ཁོང་གྲྭ་བ་ཡིན་དུས་སྐྱབས་རྗེ་ཕ་བོང་ཁ་པས་ཐུགས་ཉེ་བོ་གནང་གིན་ཡོད་པ་དང༌། མཚམས་རེར་ཁོང་སྐྱབས་རྗེ་ཕ་བོང་ཁ་པའི་མཚམས་ཁང་ལ་བླ་མ་མཇལ་དུ་ཕྱིན་སྐབས། ཕ་བོང་ཁ་པ་ཐུགས་བརྩེ་བ་ཆེན་པོས་ཁོང་ལ་འཐམ་ཞིང་བྱིན་རླབས་གནང་བ་དང༌། ཁོང་གིས་རྩེད་མོ་དང་སྦྲགས་ནས་དགེ་འདུན་ཆོས་འཕེལ་གྱི་རྒྱབ་ལ་ཕྱག་གིས་འཕུར་འཕུར་བྱེད་བཞིན་གྲྭ་པ་དཔེ་ཆ་བ་ཚོས་རང་དོན་ཡལ་བར་དོར་ཞིང་གཞན་ལ་མི་འཚེ་བར་སློབ་སྦྱོང་ལ་རྩེ་གཅིག་ཏུ་གཞོལ་བ་རེད་ཅེས་བསྙད་འདུག ཕ་བོང་ཁ་པ་རིན་པོ་ཆེ་ཡིས་ཁོང་ལ་རྒྱབ་སྐྱོར་གྱི་ཚུལ་དུ་དངུལ་དང་རྒྱུ་ནོར་གྱི་ལེགས་སྐྱེས་ཀྱང་གནང་འདུག གཞན་ཡང་དགེ་འདུན་ཆོས་འཕེལ་གྱིས་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་་༼རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བའི་ཡོངས་འཛིན།༽ཡིསཁོང་ལ་ཐུགས་བརྩེ་བ་ཆེན་པོས་རྒྱབ་སྐྱོར་གང་ལེགས་གནང་སོང་ཞེས་གསུངས་འདུག མཚམས་རེར་གཅེན་པོས་ད་ལྟའི་དུས་འདིར་སྔར་གྱི་ལོ་ཙཱ་བ ་ཆེན་པོ་དག་དང་འདྲ་བའི་ལོ་ཙཱ་བ་ངོ་མ་གཅིག་ཡོད། ཁོང་ནི་དགེ་འདུན་ཆོས་འཕེལ་ལགས་རེད་ཅེས་བསྔགས་ཤིང༌། ཁོང་རྒྱ་གར་ལ་ཕེབས་ནས་ཕྱིར་ལོག་རྗེས་ཆོས་ཀྱི་ཚིགས་སུ་བཅད་པ་ཞེས་པ་པ་ལི་ནས་བོད་ཡིག་ཏུ་བསྒྱུར་གྲུབ་འདུག་ལ། འུ་ཚང་གིས་བསྒྱུར་ཡིག་དཔར་བསྐྲུན་གྱི་སྦྱིན་བདག་བྱེད་རྒྱུ་ཐག་བཅད་པ་དང༌། ང་ཚོས་དམིགས་བསལ་གྲ་སྒྲིག་ཚོགས་ཆུང་བསྐོ་བཞག་གིས་པར་ཤིང་མང་པོ་དབོར་ནས་སྔོན་མའི་ལུགས་ལྟར་ཤིང་པར་ལ་བཏབ་སྟེ་བླ་མ་དང་དཔེ་ཆ་བ། སློབ་སྦྱོང་གི་བསྟི་གནས་ཁག་བཅས་ལ་ཞལ་འདེབས་ཀྱི་ཆེད་དུ་གང་མང་པར། དགེ་ཆོས་ཀྱི་འགྱུར་ལ་སྙན་ངག་གི་ཉམས་དང་རྣམ་པ་ཞེ་དྲགས་ཐོན་འདུག་པས། ངོ་མ་པ་ལིའི་འགྱུར་ཡིག་རང་རེད། ང་རང་གིས་ཐེངས་མང་པོར་བཀླགས་མྱོང་ལ།

ད་དུང་ངས་“གཉིད་མེད་པ་ལ་མཚན་མོ་རིང༌།། ངལ་བར་གྱུར་ལ་དཔག་ཚད་རིང༌།། དམ་པའི་ཆོས་ནི་མི་ཤེས་པའི།། བྱིས་པ་རྣམས་ལ་འཁོར་བ་རིང༌།།”ཞེས་པའི་ཚིགས་བཅད་འདི་དྲན་གྱིན་འདུག འུ་ཚང་གིས་གཞན་བདུད་འཇོམས་རིན་པོ་ཆེ་ཡི༼བརྡ་ཡིག་དཔེ་ཆ།༽དང་རྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་བཅས་དཔར་བསྐྲུན་བྱས་ཡོད་ལ། ཡོན་ཏན་པ་བཀྲ་ཤིས་ཚེ་རིང་གིས་ང་ལ་ཚངས་དབྱངས་རྒྱ་མཚོའི་གསང་རྣམ་ཉེ་ཆར་བོད་ནས་པར་བསྐྲུན་བྱས་འདུག་གསུངས་སོང་སྟེ། འོན་ཀྱང༌། ངས་འུ་ཚང་གིས་པར་དུ་བཏབ་པའི་ཆོས་ཀྱི་ཚིགས་སུ་བཅད་པའི་འགྱུར་ཡིག་གི་པར་མང་པོ་ཞིག་ལྷག་ཡོད་པར་མི་བསམ།༼པར་གཞན་ཞིག༽ལྕགས་པར། ཀ་ལིམ་སྦུག་ཏུ་མཐར་ཕྱིན་སྦ་ཕུ་ལགས་ཀྱིས་པར་དུ་བཏབ་པ་དང་གཞན་བྱང་ཆུབ་ཆེན་པོའི་ཆོས་ཚོགས་ཀྱིས་པར་བསྐྲུན་བྱས་པ་རེད། ཤིང་པར་དག་འུ་ཚང་གི་ལྷ་སའི་གཞིས་ཀའི་ཁྱིམ་གྱི་ཆོས་ཁང་ནང་ཉར་བ་རེད། ལྷ་ཁང་འདིའི་རྒྱ་ཁྱཽན་ན་ཀ་བ་བཞིའི་ས་ཡོད། དཔར་ཤིང་རྣམས་རྩིག་ངོས་གཅིག་གི་བང་ཁྲིའི་སྟེང་ཉར་ཡོད། ལན་རེར་དཔེ་ཆ་དཔར་དགོས་མཁན་ཚོར་གཡོར་བ་རེད། ཐེངས་ཤིག་ལྷ་སར་ལོག་པའི་སྐབས་སུ་ངས་ཆོས་ཀྱི་ཚིགས་སུ་བཅད་པ་དང་བཅས་པའི་ཤིང་དཔར་རྣམས་རིག་རྒྱུ་མེད་པ་ཤེས་རྟོགས་བྱུང་བས། ང་མེད་དུས་ཁྱིམ་གྱི་ཅ་ལག་ལ་བདག་གཉེར་བྱེད་མཁན་ཨ་ཞང་ཀུན་འཆང་ལ་འབྲེལ་བ་བྱས་པར། ཁོང་གིས་པར་རྒྱག་མཁན་ཞིག་ལ་གཡར་ཡིན་ཏེ་མི་དེའི་མིང་གློ་བུར་དུ་མི་དྲན་ཚུལ་བརྗོད་སོང་ལ། དེ་ནི་ལས་ཀ་འདིའི་མཇུག་སྡོམ་དུ་གྱུར་བ་རེད།

ཉིན་ཞིག་ལྷ་ས་རུ་གཅེན་པོ་གཞུང་གི་ཚོང་དོན་ཆེད་དུ་ཕྱིར་བུད་སོང་པས་ང་རང་ཁེར་རྐྱང་ཡིན་པའི་སྐབས་ཤིག་ལ་ངས་དགེ་འདུན་ཆོས་འཕེལ་ཇོ་ཁང་བྱང་ངོས་ཀྱི་བཙོན་ཁང་ལྟེ་བ་དང་ལྷ་ས་གྲོང་ཁྱེར་གྱི་ཁྲིམས་ཁང་སྣང་རྩེ་ཤག་ཏུ་བཙོན་འཇུག་བྱས་པ་གོ་ཐོས་བྱུང༌། ལམ་སང་ཡིད་ཆེས་བློ་འགེལ་ཐུབ་པའི་གཡོག་པོ་གཉིས་ཁོང་གི་གནས་སྟངས་རྩད་ཞིབ་དང༌། ཁོང་ལ་ཤ་དང་ཉལ་ཆས་ཞིག་མཁོ་སྤྲོད་ཕྱིར་མངགས་པ་ཡིན། གཡོག་པོ་གཉིས་ཕྱིར་ལོག་ནས་ང་ལ་སྐབས་དེར་གནས་སྟངས་སྐྱོ་བོ་རེད་མི་འདུག སྐོར་སྲུང་བ་ཚོས་ཁོང་འཚོ་གནས་འགྲིག་ཙམ་དང་སྒེའུ་ཁུང་ཅན་གྱི་ཁང་བའི་རྩེ་ཐོག་གི་ཁང་མིག་ཅིག་ཏུ་བཅུག་འདུག་ཟེར། བཙོན་པ་མང་ཤོས་འོག་ཁང་ནང་འཇུག་པ་རེད། སྣང་རྩེ་ཤག་ནི་ཐོག་བརྩེགས་གསུམ་ཅན་གྱི་ཁང་བརྩེགས་ཤིག་ཡིན་པ་དང༌། དེ་ནི་དགོན་པ་རྙིང་པ་ཞིག་གམ་བླ་རུང་ཞིག་དང་འདྲ་ལ། ཕལ་ཆེར་དེའི་གཞི་རྩ་དེ་འདྲ་ཞིག་ཡིན་པ་འདྲ་ལ། ངས་དགེ་འདུན་ཆོས་འཕེལ་ལ་རྒྱ་གར་ནས་འཁྱེར་ཡོང་བའི་སྲིང་བལ་གྱི་ཉལ་ཐུལ་གསར་བ་ཞིག་ལ་ཤུབ་གསར་བ་ཞིག་གཡོགས་ནས་བསྐུར་བ་དང༌། ཇ་གང་ཡོད་པའི་ཇ་དེམ་དང་རྫ་མའི་ཇ་ཕོར་ཞིག་ཀྱང་བསྐུར་བ་མ་ཟད། གཡོག་པོ་ཚོར་དུས་རྟག་ཏུ་ཟ་མ་བསྐྱལ་དུ་བཅུག་ཅིང༌། ཁྱིམ་གྱི་མ་བྱན་ལ་མོག་མོག་དང་གཞན་བཅུད་ལྡན་ཟས་རིགས་བཟོ་བཅུག་ནས་བསྐུར་བ་དང༌། གང་བསྐུར་བ་དག་ཀྱང་གཙང་མ་དང་ཚུལ་མཐུན་བཟོས་ཡོད་ལ། བསྐུར་སའི་གཡོག་པོ་དག་ཀྱང་ཡིད་ཆེས་བློ་འགེལ་བྱས་ཆོག་པ་རྐྱང་ཡིན༌། ངའི་བསམ་པར་ཁོང་ཚོའི་གཅིག་ནི་འུ་ཚང་གི་ཞལ་ཏ་མ་བསོད་ནམས་ཀྱི་ཁྱོ་བོ་དོན་གྲུབ་དང་གཞན་ཁྱེད་རང་གི་བུ་རྗི་རྒན་མོ་པདྨ་ཚེ་དབང་གི་ཁྱོ་བོ་ཟླ་བ་ཚེ་རིང་ཡིན་སེམས། ཁོང་གིས་ཐ་མག་གི་ཤོག་སྒམ་གྱི་ནང་ངོས་སུ་མགྱོགས་བྲིས་བྱས་པའི་ཡི་གེ་ཁག་དང་ཆོས་ལུགས་ཀྱི་གཤིས་ལུགས་ལྟར་བྲིས་པའི་སྙན་རྩོམ་ཁག་བསྐུར་འདུག ཡི་གེ་གཅིག་གི་ནང་ཁོང་གིས་ཉིན་ཞིག་ཐ་མག་གི་ཟོམ་ཆེན་ཞིག་ཁོང་གི་སྐེད་འཛེགས་སྟེང་གི་སྒེའུ་ཁུང་ནང་འོག་གི་བཙོན་ཁང་ནང་ལོག་གི་ཁྱམས་རར་ཟགས་ཏུ་བཅུག་སྟེ། བཙོན་པ་ཚོས་དེ་ལ་ཕུད་རྒྱག་བྱེད་བཞིན་སུས་ཡིན་མིན་བརྩད་པའི་སྐོར་འགྲེལ་བརྗོད་གནང་བ་དང༌། ཁོང་གིས་ཉམ་ཐག་བཙོན་རོགས་ཚོར་རླབས་ལྟར་གཡོ་བའི་སྙིང་རྗེ་སྐྱེས་པའི་སྐོར་བྲིས་འདུག

ང་ལ་གཏན་ཁེལ་ཅིག་མི་འདུག་སྟེ་ཉི་མ་བཞི་ལྔ་ཞིག་གི་རྗེས་སུ་ཁོང་གིས་ང་ལ་དབྱིན་ཡིག་ནང་“བསྐུར་མི་དགོས”ཞེས་བྲིས་པའི་ཆེས་མཐའ་མཇུག་གི་ཡི་གེ་ཞིག་བསྐུར་སོང༌། ཁོང་གིས་ཕལ་ཆེར་དཔོན་རིགས་ཚོས་ང་ཚོ་ཐག་ཉེ་བོ་ཡོད་པ་ཤེས་ཚེ་བཀྲས་མཐོང་ཁྱིམ་ཚང་དོགས་ཟོན་གྱི་འཱོག་ཏུ་ཚུད་ཡོང་དགོངས་པ་འདྲ། དེ་བས་ངས་བཙོན་ཁང་དུ་ཟ་མ་བསྐྱལ་རྒྱུ་མཚམས་བཞག་མོད། ཁོང་གི་ཡི་གེ་ཁག་ཉར་བ་ཡིན། སྐབས་འདིར་ངས་གནས་སྟངས་འདི་བྱང་ངོས་ནག་ཚང་ནང་གི་ཁྱིམ་བདག་གཅེན་པོ་བསོད་ནམས་སྟོབས་འབྱོར་ལ་གཏད་པ་ཡིན། ཁོང་དེར་རྫོང་དཔོན་དུ་བསྐོས་ཡོད་པ་རེད། ངས་དགེ་འདུན་ཆོས་འཕེལ་རྒྱ་ནག་གོ་མིན་ཏང་སྲིད་གཞུང་གི་གསང་ཉུལ་བ་ཡིན་པའི་སྐྱོན་འཛུགས་བྱས་པ་ཐོས་དུས། ངའི་གཅེན་པོ་དང་དགེ་འདུན་ཆོས་འཕེལ་གཉིས་ཧ་ཅང་ཉེ་བོ་ཡོད་པས། ཁོང་ལའང་སྐྱོན་འཛུག་འདི་ཕོག་སྲིད་པ་དང༌། གལ་སྲིད་ཁོང་ལྷ་སར་ཡོང་ན་འཛིན་བཟུང་བྱ་ངེས་བསམས་ནས་སེམས་ལ་དངངས་སྐྲག་སྐྱེས་བྱུང་བས། ལམ་སང་ཁྱིམ་གྱི་གཉེར་བ་ཉི་མ་བྱང་ངོས་ནག་ཚང་ལ་མངགས་པ་ཡིན། གཡོག་འཁོར་རྒན་པོ་འདི་ངའི་གཡོག་མོ་ཟླ་བ་བུ་ཁྲི་ཡི་ཕ་རེད་ལ་ངེད་ཚང་ལ་མཐའ་གཅིག་ཏུ་བློ་དཀར་གཞུང་དྲང་ཡིན། ཕ་མ་གཉིས་གྲོངས་རྗེས་ཕ་མ་གཅིག་པའི་སྤུ་མཆེད་དག་གཉེན་འབྲེལ་རྒན་པ་ལྟ་བུ་ཡོད་པས། ཁོང་གིས་ང་ལ་ལྟ་སྐྱོང་བྱས་པ་རེད། ཁོ་ཛ་དྲག་གིས་ནག་ཚང་ལ་གཅེན་པོར་ལྷ་སར་མ་ཕེབས་ཞེས་ལན་བསྐྱལ་དུ་ཕྱིན་མོད། ངའི་གཅེན་པོ་རྒྱལ་སར་བགྲོད་པའི་ལམ་ལ་བུད་ནས་ནག་ཚང་ནས་ལྷ་ས་བར་གྱི་ལམ་གྱི་ཕྱེད་ཀའི་ས་འབྲོག་སྡེ་ཡངས་པ་ཅན་དུ་འབྱོར་འདུག འོན་ཀྱང༌། གཉེར་པས་ཁོང་ལ་མཇལ་ཐབས་བྱས་ཏེ་མུ་མཐུད་དུ་ལྷ་སར་མི་འགྲོ་རྒྱུ་ཐག་བཅད་འདུག

དུས་ཚོད་དེ་འདྲའི་སྐབས་སུ་ང་ཚོང་དོན་གཞན་ཞིག་གི་ཆེད་དུ་བཀའ་བློན་ཀ་ཤོད་པའི་ཤག་ཏུ་འགྲོ་དགོས་བྱུང༌། ངས་བཀའ་བློན་བཞུགས་སའི་ཁང་པའི་ནང་ཁོང་ལ་སྒུག་སྡོད་སྐབས་བཀའ་བློན་གྱི་བཟའ་ཟླ་ཡོང་ནས་ཁྱེད་རང་གི་གཅེན་པོ་གང་དུ་ཡོད་དམ་ཞེས་བྲིས་པས། ལམ་སང་ངའི་སེམས་ནང་དོགས་པ་སྐྱེས་པ་དང༌། ངས་ཁོ་མོས་གཉེར་པ་གཅེན་པོར་ལན་བསྐྱལ་དུ་བཏང་པ་ཤེས་འདུག་པའང་རྟོགས་བྱུང༌། དེ་ནས་བཀའ་བློན་ང་ལ་བཀའ་མོལ་གནང་དུ་ཕེབས་སོང༌། ངས་སྣང་དོགས་དང་བཅས་སྐད་གདངས་མཐོན་པོས་ཚུལ་མཐུན་གྱི་ཁ་བརྡ་བྱས་པར། ཁོང་གིས་ཀྱང་གཅེན་པོ་གང་དུ་ཡོད་ཅེས་དྲིས་བྱུང༌། ངས་ཁོང་གི་བཟའ་ཟླ་ལ་ལན་སྐྱོན་པ་བཞིན་ཁོང་བྱང་ངོས་ནག་ཚང་ལ་ཡོད་ལབ་པ་ཡིན། དེ་ནས་བཀའ་བློན་གྱིས་ཁོང་གིས་བདག་གཉེར་བྱས་པའི་ཁེ་ལས་ཁག་ལ་སྲས་སྐུ་ཞབས་ཀྱིས་ལྟ་སྐྱོང་བྱེད་དགོས་པ་རེད། <<ཡང་གཅིག་བཤད་ན་>>ཞེས་པའི་དཔེ་ལྟར་གཅིག་ནས་གཅིག་ལ་བརྒྱུད་དགོས་པ་ཞིག་ཀྱང་རེད། ཅེས་གསུངས་བྱུང་བས། ངས་ཁོང་གིས་གཅེན་པོར་དོགས་པ་བྱེད་པ་ཚོར་མོད། ངས་ཅི་ཡང་མ་བཤད།

ངའི་གཅེན་པོ་ལ་ཁོང་གི་གྲོགས་པོ་ཁམས་པ་ཤེས་ཡོན་ཅན་སྤོམམདའ་རབ་དགས་ཁོང་ཚོའི་གསང་བའི་གསར་བརྗེ་ཚོགས་པ་ལེགས་བཅོས་སྐྱིད་སྡུག་ཚོགས་པར་ཞུགས་དགོས་སྐོར་ཞུ་གཏུགས་བྱས་ཀྱང༌། ཁོང་ཚོགས་པ་དེར་འཛུལ་ཞུགས་གནང་མེད། གཅེན་པོ་གོ་མིན་ཏང་ལ་ཡིད་ཆེས་མེད་པ་མ་ཟད། ཁོང་དོན་དག་འདི་འདྲའི་ནང་དུ་ནམ་ཡང་ཚུད་མེད། གོ་མིན་ཏང་སྲིད་གཞུང་གི་ལས་བྱེད་མཐོན་པོ་ཞིག་གིས་གཅེན་པོར་ལྷ་ས་ནས་རྒྱ་ནག་གཞུང་གིས་འགྲོ་གྲོན་གཏོང་རྒྱུ་ཡིན་པའི་སློབ་གྲྭ་ཞིག་འཛུགས་རྒྱུའི་རེ་སྐུལ་བྱས་ནའང༌། ཁོས་ཚུལ་མཐུན་དགོས་ཁས་ལེན་བྱས་མེད། ལས་བྱེད་འདི་སྔོན་ཆད་ལྷ་སར་ཡོང་ནས་འབྲས་སྤོང་སྒོ་མང་ནས་སློབ་སྦྱོང་བྱས།འུ་ཚང་གི་གཞིས་ཀའི་འོག་ཁང་ནས་ཁང་མིག་ཅིག་བོགས་མར་བླངས་ཏེ་བསྡད་པ་རེད། ང་ཚོས་ཁོའི་གྲྭ་མིང་ལ་བྷེ་སངས་ཞེས་འབོད་ཀྱིན་ཡོད། ལོ་ཁ་ཤས་ཀྱི་རྗེས་སུ་ཁོང་བོད་ལྷོ་རྒྱུད་ཀྱི་ཐག་རིང་ས་སྟོང་ཞིག་ཏུ་ཡོད་པའི་གནས་བྱིན་རླབས་ཅན་ཙ་རི་ལ་གནས་སྐོར་དུ་ཕྱིན། ཁོང་རྒྱ་ནག་ལ་ཕྱིར་ལོག་རྗེས་རང་གི་མྱུལ་ཞིབ་སྐོར་གྱི་དེབ་ཅིག་བྲིས་པར་རྒྱ་ནག་གི་སྲིད་འཛིན་ཆིང་ཀེ་ཤེ་ཡིས་བསྔགས་བརྗོད་གནང་སྟེ་ལས་བྱེད་ཀྱི་གོ་གནས་སྤྲད་པ་རེད།

དེ་ནས་དགེ་འདུན་ཆོས་འཕེལ་ལགས་ལ་ངོ་རྒོལ་སྐྱོན་འཛུགས་ཁག་དམངས་ཁྲོད་དུ་ཁྱབ་སོང༌། དེ་དག་ཆབ་སྲིད་གནད་དོན་ཁོ་ན་མིན་པར་སྐྱུག་བྲོ་བའི་སྒེར་དོན་ཡང་ཡོད། ངས་སྔོན་ཆད་དོན་དག་འདི་དག་ལ་ཡིད་ཆེས་བྱས་མེད་ལ་ད་ལྟའང་བྱེད་ཀྱིན་མེད། གཅེན་པོས་དགེ་འདུན་ཆོས་འཕེལ་མཆོག་སྔོན་གྱི་ལོ་རྒྱུས་ཁྲོད་ནང་ཆོས་བོད་ལ་ཐོག་མར་དར་སྤེལ་གཏོང་མཁན་གྱི་སྐྱེས་ཆེན་དམ་པ་ལྟ་བུའི་ནང་པའི་མཁས་ཆེན་ངོ་མ་ཞིག་ཏུ་ངོས་འཛིན་བྱེད་པ་དང༌། ངས་ཀྱང་དེ་ལྟར་ཡིད་ཆེས་གཙང་མ་བྱས་ཡོད། ང་ཚོས་གཅེན་པོར་ངོ་རྒོལ་སྐྱོན་འཛུགས་མི་བྱེད་པ་ཐག་ཆོད་ནས་གཟོད་ཁོང་ལྷ་སར་ཕྱིར་ལོག ངས་དགེ་ཆོས་ཀྱིས་ང་ལ་བསྐུར་ཡོང་བའི་ཡི་གེ་ཁག་ཁོང་ལ་བསྟན་པ་ཡིན། ཁོང་ཉོབ་ཐག་ཆོད་ནས་ཡི་གེ་དག་མེར་བསྲེག་དགོས་ཞེས་བརྗོད་བྱུང༌། ཁོང་གི་སྐད་ཆ་དེའི་རྒྱུ་མཚན་ངས་ཤེས་མོད་ཁས་ལེན་མ་བྱས་ལ་ད་ལྟའང་བྱས་མེད། ལོ་འགའ་ཡི་རྗེས་སུ་ང་འུ་ཚང་གི་གཞིས་ཀ་རྩེའྀ་གཞིས་ཁང་དུ་ཡོང་བ་དང༌། དེ་ནས་ངའི་གཅུང་བོ་ཆུང་ཤོས་དང་གཅེན་མོ་གཉིས་དབྱིན་ཇིའི་སློབ་གྲྭར་འཇུག་ཆེད་རྒྱ་གར་དུ་ཡོང་པ་རེད། རྒྱ་གར་ནས་ཕྱིར་ལོག་དུས་དགེ་འདུན་ཆོས་འཕེལ་ལགས་བཙོན་ཁང་ནས་བཀློད་འདུག ཉིན་ཞིག་རེ་ལྟོས་གང་ཡང་བྱས་མེད་པའི་སྐབས་ཤིག་ལ་ཁོང་འུ་ཚང་གི་ཁང་པའི་མདུན་ཕྱོགས་ཀྱི་སྒོ་ནས་མཐོང་སོང༌། ཁོང་གིས་ཕྱུ་བ་ལྷུག་ལྷུག་ཅིག་གྱོན་ཏེ་ཆང་རག་ལང་ཤོར་བ་ཞིག་དང་འདྲ་འདུག་ལ། གཅེན་པོ་སྐེད་འཛེགས་འོག་ལ་རྒྱུགས་ནས་ཁོང་ལ་འཚམས་འདྲི་ཞུས་སོང༌། ཁོས་ཀྱང་གཅེན་པོ་མཐོང་མ་ཐག་རྒྱུགས་ཡོང་ནས་རྫོབ་པོར་གཅེན་པོར་འཐམས་སོང༌། གཅེན་པོས་ཁོང་གཟིམ་ཁང་དུ་གདན་དྲངས། དེ་ལྟར་གཅེན་པོས་ཁོང་གི་གྲོགས་པོའམ་དགེ་རྒན་དང་ལྷན་དུ་སྐྱེལ་བའྀ་ཤེས་སྟོབས་ཅན་གྱི་མཚན་མོ་བསྐྱར་མཐུད་བྱུང་བ་རེད།

སྐབས་དེ་ནས་གཅེན་པོས་ནག་ཚང་གི་ཁྲིམས་དཔོན་ཡུན་རིང་པོར་མ་གནང་པར་གཞུང་གི་ལས་ཀ་ཡང་དུ་ཕྱིན། ཁོང་ཉིན་གཅིག་ལ་ཆུ་ཚོད་གཉིས་རིང་ལྷ་སའི་གཞུང་གི་ཡིག་ཚང་ནས་སྡོད་དགོས་པ་མ་གཏོགས་དུས་ཚོད་ལྷག་མ་སོ་སོར་དབང་བ་རེད། གཅེན་པོ་དགེ་འདུན་ཆོས་འཕེལ་ལ་ཁང་མིག་ཆུང་ཆུང་ཞིག་ཡོད་པའི་བར་བསྐོར་མཐའ་ཡི་བྱང་ཕྱོགས་ཀྱི་སྒོ་མང་མཁན་ཟུར་གྱི་ཤག་ཏུ་འགྲོ་བ་རེད། ཁང་བརྩེགས་དེ་འབྲས་སྤུང་སྒོ་མང་ལ་དབང་བ་དང༌། ཁོང་གཉིས་ཀྱིས་༼མཚམས་རེར་གྲོགས་པོ་གཞན་ཡང་ཡོད། ༽ཆང་འགྱིག་དེམ་གང་མངགས་པ་དང༌། ༼དངུལ་སྲང་ལྔ༌།༽ཨ་རིའི་དམག་གི་ཨ་རག་སྒམ་ཁ་ཤས་ཡོད་པས། རྒྱབ་ཉལ་བྱས་ནས་བསྡད་དེ་གང་བྱུང་མང་བྱུང་བཤད་པ་རེད། ཁོང་གཉིས་ཀྱིས་འདི་ལྟར་ལོ་གཅིག་ལྷག་བསྐྱལ་བ་རེད། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ལ་དམག་མིའི་རྒྱུ་འཕྲོ་བོངས་ཆེན་པོ་བྱུང་བ་དེ་བོད་མིའི་ཁེ་ལས་སྒྲིག་འཛུག་ཚོང་པ་དག་གིས་བོད་ས་ཡོངས་རྫོགས་ལ་བཙོང་པ་རེད། ཚོང་སྣ་དེ་དག་གི་ཁྲོད་ནས་གྲགས་ཆེ་ཤོས་ཤིག་ནི་ཨ་རིའི་དམག་མིའི་ཨ་རག་རེད། དེ་ནི་བོད་མི་མང་ཤོས་ཀྱིས་ཚོང་རྫས་ཡག་ཤོས་སུ་བརྩི་བ་རེད། སྒམ་ཤག་རེར་ཤ་ལྕགས་ཏིན་གཅིག་དང༌། ལ་ཕུག་དམར་པོ་དང་སྲན་མ། སྔོ་ཚལ་གཞན་བཅས་ཀྱི་མཉམ་དུ་བསྲེས་ནས་ཚ་བརྒྱབས་ཏེ་བསྙལ་བའི་ཆེ་ཤ་དང་ཕག་ཤ་ཡོད་ལ། དེ་དག་ཏན་ཤིང་བག་ལེབ་མངར་མེད་འཐུག་པོ་གསུམ་དང་ལྷན་དུ་བསྒྲིལ་ཡོད། ད་དུང་འཕྲལ་འཕྲལ་དུ་འཐུང་ཆོག་པའི་འཚིག་ཇ་དྲི་ཞིམ་ཅན་འཐུམ་གཅིག བྱེ་མ་ཀ་ར་གྲུ་བཞི་མ་སྒམ་བཞི། ཐ་མག་སྒམ་ཆུང་ལྔ༌། ལག་འཁྱེར་མེ་ཆ་བཅས་དང༌། མངར་མོའི་ཆེད་དུ་ཆོ་ཀོ་ལེ་ཁྲི་ལེབ་ལེབ་འཐུག་པོ་ཞིག་དང་འགྱིག་བྱིལ་རིལ་རྐང་འགའ་ཤས་དང༌། གསང་སྤྱོད་དུ་རྒྱུན་སྤྱོད་ཤོག་བུ་ལེབ་མོ་ཁ་ཤས་བཅས་ཡོད། འདི་དག་ཚང་མ་ཤོག་བུ་འཐུག་པོའི་སྒམ་ཆུང་ཞིག་གི་ནང་དུ་བཞག་སྟེ་ལ་ཆའི་ཕྱི་ཤུན་གཡོགས་ཡོད།

དགེ་འདུན་ཆོས་འཕེལ་གྱིས་གཅེན་པོར་རྒྱ་གར་དང་བལ་ཡུལ་གྱི་ནང་པའི་གནས་ཆེན་ཁག་ལ་བསྐྱོད་པའི་སྐོར་གྱི་ཁ་བརྡ་བྱས་ཏེ། ཁོང་གིས་ལ་ཧོལ་དུ་༼གར་ཤ་འཕགས་པ།༽ཡོད་པའི་སངས་རྒྱས་ཀྱི་སྐུ་བརྙན་མཇལ་བའི་སྔོན་དགུང་མོར་སྐུ་བརྙན་རྨི་ལམ་རྨིས་སོང་ཞེས་གསུངས་པ་དང༌། ཁོང་སྐུ་བརྙན་ལ་དངོས་སུ་མཇལ་དུས་ངར་སྐད་ཆེན་པོ་འདོན་པ་གསན་ཐོས་བྱུང་ཚུལ་ཡང་བརྗོད་འདུག ངའི་བསམ་པར་རྟགས་མཚན་འདི་ཁོང་གིས་རྒྱ་གར་གནས་ཆེན་ཁག་གི་ལམ་ཡིག་ནང་བཀོད་ཡོད་སྙམ། སྐད་ཆ་འདི་ངས་ད་ལྟའི་དུས་སུ་དགེ་འདུན་ཆོས་འཕེལ་ལྷ་མེད་སྨྲ་བ་ཡིན་ཚུལ་བརྗོད་པར་ཐེ་ཚོམ་མི་ཟ་བའམ་ཡང་ན་དགེ་འདུན་ཆོས་འཕེལ་ཆོས་ལ་དད་པ་མེད་པ་བཅས་ཀྱི་གནས་ཚུལ་ཕྱིན་ཅི་ལོག་སྨྲ་མཁན་ཚོར་བཤད་པ་ཡིན། དོན་དངོས་སུ་ཁོང་ནི་ཆོས་པ་ངོ་མ་ཞིག་རེད། ཁོང་གིས་གཅེན་པོར་བླ་མ་དང་སྤྲུལ་སྐུ་ལ་སྐུར་འདེབས་བྱ་མི་ཉན་པའི་བསླབ་བྱ་གནང་པ་དང༌། ཁོང་བླ་མ་ཞིག་ལ་ནམ་མཇལ་ནའང་སྔོན་དགུང་མོར་སྤྱན་རས་གཟིགས་རྨི་ལམ་རྨི་བཞིན་འདུག་ཅེས་གསུངས་འདུག

སྐབས་དེར་ནས་ངའི་གཅེན་པོ་ཆུང་ཤོས་གཉིས་པ་རཀ་ར་རིན་པོ་ཆེ་ཡང་ཁོང་གི་གྲོགས་པོ་ཡིན་ལ། མཚམས་རེར་ཁོང་གི་མདུན་ནས་སློབ་གཉེར་གནང་གིན་ཡོད། ཉིན་ཞིག་རཀ་ར་རིན་པོ་ཆེ་ངའི་སར་ཡོང་ནས་དགེ་འདུན་ཆོས་འཕེལ་གྱི་རེ་སྐུལ་ཞིག་བརྗོད་པར། ཁོང་ལ་སྒྲོན་མའི་སྐུ་བརྙན་ཐང་ག་ཞིག་བཞེངས་རོགས་ཞེས་བཤད་བྱུང༌། རིན་པོ་ཆེ་ཡིས་ཕལ་ཆེར་དགེ་འདུན་ཆོས་འཕེལ་ལ་ངས་ལྷོད་ཡངས་བའི་སྐབས་སུ་ཚོན་གཏོང་གིན་ཡོད་སྐོར་བརྗོད་རྐྱེན་ཁོང་གིས་ངས་ཁོང་ལ་ཐང་ག་ཞིག་བཞེངས་ཐུབ་པར་དགོངས་པ་འདྲ། ངས་ཁོང་ལ་ཁྱེད་ཀྱིས་མཁྱེན་གསལ་ལྟར་ཐང་གའི་སྒྱུ་རྩལ་དང་ཆ་ཚད་ཀྱི་ནོར་འཁྲུལ་ནི་སྡིག་ཉེས་ཆེན་པོ་ཡིན་པས། ངས་བཞེངས་མི་ཐུབ་ཅེས་བརྗོད་མོད། ཁོང་གིས་སྒྲོལ་མའི་སྐུ་པར་ཞིག་ལ་ཚོན་གཏང་བར་ཨུ་ཚུགས་བརྒྱབས་བྱུང༌། ཁོང་གིས་བུ་མེད་ཚོར་བློ་སྦྱོང་ཐད་དམིགས་གསལ་ཁྱད་ཆོས་ཤིག་ཡོད་པར་དགོངས་ཡོད་པ་བཞིན། ཁོང་ལ་བུ་མེད་ཅིག་གིས་བཞེངས་བ་ཞིག་དགོས་མཁོ་བྱུང་བ་རེད། དེ་བས་ངས་ཀྱང་ཚོན་གཏང་རྒྱུར་མོས་མཐུན་བྱས་ཏེ་ལེགས་འགྲུབ་བྱུང་རྗེས། ཁོང་ལ་བསྐུར་བ་ཡིན། དེའི་རྗེས་སུ་འུ་ཚང་ལ་ཐུགས་རྗེ་ལེགས་འབུལ་ཞུ་རུ་ཕེབས་སོང༌། ཁོང་གིས་ང་ལ་ཁ་བཏགས་ཤིག་དང་སི་ཁྲོན་ཞིང་ཆེན་ནས་པར་དུ་བཏབ་པའི་རྒྱ་ནག་གི་དངུལ་སྒོར་སྟེང་དུ་རྒྱལ་བོ་ལྟ་བུ་ཞིག་གིས་ཞྭ་མོ་དང་ཙ་ཀོ་ར་རིང་བོ་ཞིག་གྱོན་པའི་རི་མོ་ཅན་ཞིག་བཅས་གནང་བྱུང༌། ངས་དངུལ་སྒོར་དེ་རང་གི་དྲན་རྟེན་དང་ལེགས་སྐྱེས་ཁག་ལས་རྩ་ཆེ་ཤོས་སུ་བརྩིས་ནས་ཉར་ཞིང་ད་ལྟའང་ཡོད།

ང་སྤྱི་ལོ༡༩༤༨ལོར་རྒྱ་གར་དུ་ཡོང་ནས་སྤྱི་ལོ༡༩༤༩ལོའི་དབྱར་ཁར་གཅུང་པོའི་གཉེན་སྟོན་གྲ་སྒྲིག་ཆེད་ཕྱིར་ལོག་པ་ཡིན། དེ་དུས་ཤིག་ལ་ངས་དགེ་འདུན་ཆོས་འཕེལ་སྐྱེས་དམན་ཞིག་དང་མཉམ་དུ་སྡོད་པ་གོ་ཐོས་བྱུང༌། མཚམས་རེར་ང་བསྟན་རྒྱས་གླིང་དགོན་པའི་ས་ཐོག་ན་ཡོད་པའི་ལྷ་སའི་ཏར་འཕྲིན་དང་ཁ་པར་ལས་ཁུངས་ཀྱི་ལས་བྱེད་ཨ་ཞང་བཀྲས་ཟུར༼དཔལ་ལྡན་རྒྱ་མཚོ།༽ལ་ཐུག་འཕྲད་དུ་བསྐྱོད་པ་ཡིན། ངའི་ཨ་ཞང་གི་ཁང་པ་དེ་ལོ་མང་འགོར་བའི་གླིང་ཀ་རྙིང་པ་ཞིག་ལྟར་མཐོང་ལ། ༼ཕལ་ཆེར་བསྟན་རྒྱས་གླིང་དགོན་པར་དབང་བ་འདྲ༽ལོ་འགའ་ཤས་ལ་བདག་མེད་དུ་ལུས་པ་རེད། ཁོང་གིས་སྒེའུ་ཁུང་ནས་ལྕང་སྡོང་འོག་གི་སྤང་ཆུང་ཆུང་དེའི་སྟེང་དུ་མི་གཉིས་བསྡད་ཡོད་པ་དེར་མཛུབ་མོ་བཙུགས་སོང༌། དེ་ནི་དགེ་འདུན་ཆོས་འཕེལ་དང་ཁམས་པ་སྐྱེ་དམན་ཞིག་གཉིས་ཀྱི་ཆང་འགྱིག་དེམ་གང་མཉམ་འཐུང་བྱེད་ཀྱིན་པ་རེད། ཨ་ཞང་གིས་ང་ལ་ཁོང་གཉིས་ཕལ་ཆེར་དུས་རྒྱུན་དུ་འདིར་ཡོང་ནས་ཆང་འཐུང་གིན་འདུག་ཅེས་བརྗོད་སོང༌། དེ་ནི་ངས་ཁོང་མཐོང་བ་ཆེས་མཐའ་མའི་མཐའ་མ་དེ་རེད།

དེ་དུས་ཁྱེད་རང་འཇམས་དབྱངས་ནོར་བུ།ལོ་གཅིག་རེད་ལ། རྒྱ་ནག་གིས་ཁམས་ལ་བཙན་འཛུལ་བྱས་ནས་ཆབ་མདོ་འཇུས་མ་ཐག་རེད། དེའི་རྗེས་སུ་ང་ལམ་སང་ལྷ་ས་ནས་ཐོན་པ་ཡིན། ལོ་ཙཱ་བ་རིན་ཆེན་བཟང་བོའི༼དུས་རབས་༡༢༽རྗེས་ནས་བོད་ལ་དགེ་འདུན་ཆོས་འཕེལ་ལྷ་བུའི་ལོ་ཙཱ་བ་ཞིག་ཕལ་ཆེར་གཏན་ནས་བྱུང་མྱོང་མེད། ཁོང་གི་ཐོག་ལ་ཅི་ཞིག་བྱུང་བ་དེ་དག་ནི་སེམས་གཏིང་ནས་སྐྱོ་དགོས་པ་ཤ་སྟག་ཡིན་ལ། ང་ཚོའི་ཡུལ་དང་མི་དམངས་ཀྱི་དཔེ་མི་སྲིད་པའི་གྱོང་གུད་ཅིག་ཀྱང་རེད།

མཆན།
གཅིག བོད་སྤྱི་ཚོགས་ཡར་ཐོན་ཐད་ལ་ཉམས་ཞིབ་བྱས་པ་དག་ལས་གཅིག་ནི་བསོད་ནམས་སྟོབས་འབྱོར་གྱིས་དམར་ཕྱོགས་ལ་ཁ་གཏད་བྱེད་པ་བཞིན། ཕ་ཤི་རིང་ལུགས་ལའང་ངོ་རྒོལ་བྱས་ཤིང༌། ཁོང་གིས་ཧཕ་བྷིན་སྤྱི་ཚོགས་ལ་བསྟོད་བསྔགས་ཆེན་པོ་བྱེད་པ་དང༌། ང་དང་རྡ་རམ་ས་ལའི་བོད་པའི་གཞོན་སྐྱེས་ཚོར༼གཅིག་དགུ་དྲུག་ཅུ་དང་བདུན་ཅུ་དོན་གྲངས་ནང༌།༽བོད་སྤྱི་ཚོགས་ཡར་རྒྱས་ཀྱི་ཐབས་ཤེས་བྱས་ཏེ་ག་ལེར་དེང་རབས་ཅན་ལ་བསྒྱུར་དགོས་ཞེས་ལམ་སྟོན་མཛད་མྱོང༌།

གཉིས། ངའི་ཨ་ཞང་ཚེ་དབང་ཆོས་རྒྱལ་ཁོང་གི་གཅེན་པོ་སྟོབས་འབྱོར་གྱིས་སྒོ་མང་མཁན་ཟུར་གྱི་ཁང་པའི་ནང་དགེ་འདུན་ཆོས་འཕེལ་གྱི་ཤག་ཏུ་རོགས་རམ་བྱེད་པ་དྲན་ཚོད་ཀྱི་དུས་དེར་ལོ་བཅུ་བཞིའམ་བཅོ་ལྔ་ཞིག་རེད། ཨ་ཞང་ཆོས་རྒྱལ་གྱིས་དྲན་ཚོད་ལྟར་ན་དགེ་འདུན་ཆོས་འཕེལ་གྱིས་སྟོབས་འབྱོར་རྒྱ་གར་ལ་མངགས་ཉོ་བྱས་པའི་ལིན་ཡོ་ཁྲང་གིས་བརྩམས་པའི་དེབ་ལས༼རྒྱ་གར་གྱི་ཤེས་རིག༽ཅེས་པ་སྐད་ཤུགས་ཆེན་པོས་ཀློག་པ་དང༌། དབྱིན་ཡིག་ནང་ཀློག་པ་དང་བོད་སྐད་དུ་བསྒྱུར་བ་གཉིས་རེ་མོས་བྱེད་ཀྱིན་འདུག་ཟེར། ཁོང་གིས་དགེ་འདུན་ཆོས་འཕེལ་གྱིས་ནང་པའི་དཔེ་ཆ་ཞིག་ལས་ཆོས་རྣམས་ཐམས་ཅད་རྒྱུ་ལས་འབྱུང་ཞེས་པ་ཞིག་སྐྱོར་བ་དྲན་ཞིང༌། ཆོས་རྒྱལ་གྱིས་དགེ་འདུན་ཆོས་འཕེལ་གྱི་ཁངཔའང་སྒེའུ་ཁུང་ཆུང་ཆུང་གཅིག་ལས་མེད་པའི་ནག་ཁུང་ཞིག་ཡིན་པའི་སྣང་བ་སྟེར་ལ། དེའི་ནང་དུའང་ཅ་ལག་ཐ་ཐོར་ཞིག་ལས་མེད་ཅིང༌། ཡི་མུག་པ་ལྟ་བུའི་ཁང་པ་འདིའི་ནང་དུའང་ཆོས་རྒྱལ་གྱིས་དྲན་ཚོད་ལྟར་ན་དགེ་ཆོས་ལ་རང་གི་བརྩེ་དགའི་རང་བཞིན་ཕྱིར་འདོན་པའི་བསྐལ་བ་ཡག་པོ་ཞིག་ལྡན་འདུག་ཟེར། ཐེངས་ཤིག་ལ་ཁོང་རྒྱལ་པོ་སྐབས་ཀྱི་ཟློས་གར་འཁྲབ་སྟོན་ཞིག་གི་ནང་ཡོད་ཁུལ་བྱས་ཏེ་ཁོས་བློན་པོ་མགར་གྱི་ཆ་ཤས་བླངས་ནས་འཁྲབ་དགོས་པའི་བཀའ་ཕབ་སོང༌། “འདི་བློན་པོ་མགར་གྱིས་ག་རེ་ལབ་དགོས་པ་དེ་རེད།”ཅེས་དགེ་འདུན་ཆོས་འཔེལ་གྱིས་མཆན་རྟགས་བརྒྱབས་པ་དང༌། དེ་ནས་སྐད་ཤུགས་ཆེན་པོས་སྙན་ངག་གི་ལམ་ནས་དཔའ་ཉམས་ཐོན་པའི་སྐད་ཆ་ཁ་ཤས་བཟོས་པ་དང༌། སྲོང་བཙན་སྒམ་པོས་ལན་འདི་ལྟར་རྒྱག འདི་ལས་མང༌།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ངའི་ཨ་མ་སྣེ་བཀྲས་མཐོང་བློ་གྲོས་ལྷ་དབང་གིས་གསུངས་པ་བཞིན་བཀོད་པ།

  1. སྦྲ་རིགས་ཐོགས་མེད་ ནས།

    རྩོམ་ཡིག་འདིས་ང་ལ་བཞག་པའི་བག་ཆགས་ཆེ་ཤོས་ནི་བོད་སྤྱི་ཚོགས་རྙིང་བའི་སྐབས་ཀྱི་སྐུ་དྲག་རྣམ་པའི་གནས་བབ་རེད། རྩོམ་ཡག་འདི་ལས་མཐོང་བ་ལྟར་ན་བོད་ཀྱི་སྐུ་དྲག་ཚོ་དང་བོད་མི་དཀྱུས་མ་དག་གི་བར་ན་གནམ་ས་ལྟ་བུའི་ཁྱད་པར་ཤོར་འདུག་པ་གསལ་ལེར་མཐོང་ཐུབ།

    དཀོན་མཆོག་མཁྱེན། སྐབས་དེ་འདྲའི་སྤྱི་ཚོགས་སུ་མ་སྐྱེས་པ་དེ་ཡང་བསོད་བདེ་རེད་ཟེར་དགོས་པ་འདྲ། སྐུ་དྲག་ཅིག་གི་བུ་རུ་སྐྱེས་ན་ད་ངན་ལངས་ལ་ཤོར་རྒྱུ་ཉག་ཅིག་དང་བྲན་གཡོག་ཅིག་གི་ཁྱེམ་དུ་སྐྱེས་ན་ད་ཚར་འདུག

Write a Reply or Comment

Your email address will not be published. Required fields are marked *

*