ཀྲུང་གོའི་ཤེས་ཡོན་པ་ཚོར་བོད་མིའི་རང་ལུས་མེར་སྲེག་སྐོར་གླེང་བ།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པཔོ་ཞྭ་མེན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༠༩ལོའི་སྤྱི་ཟླ་གཉིས་པ་ནས་ད་ལོའི་སྤྱི་ཟླ་༡༢ཚེས་བཞི་བར་དུ། ཀྲུང་གོའི་ནང་ཁུལ་དུ་བོད་མི་༩༢རང་ལུས་མེར་བསྲེགས་བྱས་པ་དང་། ཕྱི་ལོག་(རྒྱ་གར་དང་བལ་ཡུལ་)ནས་རང་ལུས་མེར་སྲེག་གི་དོན་རྐྱེན་ཐེངས་ལྔར་བྱུང་། ཁྱོན་བསྡོམས་མི་༧༧འདས་གྲོངས་སུ་ཕྱིན་ཡོད། ད་ལོའི་ལོ་འགོར་ངས་《གངས་ལྗོངས་ནས་འབར་བའི་རང་དབང་གི་མེ་ལྕེ་དམར་པོ་》སྟེ་(དམར་པོ་མེ་ཡིས་འཚིགས་པའི་ཆོས་གོས)ཞེས་འགོ་བརྗོད་དུ་བཞག་པའི་དཔེ་ཆ་དེ་འབྲི་སྐབས། ཀྲུང་གོའི་ནང་ཁུལ་དུ་བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་ཐེངས་༢༠བྱུང་ཡོད།(དེ་ནི་༢༠༡༢ལོའི་ཟླ་༢པའི་ཚེས་༤བར་ཡིན།) ཏག་ཏག་ཟླ་ངོ་བཅུའི་དུས་ཚོད་ཐུང་ཐུང་འདིའི་ནང་དུ་རང་ལུས་མེར་སྲེག་གི་དོན་རྐྱེན་༧༢ལ་འཕར་ཞིང་། འདི་ནི་མིའི་རིགས་ཀྱི་དཔལ་ཡོན་ལོ་རྒྱུས་སྟེང་དུ་ཧོན་འཐོར་དགོས་པའི་དོན་རྐྱེན་ཞིག་རེད།

བོད་ནི་མི་རིགས་མང་པོ་འདུས་སྡོད་བྱེད་པའི་རྒྱལ་ཁབ་ཅིག་གི་ཆ་ཤས་ཡིན་པའི་ཆ་ནས་འདི་ལྟ་བུའི་དཀའ་སྡུག་མྱོང་དུས། རྒྱལ་ཡོངས་མི་གྲངས་ཀྱི་92%ཟིན་པའི་རྒྱ་རིགས་ལ་མཚོན་ན་དོན་རྐྱེན་གྱི་དོན་དངོས་རང་བཞིན་ལ་རྒྱུས་ལོན་དང་། བོད་མི་རིགས་གྱི་མངོན་འདོད་ཅི་ཡིན་ལ་གཟབ་ནན་གྱིས་ཉན་པ། དེ་དང་མཐུན་པའི་སྲིད་ཇུས་ཇེ་ལེགས་གཏོང་ཐབས་སུ་འབད་པ་དང་། བོད་མི་ཚོའི་སྡུག་བསྔལ་གྱི་འབྱུང་རྩ་སེལ་ནས་རང་ལུས་མེར་སྲེག་གི་དོན་རྐྱེན་སྔོན་འགོག་བྱེད་རྒྱུའི་འོས་འགན་དང་གཡོལ་ཐབས་མེད།

ཡིན་ནའང་། ད་བར་དུ་རྒྱ་ནག་གཞུང་གིས་དོན་རྐྱེན་དེ་ལ་འཛིན་པའི་རྣམ་འགྱུར་ནི་ལྐོག་གཡོ་ཁོ་ན་ཡིན་ཏེ། ཐོག་མར་ཕྱིའི་ནུས་ཤུགས་དང་རྩ་འཛུགས་(ཏཱ་ལའི་རུ་ཁག་དང་ཀྲུང་གོར་རྒོལ་མཁན་ཚོ)ཀྱིས་བོད་མི་ཚོར་རང་ལུས་མེར་སྲེག་བྱེད་པར་ངན་སྐུལ་བྱས་ཚུལ་གྱི་སྐྱོན་འཛུགས་བྱས། དེའི་རྗེས་གཞི་རྒྱ་ཆེ་བའི་དམག་ཤུགས་དང་དྲག་ཤུགས་སྤྱད་དེ་མི་མང་འདུ་འཛོམས་བྱེད་དུ་མ་བཅུག་པ་དང་དགོན་པར་བསྐོར་རྡུང་དང་གྲྭ་བཙུན་འཛིན་བཟུང་། གཞན་ལ་ངན་སྐུལ་གྱི་ནག་ཉེས་གསོག་མཁན་ཟེར་བ་(དྲང་མོར་བཤད་ན་ཁོ་ཚོ་མང་ཆེ་ཤོས་ནི་འདས་པོ་དག་གི་ཉེ་རིང་དང་དགོན་པའི་གྲྭ་བ་ཡིན)དག་ལ་ཁྲིམས་ཆད་ནན་མོ་བཅད། མཇུག་མཐར་ས་གནས་ཁག་(དཔེར་ན་ཀན་སུའུ་ཀན་ལྷོ་ཁུལ་སྤྱི་བདེ་ཅུའུ་ནས་དམངས་སྒོར་ཁྲི་༢༠)ཏུ་རང་ལུས་མེར་སྲེག་ལ་ངན་སྐུལ་བྱེད་མཁན་སུ་ཡིན་ཡར་ཞུ་བྱས་ཚེ་སྒོར་མོའི་བྱ་དགའ་གནང་རྒྱུ་གསལ་བསྒྲགས་བྱས་པ་རེད། འདི་ལྟར་རྒྱ་ནག་གཞུང་གིས་རང་ཉིད་ཀྱི་འགན་ཁུར་གཡུག་གང་ཐུབ་ཀྱིས་དཀའ་སྡུག་མྱོང་བཞིན་པའི་བོད་མི་དང་ཁོ་ཚོའི་ནང་མིར་ནག་ཉེས་གསར་བ་ཞིག་བཙན་ཤུགས་ཀྱིས་བཙུགས།

དེ་ལྟར་རྒྱ་ནག་གཞུང་གི་དྲང་བདེན་མ་ཡིན་པའི་བྱེད་ཐབས་དང་བོད་མི་ཚོའི་དཀའ་སྡུག་ལ་ཁ་གཏད་དེ། རྒྱ་རིགས་ཐུན་མོང་གི་ལྟ་སྟངས་ནི་ཁོ་ཚོའི་སྲོལ་རྒྱུན་གྱི་བཟང་སྤྱོད་དེ་བྱམས་བརྩེ་དང་དྲང་བདེན། བརྩི་བཀུར་དང་བློ་གྲོས་བཅས་དང་རྒྱབ་འགལ་ཏུ་སོང་ཡོད་པ་རེད། ༢༠༡༢ལོའི་ཟླ་༡༡པའི་ཚེས་༡༣ཉིན་《ཉིག་ཡོག་དུས་བབ་》ཀྱི་གསར་འགོད་པ་ཅུ་འན་དེ(杰安迪)ལགས་ཀྱིས་པེ་ཅིན་ནས་ ཁ་བྱང་ལ་(བོད་མིའི་རང་ལུས་མེར་སྲེག་ཐད་ལ་ཀྲུང་གོའི་ཤེས་ཡོན་པ་ཚོ་ཁུ་སིམ་པར་གནས་པ)ཞེས་པའི་རྩོམ་ཡིག་ཅིག་སྤེལ་ཡོད། གལ་སྲིད་《ཉིག་ཡོག་དུས་བབ་》ཀྱིས་རྒྱལ་སྤྱིའི་གླེང་སློང་ལ་འགོ་ཁྲིད་པའི་གནས་བབས་དང་། ཤེས་རིག་དང་བསམ་བློ་སྒྲོག་སྤེལ་བྱེད་པའི་ནུས་པ་སོགས་ངོས་ཟིན་ཡོད་པའི་ཤེས་ཡོན་པ་ཞིག་ཡིན་ཚེ། རྒྱ་མི་ཚོས་ཅིའི་ཕྱིར་བོད་མིའི་དཀའ་སྡུག་དང་ཁ་གཏད་དེ་བྱམས་སྙིང་རྗེ་བྲལ་བའི་ཐད་ལ་ཕྱིར་འདང་རེ་མི་རྒྱག་རང་རྒྱག་རེད། ཁ་ཎ་སྒྲར་་གནས་བཞུགས་བྱེད་པའི་བོད་མི་ལོ་རྒྱུས་སྨྲ་བ་ཚེ་རིང་ཤཱཀྱ་ལགས་ཀྱིས་སྔོན་ཆད“རྒྱ་ནག་གི་ཤེས་ཡོན་པ་ཚོར་མཚོན་ན་གུང་ཁྲན་ཏང་ཡོན་ཡིན་ནའང་འདྲ། རང་དབང་གི་དམངས་གཙོ་དོན་གཉེར་བའམ་བསམ་ཚུལ་མི་མཐུན་པའི་རྩོམ་པ་པོ་གང་ཡིན་ཀྱང་། ཁོ་ཚོས་དངོས་ཡོད་དང་དྲང་བདེན་གྱིས་སྒོ་ནས་བོད་ལ་བསམ་ཞིབ་བྱེད་པར་རེ་བ་རྒྱག་པ་ནི་ཧ་ལམ་གྲོག་མ་ཞིག་ལ་གླང་ཆེན་ཞིག་ཡར་ལ་འགྱོག་པར་རེ་བ་ཞུ་བ་དང་གཅིག་མཚུངས་ཡིན། དེ་ནི་ཁོ་ཚོའི་ནུས་ཤུགས་དང་བསམ་ཡུལ་ནས་བརྒལ་ཡོད་པས་རེད། ཁོ་ཚོའི་ཤེས་རྟོག་ལ་རིགས་རྒྱུད་ཕྱོགས་ཞེན་གྱིས་སྦགས་ཤིང་། ཁོ་ཚོའི་བསམ་བློ་ལ་མི་སེར་སྤེལ་ཡུལ་རང་ལུགས་པའི་འདུ་ཤེས་དང་ལྟ་ཚུལ་གྱིས་མགོ་སྐོར་ཐེབས་ནས་ཡོད།”ཞེས་བྲིས་ཡོད་པ་ལྟ་བུ་རེད།

ཐོག་མར། ང་ཚོས་གསལ་བོར་ཤེས་དགོས་པ་ཞིག་ནི་རྒྱ་ནག་གི་ཤེས་ཡོན་པ་ཞེས་འབོད་དུས་བོད་མིའི་གནས་བབ་བཅོས་སྒྱུར་ཐད་ལ་འབད་བརྩོན་གནང་མཁན་གྱི་རྒྱ་རིགས་ཤེས་ཡོན་པ་ཚོ་སྣང་མེད་དུ་བརྩིས་པ་མ་ཡིན། གཉིས་པ། རྒྱ་ནག་གི་ཤེས་ཡོན་པ་ཚོར་མཚོན་ནའང་བོད་མིའི་གནས་བབས་དང་གཅིག་མཚུངས་ཀྱི་དཀའ་ངལ་ཡོད། དཔེར་ན་“ལེ་པེན་ཆེན”林冰谦ཟེར་བའི་ཧྲིན་ཀྲིན་གྱི་ཀློག་པ་པོ་ཞིག་གིས་ཅུ་འན་དེ་(杰安迪)ལགས་ཀྱི་རྩོམ་ཡིག་དེ་བཀླགས་རྗེས། 《ཉིག་ཡོག་དུས་བབ་》ལ་འཕྲིན་པ་བཏང་ནས་བཤད་དོན། གལ་ཏེ་ཤེས་ཡོན་པ་ཟེར་བ་དེ་“གཞུང་སྒྲུབ་སློབ་ཆེན་དང་ཞིབ་འཇུག་སློབ་གླིང་གི་དགེ་རྒན་ཆེན་མོ་དང་། གཞུང་སྒྲུབ་བརྒྱུད་ལམ་ཁག་གི་ལས་མི”སོགས་ལ་ཟེར་བ་ཡིན་དུས་“ཁོ་ཚོ་ནི་གཞུང་གིས་བཏང་འཛིན་དང་ལམ་ལུགས་ཀྱིས་བཀག་སྡོམ་བྱས་ཡོད་པས་རང་ཚུགས་ཐུབ་པའི་གནས་ལུགས་ཤིག་གླེང་ཐབས་མེད། མ་གཞི་ནས་ཁོ་ཚོ་གཞུང་གི་གྲུབ་ཆ་ཡིན་ལ། བོད་མི་ཚོ་རང་ལུས་མེར་སྲེག་བྱེད་པར་འཇུག་པའི་ཉེས་ཅན་གཏེ་བོའི་གྲས་ཀྱང་ཡིན། ཁོ་ཚོ་ཁ་རོག་གེར་འདུག་པ་ནི་གཞུང་གིས་གནས་ཚུལ་བཀག་སྡོམ་བྱེད་པའི་སྲིད་ཇུས་ཤིག་ཡིན་པ་གསལ་བོ་རེད།”

གལ་སྲིད་རང་དབང་གི་ཤེས་ཡོན་པ་ཚོར་གོ་དགོས་ཚེ། “རྒྱ་ནག་སྐམ་ས་ཆེན་མོར་གཞུང་གི་གནས་ཚུལ་བཀག་སྡོམ་གཏོར་ཆེད་སྐད་འཕྲིན་་twitterསྟེང་དུ་བསམ་ཚུལ་སྤེལ་མཁན་ཚོ་དང་ཁོ་ཚོའི་ནང་མིར་སྔར་བཞིན་པེ་ཅིན་གཞུང་གི་འཇིགས་སྐུལ་འོག་ནས་གསང་བའི་བཀག་ཉར་དང་ཁྲིམས་ཆད་ཕོག་བཞིན་ཡོད།”དེ་བས་རང་དབང་ཁོར་ཡུག་ན་གནས་པའི་ཤེས་ཡོན་པ་དག་གིས་ངེས་པར་ཏུ་ཀྲུང་གོའི་ཤེས་ཡོན་པ་དག་ནི་བོད་མི་ཚོ་དང་གཅིག་མཚུངས་ཀྱི་ཆབ་སྲིད་སྒེར་གཅོད་འོག་གི་གླུད་རྫས་ཡིན་པ་ཤེས་དགོས། ཡང་གཅིག་བཤད་ན་ཁོ་ཚོ་ནི་ནམ་ཡང་ཉེན་ཁ་དང་ཁ་གཏད་ན་ཡོད་ཟེར། བོད་མི་ཚོར་མཚོན་ན། གལ་སྲིད་ནང་པའི་ཆོས་ཀྱི་དཀོན་མཆོག་གསུམ་སྟེ་ཆོས་དང་དགེ་འདུན་དཀོན་མཆོག་བཅས་ལ་འབྲེལ་བ་མེད་ཚེ། བོད་མིའི་གནད་དོན་ཟེར་བ་ཞིག་ཡོད་དམ། ཀྲུང་གོའི་ཤེས་ཡོན་པ་ཚོར་གལ་ཏེ་རང་རྐྱ་འཕེར་ཅིང་རང་དབང་གི་བསམ་གཞིགས་དང་ཡང་དག་པའི་འཚོལ་སྙེག་གི་འགན་འཁྲི་མེད་ཚེ། དེ་ལ་ཤེས་ཡོན་པའི་མིང་བྱང་འདི་ཐོགས་ཐུབ་བམ། འདི་ལྟ་བུའི་མཚུངས་ཆོས་རང་བཞིན་ཐོག་ནས་ཀྲུང་གོའི་ཤེས་ཡོན་པ་ཚོས་ངེས་པར་ཏུ་བོད་མིའི་རེ་འདུན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་དགོས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་ཕྱི་བལྟས་ཤིག་བྱས་ན། བོད་མིའི་དཀའ་སྡུག་ནི་རྒྱ་མིའི་དཀའ་སྡུག་གི་སྔོན་འགྲོའི་འཁྲབ་སྟོན་ཞིག་ཡིན་པ་གསལ་བོ་རེད། ༡༩༦༢ལོར་པན་ཆེན་རིན་པོ་ཆེའི་《ཡིག་འབྲུ་ཁྲི་བདུན་མས》་རྒྱ་གཞུང་གིས་བོད་ཁུལ་དུ་སྤེལ་བའི་གཡོན་ལྷུང་སྲིད་ཇུས་དང་ཆོས་ལུགས་རིག་གནས་ཀྱི་སྐེ་བཀག་སྟངས་སྐོར་ནས་གསལ་བོར་བརྗོད་ཡོད་ལ། དེས་ཀྲུང་གོའི་རིག་གནས་གསར་བརྗེ་ཀྱི་ཆག་སྒོ་ལ་མ་འོངས་སྔོན་གཟིགས་བྱས་ཡོད། ༡༩༨༩ལོའི་ཟླ་གསུམ་པར་ཧོའོ་ཅིན་ཐོ་ཡིས་ལྷ་སར་མེ་མདའ་བརྒྱབས་ནས་བོད་མི་དམར་གསོད་དང་དུས་ཡུན་ལོ་གཅིག་ཙམ་ལ་དམ་བསྒྲགས་བྱས་པ་དེས། རྒྱ་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལྟ་སྟངས་ལ་ཉམས་ཚོད་ཅིག་བླངས་ཤིང་། ཡང་གཅིག་བཤད་ན་ལོ་དེའི་པེ་ཅིན་གྱི་དམ་བསྒྲགས་དང་ཐེན་འན་མིན་ཁྲོམ་ཆེན་(天安门广场)སྟེང་གི་དྲུག་བཞིའི་དམར་གསོད་དོན་རྐྱེན་གྱི་སྔོན་འགྲོར་སྟ་གོན་བྱས་པ་རེད། རྒྱ་གཞུང་གིས་བརྟན་བརླིང་ཆེད་དུ་དྲག་གནོན་བྱེད་པའི་སྒེར་སྡོམ་ཚོགས་པས(卡特尔)(དེ་ལ་དམག་མི་དང་དྲག་ཆས་ཉེན་རྟོག་པ། སྤྱི་བདེ་ལས་ཁུངས། བདེ་སྲུང་དང་སྲིད་ཁྲིམས་ཚན་ཁག་བཅས་འདུས། )བོད་དང་ཡུ་གུར་མི་རིགས་ཀྱི་ས་ཁུལ་ཁག་ཏུ་ཚོད་ལྟའི་སྦྱོང་བརྡར་བྱེད་བཞིན་ཡོད།

ང་ཚོས་རྒྱ་ནག་མི་དམངས་ཀྱིས་རང་ལུས་མེར་སྲེག་གཏོང་མི་སྲིད་སྙམ་པའི་བྱིས་པའི་བསམ་བློ་འདི་ལྟ་བུ་འཁྱེར་མི་འོས་ཏེ། (བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་པའི་སྲིད་ཇུས་ལས་ནང་ལོག་ས་ཁུལ་ཁག་ཏུའང་ཡིད་སྐྱོ་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་བྱུང་ཡོད།)དྲ་རྒྱ་བཀག་སྡོམ་(བེ་པོའང་སྒོ་བརྒྱབས་མྱོང་། )དང་དྲག་ཤུགས་ཀྱིས་བཙན་གནོན་བྱེད་པ(ཧྲན་བེ། 汕尾 ཧྲི་ཧྲིག 石首བོ་ཁེན།乌坎 ཧྲི་ཧྥང་什邡སོགས་ས་ཁུལ་འདི་དག་ནི་བདེན་དཔང་རེད། )དེ་དང་མཉམ་དུ་ང་ཚོས་སུ་ལེན་གུང་ཁྲན་རིང་ལུགས་ཐོར་ཞིག་ཏུ་སོང་བའི་ལོ་རྒྱུས་ལ་ཞིབ་ཏུ་དབྱེ་ཞིབ་ཞིག་བྱས་ཚེ། མི་རིགས་འགལ་ཟླ་དང་རིགས་རྒྱུད་ཀྱི་ཉེན་ཁ་ནི་སྒེར་གཅོད་པ་རྩ་མེད་དུ་བཟོ་བའི་སྒུལ་ཤུགས་གཙོ་བོ་ཡིན་ལ། བོད་མིའི་ཆོས་ལུགས་དད་མོས་དང་བསམ་བློའི་བློས་གཏོང་། དགོན་སྡེའི་རྩ་འཛུགས་མ་ལག བོད་མི་རིགས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་བཀུར་བའི་ཏྰ་ལའི་བླ་མའི་རྒྱལ་ཁབ་ཕྱི་ནང་གི་མཚན་སྙན་ཕྱོགས་ནས་བལྟས་ན། ཀྲུང་གོའི་དམངས་གཙོའི་རེ་བ་ཧ་ལམ་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་ཏུ་བཅོལ་དགོས།

ཡིན་ནའང་བོད་མི་རིགས་ཀྱི་འཐབ་རྩོད་ལ་རྒྱ་རིགས་ཤེས་ཡོན་པ་སྤྱི་ཡོངས་ནས་གོ་ལོག་དང་སྣང་མེད་བྱེད་བཞིན་ཡོད། འདི་ནས་ང་ཚོས་རྒྱ་རིགས་ཤེས་ཡོན་པ་ཚོ་རིགས་གསུམ་དུ་དབྱེ་ནས་བཤད་ན། དང་པོ། གཞུང་གིས་སྐུལ་སློང་དང་སྒེར་གཅོད་བྱེད་བཞིན་པའི་ཤེས་ཡོན་པའི་ཚོགས་ཏེ། དེའི་ནང་དུ་བོད་རིགས་བོད་རིག་པ་བའང་འདུས། ཁོ་ཚོས་བོད་དང་ཏྰ་ལའི་བླ་མའི་དབུ་ཁྲིད་པའི་བཙལ་བྱོལ་བོད་མི་ཚོར་སྡིགས་དམོད་དང་ངན་སྨྲས་བྱེད་བཞིན་ཡོད། དཔེར་ན། ད་ལོ་དཔྱིད་དུས་སུ་གཞུང་འབྲེལ་གྱི་“ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི”་སྟེང་དུ་《ཏྰ་ལའི་བླ་མར་བཏོན་པའི་དྲི་བ་བདུན་》ཞེས་རྩོམ་པ་པོ་མི་གསལ་བའི་རྩོམ་ཡིག་ཅིག་བཀོད་དེ། དེའི་ནང་དུ་ཏྰ་ལའི་བླ་མར་ “བོད་སྤྱི་ཚོགས་རྙིང་པའི་བཀས་བཀོད་ཞིང་བྲན་གྱི་བདག་པོ། ”“རྒྱལ་ཁབ་ལ་ངོ་ལོག་མཁན། ”ཞེས་དམའ་འབེབས་ཀྱི་ཚིག་མང་དུ་བཤད་ཡོད། ད་དུང་རྩོམ་ཡིག་དེའི་ནང་དུ་“ཏྰ་ལའི་བླ་མའི་སྐད་ཆས་མི་རྣམས་ལ་རང་དབང་མེད་པར་འཁྲུག་ཆེན་གཉིས་པའི་སྐབས་ཀྱི་སྨྱོ་ཧམ་ཅན་གྱི་ན་ཙི་(纳粹)དྲན་ཏུ་བཅུག་ཡོད་ཚུལ་དང་། ཏྰ་ལའི་‘དབུ་མའི་ལམ་’དང་‘ཚད་མཐོའི་རང་སྐྱོང་’གི་རྒྱབ་ལྗོངས་ནི་དམར་རྗེན་རྗེན་གྱི་མི་རིགས་མཐར་སྐྲོད་དང་སྔོན་ཆད་ཞི་ཐི་ལིས་(希特勒)ཡིའུ་ཐེ་པ(犹太人)གཙང་བཀྲུས་བྱེད་པ་དང་གཅིག་མཚུངས་རེད་”ཟེར། ད་དུང་“ཏྰ་ལའི་བླ་མའི་བོད་སྤྱི་ཚོགས་རྙིང་པའི་བྱས་ཉེས་ནི་ཞི་ཐུ་ལི་ལས་ཀྱང་ཚབས་ཆེན་ཡིན། ”ཟེར། གཞུང་གི་ལངས་ཕྱོགས་མཚོན་པའི་རྩོམ་ཡིག་འདིའི་ནང་དུ་བོད་མིས་རང་ལུས་མེར་སྲེག་ནི་ཏྰ་ལའི་བླ་མས་བསམ་ངན་ཁོག་བཅུག་གིས་ངན་སྐུལ་བྱས་པའི་མཇུག་འབྲས་ཡིན་ཚུལ་བཤད་ཡོད།

ང་ཚོ་ཚང་མས་ཤེས་གསལ་ལྟར། ༡༩༥༠ལོར་རྒྱ་གཞུང་གིས་བོད་ལྗོངས་བཅིངས་གྲོལ་བྱེད་རྒྱུ་ཡོངས་བསྒྲགས་བྱས་ཤིང་། ལོ་དེའི་ལོ་མཇུག་ཏུ། དགོང་ལོ་༡༦ཏག་ཏག་ལ་སོན་པའི་ཏྰ་ལའི་བླ་མས་སྲིད་དབང་དངོས་བཞེས་གནང་པ་དང་། ༡༩༥༡ལོར་《ཆིངས་ཡིག་དོན་ཚན་བཅུ་བདུན་》བཞག ༡༩༥༩ལོར་དགོང་ལོ་༢༤ལ་སོན་པའི་ཏྰ་ལའི་བླ་མ་རྒྱ་གར་ཏུ་བཙན་བྱོལ་ལ་ཕེབས་སོང་བས། རྒྱ་གཞུང་གིས་བཏང་འཛིན་འོག་ཏུ་ཡོད་པའི་ཏྰ་ལའི་བླ་མས་ཞི་ཐི་ལི་(希特勒)ལས་ལྷག་པའི་ནག་ཉེས་ཅི་ཞིག་བསགས་ཐུབ་བམ། ད་དུང་ཏྰ་ལའི་བླ་མས་སྲོལ་བཏོད་བྱས་པའི་དབུ་མའི་ལམ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞི་འོག་གི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡིན་པ་བཤད་མ་དགོས་བ་ཞིག་ཡིན་ལ། འཚེ་མེད་ཞི་བའི་ལམ་ཡང་ཏྰ་ལའི་བླ་མ་དང་བཙལ་བྱོལ་བོད་མིའི་སྲིད་འཛིན་དབུས་གཞུང་གིས་ཐོག་མཐའ་བར་གསུམ་གྱི་སྲིད་ཇུས་རེད། བོད་ཀྱི་རང་དབང་འཐབ་རྩོད་ནི་ངོ་བོ་ཐོག་ནས་ལྷག་བསམ་ཟོལ་མེད་ཀྱི་དད་མོས་ཡོད་པའི་མི་རིགས་ཤིག་དང་ལྷ་མེད་སྨྲ་མཁན་གུང་ཁྲན་ཏང་སྲིད་དབང་བར་གྱི་འགལ་ཟླ་རེད། དེ་ནི་ཡུ་གུར་མི་རིགས་ཀྱི་འཐབ་རྩོད་དང་། རྒྱའི་ས་ཁུལ་གྱི་ཧྥ་ལོང་གུང་(法轮功)་དང་ཁྱིམ་ཚང་གི་ཆོས་ཚོགས་(家庭教会)སོགས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་སྟངས་ལ་འདྲ་ས་ཡོད་པས་རྒྱ་བོད་མི་རིགས་གཉིས་ཀྱི་འགལ་ཟླ་གཏན་ནས་མིན། ཡིན་ནའང་རྒྱ་གཞུང་གི་དྲིལ་བསྒྲགས་དང་དྲག་སྤྱོད་བཙན་གནོན་གཉིས་ལ་བརྟེན་ནས་མི་རིགས་རང་བཞིན་གྱི་འགལ་ཟླའི་ངོ་བོར་བསྒྱུར་བ་རེད། དངོས་ནས་རྒྱ་རིགས་བོད་རིག་པ་བ་བང་ལི་ཞོང་(王力雄)ལགས་ཀྱི་བཤད་པ་ལྟར། ༢༠༠༨ནས་བཟུང་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་རྒྱ་གཞུང་གི་དཔོན་རིགས་ཚོས་བོད་རྒྱའི་འབྲེལ་བ་དེ་རིགས་རྒྱུད་ཀྱི་འགལ་ཟླར་བསྒྱུར་བ་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to ཀྲུང་གོའི་ཤེས་ཡོན་པ་ཚོར་བོད་མིའི་རང་ལུས་མེར་སྲེག་སྐོར་གླེང་བ།(སྔ་མ)

  1. རེ་བཞག་ཧ་ཅང་ཆེ་ས་ནའང་ཡིག་ནོར་འདི་འདྲ་ཞིག་མང་བ་ཅི་ཡིན་ནམ། བལྟས་ཡོང་ན་ཞུ་དག་ཙམ་ཡང་བྱས་ཨེ་ཡོད་སྙམ་པ་ཞིག་ལས་མ་འདས། སྐུ་མཁྱེན་ལས་བྲེལ་ཅི་ཙམ་ཆེའང་བོད་སྐད་ཡིག་གི་ཁ་སྟབས་ལ་དགོངས་བཞེས་ཅུང་ཙམ་གནང་རོགས།

Write a Reply or Comment

Your email address will not be published. Required fields are marked *

*