ཀྲུང་གོའི་ཤེས་ཡོན་པ་ཚོར་བོད་མིའི་རང་ལུས་མེར་སྲེག་སྐོར་གླེང་བ།(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པཔོ་ཞྭ་མེན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྟབས་མ་ལེགས་པ་ཞིག་ལ། རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་གཞུང་འབྲེལ་གྱི་དྲིལ་བསྒྲགས་དང་འཁྱོགས་བརྗོད་ལ་དབྱེ་ཞིབ་ཅི་ཡང་མི་བྱེད་པར་ཡོད་ཚད་བདེན་པར་བཟུང་ཡོད། དཔེར་ན། ཕྱི་སྡོད་རྒྱ་རིགས་ཤེས་ཡོན་པ་ཚོས་“ཞིང་བྲན་ལམ་ལུགས་”དང་“ཞིང་བྲན་གཙོ་བདག་”སོགས་ལ་བདེན་རྫུན་མི་དབྱེ་པར། མོའོ་ཀྲུའུ་ཞིས་བོད་ལ་སྤེལ་བའི་བྱ་སྤྱོད་དང་“ལེན་ཁུན་(林肯)ཀྱི་ཞིང་བྲན་བཅིངས་གྲོལ་”གཉིས་གཅིག་མཚུངས་སུ་བརྗོད་པ་རེད། ཡང་དཔེར་ན། རྒྱ་རིགས་ཤེས་ཡོན་པ་མང་པོས་བོད་ཀྱི་ཆོས་ལུགས་རང་དབང་དང་རིག་གནས་ཀྱི་ཁེ་དབང་ལོགས་སུ་གཡུག་ནས་དཔལ་འབྱོར་འཕེལ་རྒྱས་ཁོ་ན་ཚབ་མཚོན་དུ་བཞག་སྟེ་བགྲོ་གླེང་བྱེད་པ་དང་། བོད་ཀྱི་གནད་དོན་ནི་ཆོས་ལུགས་དད་མོས་དང་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཡིན་པ་སྣང་མེད་དུ་བསྐྱུར་ཡོད་པ་རེད།

དོན་དངོས་ཐོག་དེ་ནི་བོད་མི་རིགས་ཀྱི་འཚོ་གནས་དང་འབྲེལ་བ་དམ་པོ་ཆགས་ཡོད། གཞན་རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་བཙལ་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་དམངས་གཙོའི་འཕེལ་རིམ་ཐོག་གི་གྲུབ་འབྲས་དང་ཆོས་སྲིད་སོ་སོར་དབྱེ་པའི་’དོན་དངོས་ལ་དོ་སྣང་མི་བྱེད་པར་(དེ་ནི་ཧྥུ་ཏན་སློབ་ཆེན་ནས་ཐོན་པའི་ཐེ་ལན་གྱི་ཤེས་ཡོན་པ་སོ་ཅ་ཧོན་(苏嘉宏)ལགས་ཀྱིས་བྲིས་པའི་《བཙན་བྱོལ་ནང་གི་དམངས་གཙོ་》དང་《བཙན་བྱོལ་ནང་གི་དམངས་གཙོའི་འཕེལ་རིམ་》ཞེས་པའི་དཔེ་དེབ་གཉིས་ལ་གཟིགས་ཆོག) ཀྲུང་གོ་མི་དམངས་ལ་‘ཏྰ་ལའི་བླ་མས་ཞིང་བྲན་ལམ་ལུགས་རོ་ལངས་རྒྱག་ཏུ་འཇུག་པ་དང་’‘ཆོས་དོན་གཉེར་མཁན་གྱིས་དབང་ཆ་གཅིག་སྡུད་’བྱེད་ཚུལ་སོགས་ཀྱིས་མགོ་སྐོར་གཏོང་བ་རེད། ང་ཡོད་སའི་སློབ་ཆེན་ནང་དུའང་དགེ་རྒན་ཆེ་མོ་ཁ་ཤས་ཀྱིས་རང་གི་ཁྱིམ་ཚང་ནང་གི་བོད་ལ་རོགས་སྐྱོར་བྱེད་མཁན་ཁ་ཤས་ཀྱིས་མཁོ་སྤྲོད་བྱས་པའི་གནས་ཚུལ་ལ་གཞི་བཅོལ་ནས་བོད་ཀྱི་གནད་དོན་ལ་ཡིན་མདོག་མདོག་གིས་འགྲེལ་བཤད་རྒྱག་པ་དང་། ཁོ་ཚོའི་རྒྱུས་ལོན་ཡོད་ཚད་བོད་ལ་རོགས་སྐྱོར་བྱེད་པའི་ཏང་སྲིད་ལས་བྱེད་“政党干部”་དང་རྒྱལ་གཉེར་ཁེ་ལས་བ་“国企员工”དམག་དཔུང་དཔོན་དམག་“军队官兵”སྟེ་མི་སེར་སྤེལ་བའི་རིང་ལུགས་བའི་ལམ་ལུགས་འོག་གི་འཁྱོགས་བརྗོད་ཁོ་ན་ཡིན།

གཞུང་གི་འཁྱོགས་བརྗོད་རང་བཞིན་གྱི་དྲིལ་བསྒྲགས་དེ་ལ་དེ་འདྲའི་ཁོར་ཡུག་ཅིག་ཡོད་དོན་ནི་ངས་འདི་ནས་བཤད་འདོད་པའི་གནད་དོན་གཉིས་པ་དེ་ཡིན། ཤེས་ཡོན་པ་མང་ཆེ་ཤོས་གཞུང་དང་འབྲེལ་བ་མེད་ལ། བསམ་གཟས་ནས་བོད་མིའི་ཁེ་ཕན་ལ་གནོད་པར་འདོད་པའི་བསམ་བློ་ཡང་མེད་མོད། ཡིན་ནའང་ནམ་རྒྱུན་བོད་ཀྱི་གནད་དོན་སྣང་མེད་དུ་བཞག་ཡོད་པས་རྒྱུས་ལོན་མེད་པའི་གནས་སྟངས་འོག་ནས་རང་ཤུགས་ཀྱིས་ཁུངས་སྐྱེལ་མེད་པའི་གནས་ཚུལ་དེ་རིགས་ཀྱི་བྲན་གཡོག་ཏུ་གྱུར་ཏེ་རྫུན་ཚིག་སྒྲོག་སྤེལ་བྱེད་མཁན་ཏུ་གྱུར་བ་རེད། མང་ཆེ་ཤོས་ཀྱི་ནང་པའི་ཆོས་ཀྱི་ཡང་སྙིང་གསལ་བོ་མ་ཤེས་པར། གང་འདོད་ཀྱིས་ལྷ་མེད་སྨྲ་བའི་ལྟ་ཚུལ་ཐོག་ནས་ཆོས་ལུགས་དད་མོས་ནི་རྗེས་ལུས་དང་རྨོངས་དད་ཡིན་ཚུལ་བཤད་པ་རེད། ཡང་མང་ཆེ་ཤོས་ཀྱིས་ཏྰ་ལའི་བླ་མ་སུ་ཡིན་མི་ཤེས་ལ། ཁོང་གིས་བཀའ་སློབ་ཅི་གསུངས་དང་བརྩམས་ཆོས་ཅི་ཡོད། དེ་བཞིན་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ལ་བརྩི་མཐོང་ཅི་འདྲ་ཡོད་མེད་མ་ཤེས་པར་གང་འདོད་ཀྱིས་ཁོང་གི་གྲུབ་འབྲས་དང་མཚན་སྙན་ལ་དམའ་འབེབས་བྱེད་བཞིན་ཡོད། ད་དུང་མང་ཆེ་ཤོས་ཤིག་གིས་བོད་མིས་རང་ལུས་མེར་སྲེག་སྐབས་ཀྱི་རེ་འབོད་ལ་ཞིབ་འཇུག་མི་བྱེད་པ་དང་། ཁོང་ཚོས་ཚེ་སྲོག་མེ་རུ་སྒྲོན་དུས་ནང་སེམས་པ་འདོད་ཆགས་དང་བྲལ་ཞིང་སྙིང་རྗེ་ཁེངས་ཡོད་པའི་ཐད་ལའང་ཡིད་འཇོག་མ་བྱས་པར་ལས་སླ་བོ་སྒོ་ནས་ཁོང་ཚོ་ནི་ཚབས་ཆེ་བའི་སྨྱོ་ནད་རང་བཞིན་ཅན་དང་ཐ་ན་དྲག་སྤྱོད་རང་ལུགས་པར་ངོས་འཛིན་བྱས་པ་རེད།

བོད་མི་ཚོས་རང་ལུས་མེར་སྲེག་བྱེད་པ་ནི་འདམ་ག་ཡག་པོ་ཞིག་མིན་པ་སྨྲས་མེད་རེད། ཡིན་ནའང་བོད་མི་ཚོར་རྒྱས་སྤྲོས་བྱེད་འདོད་ཀྱི་རེ་བ་དེ་ཙམ་མེད་པས་‘བཟང་ངན’ཁོ་ནའི་བར་ནས་རང་ལུས་མེར་སྲེག་གི་ལམ་ཁ་འདི་བདམས་པ་རེད། དེ་ནི་ཁོ་ཚོའི་དཀའ་གནས་དང་སྡུག་བསྔལ་ལ་མཚོན་ནས་བཤད་ན་‘སྡུག་’དང་‘སྡུག་ཤོས་’གཉིས་བར་ཀྱི་འདམ་གསེས་ཤིག་རེད། རང་ལུས་མེར་སྲེག་ལས་ཀྱང་ཐབས་སྡུག་པའི་འདམ་ཀ་ནི་བོད་མི་རིགས་ཀྱིས་དཀོན་མཆོག་གསུམ་པོ་བོར་བརླག་ཏུ་གཏོང་རྒྱུ་དེ་རེད། རྒྱ་གཞུང་གིས་བོད་ཀྱི་བསམ་བློའི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་ལ་ཚད་ལས་འདས་པའི་དམའ་འབེབས་བྱེད་པ་དང་། དགོན་པའི་ནང་དུ་ཁོང་གི་སྐུ་པར་བཤམས་པར་བཀག་སྡོམ་བྱེད་པ། ཏྰ་ལའི་བླ་མར་དད་པ་མཐའ་གཅིག་ཏུ་བྱེད་མཁན་གྱི་གྲ་བ་རྣམས་དགོན་པ་ནས་ཕྱིར་སྐྲོད་དང་། དགོན་པའི་ནང་དུ་ཏང་རྩ་འཛུགས་འཛུགས་སྐྲུན་གྱིས་ཁོ་ཚོས་ཐད་ཀར་དགོན་པའི་དོ་དམ་འུ་ཡོན་ལྷན་ཁང་བཏང་འཛིན་བྱེད་པ་དང་བྱ་བའི་ཚོགས་ཆུང་དགོན་པར་བསྐོ་བཞག་བྱས་ཏེ། འགོ་ཁྲིད་ཆེན་པོ་བཞི(四大领袖像)་ཟེར་བའི་མོའོ་དང་ཏུན་དང་ཅང་དང་ཧོའུ་(毛,邓,江,胡)བཅས་ཀྱི་པར་མང་པོ་དགོན་པའི་ནང་དུ་བཙན་ཤེད་ཀྱིས་བསྐྱལ་བ་སོགས་ནི་བོད་མི་རིགས་ལ་མཚོན་ན་ཆོས་ལུགས་དད་མོས་ལ་ཁ་གཏད་པའི་ཉེན་ཁ་དང་འཇིགས་སྣང་ཞིག་རེད། རང་ལུས་མེར་སྲེག་བྱས་པའི་གྲྭ་བཙུན་དག་གི་དམིགས་འདུན་ནི་རང་ཉིད་ཀྱི་ལུས་ཕུང་བློས་བཏང་ནས་བོད་མི་རིགས་ཀྱི་དད་མོས་རང་དབང་དང་མི་རིགས་འཚོ་གནས་ཀྱི་ཁེ་དབང་སྲུང་སྐྱོབ་བྱེད་རྒྱུ་དེ་རེད། འདི་ལྟ་བུའི་དཀའ་གནས་དག་ལ་རྒྱུས་ལོན་མ་བྱས་པར་རྒྱ་རིགས་ཤེས་ཡོན་པ་ཁ་ཤས་ཀྱིས་བོད་མི་ཚོར་སྙིང་རྗེ་སྐྱེས་ཀྱིན་ཡོད་ནའང་། སྔར་བཞིན་བོད་མིའི་བསམ་བློ་ནོར་འཁྲུལ་ཡིན་ཚུལ་ལ་གོ་བ་ལོག་སྒྲུབ་བྱེད་ཀྱིན་ཡོད།

དཔེར་ན། ཅིའི་ནན་སློབ་ཆེན་(暨南大学)གྱི་དགེ་རྒན་ཆེ་མོ་ཡོའོ་ཞིན་ཡོང་(姚新勇)ལགས་ཀྱིས་ཀྲུང་གོའི་མི་རིགས་གནད་དོན་ལ་ཆེད་རྩོམ་མང་པོ་སྤེལ་མྱོང་། དེ་རིང་ཁོས་བྲིས་པའི་《རྒྱ་ནག་གཞུང་དང་ཏྰ་ལའི་སྐུ་ཕྲེང་བཅུ་བཞི་བས་བོད་མིའི་རང་ལུས་མེར་སྲེག་བཀག་འགོག་གནང་མ་ཐུབ་པ་རེད་དམ། 》 ་ཟེར་བ་དེ་དང་《འབར་བཞིན་པའི་གཟུགས་པོ་དང་གཟུགས་པོའི་ཆབ་སྲིད་རིག་པའི་རྩོད་གླེང་སྟེ། བོད་མི་ཁ་ཤས་ཀྱིས་མུ་མཐུད་ནས་རང་ལུས་མེར་སྲེག་བྱེད་པའི་སྣང་ཚུལ་ལ་དབྱེ་ཞིབ་དང་བསམ་གཞིག་བྱེད་པ། 》ཞེས་པའི་རྩོམ་ཡིག་དེ་གཉིས་བཀླགས་རྗེས། རྒྱ་རིགས་ཤེས་ཡོན་པ་ཚོར་ངེས་པར་དུ་གོ་བརྡ་གསལ་བོ་ཞིག་སྤྲོད་དགོས་པར་འདོད། དགེ་རྒན་ཆེན་མོ་ཡོའོ་ལགས་ཀྱིས་རྒྱ་གཞུང་ལ་བོད་མིའི་རང་ལུས་མེར་སྲེག་འགོག་པའི་ནུས་པ་མེད་པ་ཤེས་ཀྱིན་འདུག་ལ། སྲིད་གཞུང་གིས་མཐའ་གཅིག་ཏུ་བཀག་སྡོམ་ནན་མོ་བྱེད་པ་དང་ཏྰ་ལའི་བླ་མར་མཚན་སྨོད་ཤུགས་ཆེར་གཏོང་བའི་བྱེད་ཐབས་དེ་ལ་མོས་མཐུན་ཡང་བྱེད་ཀྱིན་མེད། ཐ་ན་ཐབས་ལམ་འདི་དག་གིས་བོད་མི་ཚོའི་སེམས་ལ་ཕོག་ཐུག་ཤུགས་ཆེན་བཟོ་བཞིན་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། དོན་དངོས་ཐོག་འདིས་རང་ལུས་མེར་སྲེག་མུ་མཐུད་དུ་བྱེད་པར་ཤུགས་རྐྱེན་བཟོས་བ་རེད་ཟེར། ཡིན་ནའང་དགེ་རྒན་ཆེན་མོ་ཡོའོ་ལགས་ཀྱི་འོག་གི་ལྟ་ཚུལ་འདི་ལ་གོ་བསྡུར་བྱེད་འོས་པ་ཞིག་རེད།

དང་པོ། ཁོ་རང་ཚེ་སྲོག་གི་རིན་ཐང་ཐད་ནས་བསྡད་དེ་རང་ལུས་མེར་སྲེག་མཚམས་འཇོག་དགོས་པའི་བསླབ་བྱ་གནང་པ་དང་། གཉིས་པ། ཁོའི་བསམ་ཚུལ་ཡིན་ན་རང་ལུས་མེར་སྲེག་ནི་ཐལ་དྲགས་པའི་བྱ་སྤྱོད་ཞིག་ཡིན་ལ། ནང་པའི་ཆོས་ཀྱི་སྲོག་མི་གཅོད་པའི་འདུལ་ཁྲིམས་དང་ཡོངས་སུ་འགལ་བ། འཚེ་མེད་ཞི་བའི་ས་མཚམས་ལས་བརྒལ་ནས་མི་རིགས་ཞེ་འཁོན་གྱི་རིགས་སུ་གཏོགས་པར་འདོད། གསུམ་པ། བོད་དུ་རིག་གནས་དང་མི་རིགས་རྩ་མེད་དུ་གཏོང་བའི་གནས་སྟངས་མེད་པར་འདོད་ཡོད་ལ། བོད་མི་ཚོའི་ཆེས་སྤྱིར་བཏང་གི་འཚོ་གནས་ཀྱི་ཁེ་དབང་བཙན་འཕྲོག་བྱས་མེད་པ་དང་། ཆེས་མ་མཐའི་ཆོས་ལུགས་དད་མོས་དབང་ཆ་ཡང་ཡོད་པ། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་། རི་ཆུ་ནགས་གསུམ་རྩ་གཏོར་དུ་གཏོང་བའི་ཉེན་ཁར་ཡང་འཕྲད་ཀྱིན་མེད་པར་འདོད། བཞི་བ། ནང་སེམས་མཁྲེགས་པའི་ཏྰ་ལའི་བླ་མ་རང་ཉིད་ཀྱི་འོས་འགན་ལས་གཡོལ་ཐབས་བྱས་ཡོད་དེ། ཁོས་ཁ་གསལ་བོ་སྒོ་ནས་བོད་མིས་རང་ལུས་མེར་སྲེག་མི་བྱེད་པར་བཀག་འགོག་བྱེད་འོས་ལ། ཐ་ན་ཟས་བཅད་ཀྱི་ཐབས་ལམ་སྤྱད་ནས་བཀག་འགོག་བྱེད་དགོས་པར་འདོད།

ཐོག་མར། གལ་སྲིད་བོད་མི་ཚོ་ནང་བཞིན་རང་ཉིད་ཀྱི་རིག་གནས་རྩ་གཏོར་ལ་འགྲོ་བཞིན་པའི་ཉེན་ཁ་དེ་ཁྱོད་ཀྱིས་ཤེས་ཡོད་ཚེ། ང་ཚོས་བོད་མི་རྣམས་རྒྱ་མིས་བཤད་པའི་སྤྱིར་བཏང་གི་མི་ཞིག་ཏུ་གོ་མི་འོས། བོད་ནི་ཆོས་ལུགས་ལ་ཧ་ཅང་དད་མོས་བྱེད་པའི་མི་རིགས་ཤིག་ཡིན་པ་དང་། དེ་ནི་རྒྱ་རིགས་དང་མི་འདྲ་ས་ཆེ་ཤོས་དེ་ཡིན། ཡང་གཅིག་བཤད་ན་བོད་མི་དང་རྒྱ་མིས་ཤེས་རྟོགས་བྱུང་བའི་ཚེ་སྲོག་གི་སྙིང་བོར་ཁྱད་པར་དེ་ཙམ་ཡོད་པ་དེ་ནི་དངོས་གཙོ་རིང་ལུགས་པའི་ལྷ་མེད་སྨྲ་མཁན་དང་སེམས་གཙོ་རང་ལུགས་པའི་བསམ་བློའི་དད་མོས་བར་ཀྱི་འགལ་རྐྱེན་ཆེན་པོ་རེད། དེ་བས་ཐེག་ཆེན་གྱི་བསྟན་བཅོས་གལ་ཆེན་《དམ་ཆོས་པདྨའི་མདོ》(法华经)ནང་གི་བམ་པོ་‘སངས་རྒྱས་སྨན་བླའི་མཛད་པ་’“药王菩萨本事品” ཞེས་པའི་ནང་དུ་རང་ལུས་མེ་རུ་སྒྲོན་ནས་དམ་པའི་ཆོས་ལ་སྲི་ཞུ་བསྒྲུབས་ཚུལ་གྱི་ལོ་རྒྱུས་མང་པོ་ཡོད་པ་རེད། ཡིན་ནའང་དེང་དུས་ཀྲུང་གོའི་རིག་གནས་བ་དག་གི་ནང་པའི་ཆོས་གཞུང་ན་ཤི་གསོན་ངོ་བོ་གཅིག་ཏུ་གནས་པའི་སྙིང་བོར་གོ་བ་ལོན་ གྱིན་མེད་ལ། ང་ཚོའི་ཡབ་མེས་དག་གིས་བདེན་དོན་གྱི་ཆེད་དུ་བཀས་བཀོད་རྒྱུད་འཛིན་སྐབས་ཀྱི་དཔོན་རིགས་དག་གི་བྱས་ཉེས་མདུན་ནས་རང་སྲོག་དོར་བའི་དགོས་པ་ཡང་ཚོར་གྱིན་མེད། ཀྲུང་གོའི་ཤེས་ཡོན་པ་དག་གིས་ཕེ་ཏོ་ཧྥེ་ཡི་(裴多菲)(ཚེ་སྲོག་ནི་ཧ་ཅང་རྩ་ཆེན་ཡིན་ལ། བརྩེ་དུང་གི་རིན་ཐང་ནི་དེ་ལས་ཀྱང་རྩ་ཆེན་ཡིན་ནའང་། རང་དབང་གི་ཆེད་དུ་གཉིས་ཀ་བློས་གཏོང་བྱེད་དགོས། )ཞེས་པའི་སྙན་ཚིག་འདི་བརྗེད་ཟིན་པ་དང་། “རང་དབང་མེད་པར་གསོན་པ་ལས་ཤི་ན་དགའ་”ཞེས་པའི་ཚིག་འདི་ལ་ཡང་ཕལ་ཆེར་གོ་བ་ལེན་ཐུབ་ཀྱིན་མི་འདུག ཐ་ན་གུང་ཁྲན་ཏང་མི་ཞ་མེན་ཧན་(夏明翰)ལགས་ཀྱིས་‘བདེན་པ་གཙིགས་སུ་བཀུར་ཚེ། མགོ་བོ་གཏུབས་ཀྱང་འཇིགས་པ་མེད’ཞེས་པའི་སྐད་ཆ་འདི་ལའང་གོ་བ་ལེན་ཐུབ་ཀྱིན་མི་འདུག 《ནན་ཅིན། ནན་ཅིན། 》ཟེར་བའི་གློག་བརྙན་དེའི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པས་ཚིག་འདི་མཐོང་ནས་ད་གཟོད་ཆོས་ཚོགས་སློབ་གྲྭ་ཞིག་ནས་སློབ་གསོ་མྱངས་པའི་འཇར་པན་གྱི་དཔའ་བོ་ཅོ་ཁྲོན་ལགས་ཀྱི་སྐྱོ་གར་དེ་བཞེངས་སྐྲུན་བྱས་པ་རེད།

དཔའ་རྒོད་དེས་གློག་བརྙན་ནང་གི་ཅང་དགེ་རྒན་ཤི་གསོན་གྱི་བར་མཚམས་ནས་སྐྱོབ་རྗེས། ཡང་ཁོས་སྐུ་ཞབས་ཐང་ལགས་ཀྱིས་ཆེས་མཐའ་མཇུག་གི་ཚེ་སྲོག་རྟ་རྔ་ཙམ་ལ་བརྟེན་ནས་‘ངའི་ཆུང་མར་མངལ་སྦྲུམ་ཡོད་’ཞེས་ཧ་ཅང་ཡིད་ཚིམ་པའི་སྒོ་ནས་བཤད་པའི་སྐད་ཆ་དེ་གོ་སོང་། སྐབས་དེར་ཅོ་ཁྲོན་ལགས་ཀྱིས་‘གསོན་པའི་སྡུག་བསྔལ་ནི་ཤི་བ་ལས་ཀྱང་ཆེ་’ཞེས་ལན་བཏབ་པ་དང་། ཚིག་འདིར་ང་ཚོས་གོ་བ་མི་ལོན་པ་ཅི་ཡང་མེད། ད་དུང་ཁོས་སྟབས་ལེགས་ནས་སྲོག་ཉེན་ལས་ཐར་ཡོད་པའི་ཀྲུང་གོ་བ་གཉིས་ཚེ་ཐར་ལ་བཏང་རྗེས་རང་ཉིད་ལ་མེ་མདས་བརྒྱབས་ནས་རང་སྲོག་བཅད། སྐབས་དེར་སྲོག་སྐྱོབ་དྲིན་ཆེན་འཇར་པན་གྱི་དཔའ་རྒོད་དེའི་ཤི་གསོན་ལ་ཀྲུང་གོ་བ་དེ་གཉིས་ཀར་སྣང་དོགས་ཅི་ཡང་མེད་པར་ཚེ་སྲོག་བསྐྱར་དུ་ཐོབ་པའི་སྤྲོ་དགའི་ཀློང་ནས་བུད་སོང་། འདི་ཡང་ཀྲུང་གོ་བ་གསོན་པར་འདོད་པའི་་རིག་པ་དང་འཇར་པན་དཔའ་བོས་གུས་བརྩི་བྱེད་ལུགས་མི་འདྲ་བའི་ཁྱད་པར་ཡིན་ཚོད་རེད།

ནང་ཆོས་ངོས་ནས་བཤད་ན། ཤ་ཁྲག་གི་གཟུགས་གཞི་འདི་ནམ་ཞིག་ཤི་དགོས་ཡང་འདུ་ཤེས་དང་བསམ་བློ་ནི་ནམ་ཡང་གསོན་པོར་གནས་ཡོད།ཤེས་ཡོན་པ་ཞིག་ལ་མཚོན་ན། འགྲོ་བ་མིའི་རིགས་ཀྱི་ཚེ་སྲོག་འཕེལ་འགྱུར་གྱི་འཚོལ་སྙེག་གི་བསམ་བློའི་ངོ་བོར་ཚད་མཐོན་པོའི་ཐོག་ནས་ངོས་འཛིན་མ་ཐུབ་ཚེ། ང་ཚོས་དེ་ཁ་ཨར་(笛卡尔)གྱི་‘ངས་བསམ་གཞིགས་བྱེད་པ་ནི་ང་རང་ཡོད་པའི་བདེན་དཔང་ཡིན་’ཞེས་པའི་ཚིག་འདི་ལ་གོ་བ་ལེན་མི་ཐུབ་ལ། ཅ་མོའུ་(加缪)ལགས་ཀྱི་ཚིག་‘ངས་ངོ་རྒོལ་བྱེད་པ་ནི་ང་ཚོ་གསོན་པོར་གནས་པའི་དན་རྟགས་ཡིན’་ཞེས་པ་འདི་ལ་དེ་ལས་ཀྱང་གོ་བ་ལེན་ཐུབ་ཀྱིན་མེད། འདི་ལྟ་བུའི་ཚད་ཐིག་ཐོག་ནས་བལྟས་ན་བོད་མི་ཚོས་ཏྰ་ལའི་བླ་མའི་ཆེད་དུ་རང་ལུས་མེར་སྲེག་བྱས་ཏེ། བསམ་པའི་མནར་གཅོད་དང་སྡུག་བསྔལ་ཡོད་ཚད་ལ་བཟོད་བསྲན་བྱེད་དོན་ཡང་། ད་བར་དུ་མི་སུ་ཞིག་གིས་ཀྱང་ཏྰ་ལའི་བླ་མ་ནང་བཞིན་རང་གི་དད་ལྡན་མང་ཚོགས་ལ་ཤ་ཚ་བྱེད་མི་ཐུབ་ལ། ཁོ་ནང་བཞིན་རང་གི་མི་དམངས་དང་ཆོས་ལུགས་ཀྱི་ཆེད་དུ་བློས་གཏོང་ཐུབ་མཁན་ཡང་མེད་པས་རེད། དེ་བས། རྒྱ་རིགས་ཤེས་ཡོན་པ་ཚོར་མཚོན་ན་བོད་མིའི་རང་ལུས་མེར་སྲེག་གི་བྱ་སྤྱོད་ལ་བཟང་ངན་གྱི་སྐད་ཆ་བཤད་པའི་ཐོབ་ཐང་མེད་ལ། ཏྰ་ལའི་བླ་མར་སྡིག་དམོད་དང་སློབ་སྟོན་གནང་པའི་དབང་ཆ་དེ་བས་ཀྱང་མེད། མུ་མཐུད་ནས་རང་ལུས་མེར་སྲེག་བྱེད་བཞིན་པའི་གནས་སྟངས་ལ་ཁ་གཏད་དེ་ང་ཚོ་སྤོབས་པ་ཆེན་པོས་བདེན་པའི་རྒྱབ་རྩར་ལངས་བྱེད་རྒྱུ་དེ་རེད།

དེང་སྐབས་ཀྲུང་གོའི་ཤེས་ཡོན་པ་ཚོའི་ཉེན་ཁ་ཆེ་ཤོས་ནི་བདེན་པ་དང་དགེ་སེམས། མཛེས་བ་དང་ཁྱད་འཕགས་བཅས་ཀྱི་འདུ་ཤེས་ལ་འཚོལ་སྙེག་མི་བྱེད་པ་དང་། ངར་ཤུགས་དང་སྤོབས་པ་ལས་རིང་དུ་གྱེས་པ་ཡོད་པ་དེ་རེད། ང་ཚོའི་ཤེས་གསལ་ལྟར། སྐད་གྲགས་ཆེ་བའི་སྒྲ་རྡུང་མཁན་མ་ཡུ་ཡུ་ལགས་ཀྱིས་ཀྱང་༡༩༩༧ལོར་ཕོ་བྲང་དཀར་པོའི་ནང་ནས་ཕེབས་བསུ་སྟོན་མོ་ཞིག་གི་ཐོག་ཏུ་ཅང་ཙེ་མེན་ལ་ཀྲུང་གོའི་ཏྰ་ལའི་བླ་མ་དང་བོད་ཀྱི་སྲིད་ཇུས་ལ་འགྱུར་བ་གཏོང་དགོས་ཚུལ་གྱི་དྲན་སྐུལ་ཞིག་བྱས་པར་བརྟེན། མཐའ་མར་ལོ་ཁ་ཤས་རིང་ལ་ཀྲུང་གོར་འཁྲབ་སྟོན་བྱེད་དུ་བཏང་ཡོད་པ་མ་རེད། དེ་བས། བོད་ཀྱི་གནད་དོན་ནི་རིག་གཞུང་བཀག་སྡོམ་ས་གནས་ཤིག་གི་ཉེན་ཁ་ཞིག་ཡིན་པས། རྒྱུས་ལོན་ཅི་ཡང་མེད་པར་རྒྱ་ནག་གཞུང་དང་ཏྰ་ལའི་བླ་མའི་བར་ནས་བདེན་པ་ཤིག་འཛིན་རྒྱུ་ཧ་ཅང་ཁག་པོ་རེད། ངས་བློས་གཏོང་གང་མང་ཞིག་བྱས་པའི་རྗེས་ནས་ཏྰ་ལའི་བླ་མ་དང་འཇལ་འཕྲད་བྱེད་རྒྱུའི་གོ་སྐབས་མང་པོ་ཐོབ་ཅིང་། (ཐེངས་གཅིག་རྡ་རམ་ས་ལར་ཡོད་པའི་ཏྰ་ལའི་བླ་མའི་གཟིམ་ཤག་ནང་ཡིན།)དེའི་མ་ཟད་ཐེངས་མང་པོར་ཁོང་གི་གསུང་ཆོས་ལའང་ཉན་པ་ཡིན། ངེད་སློབ་གྲྭའི་ངོས་ནས་ཀྱང་ཐེངས་གཉིས་ལ་ཁོང་དང་བཞུགས་མོལ་ཚོགས་འདུ་ཞིག་བསྐོངས་མྱོང་།

འདི་ལྟ་བུའི་ཐུག་འཕྲད་མང་པོ་བརྒྱུད་ནས་ཀློག་པ་པོ་ཚོར་ཞུ་རྒྱུ་ཞིག་ལ་ཏྰ་ལའི་བླ་མ་ནི་བྱམས་བརྩེ་ལྡན་ཞིང་། རྣམ་དཔྱོད་འཛོམས་པ། ནང་སེམས་གཙང་ཞིང་ཀུ་རེ་ལ་དགའ་བའི་རྒན་རབས་པ་ཞིག་རེད། དེ་བཞིན་དུ་ཁོང་གི་བརྩམས་ཆོས་བརྒྱ་ཁ་ཞིག་བཀླགས་པ་ལས། ཏྰ་ལའི་བླ་མ་ནི་བོད་མི་རིགས་ཀྱི་བསམ་པའི་སྒོ་མོ་འབྱེད་པའི་ལྡེ་མིག་ཡིན་པའི་ངོས་ཟིན་ཐོབ། ཏྰ་ལའི་བླ་མ་དང་བོད་མི་བར་ཀྱི་བསམ་བློ་འབྲེལ་ཐག་གཅོད་འདོད་པ་དང་། བོད་མི་རིགས་ཀྱི་བསམ་བློའི་དབུ་ཁྲིད་ཁོང་ཉིད་ལ་མཚན་སྨོད་དང་དམའ་འབེབས་བྱས་ནས་བོད་མི་ཚོའི་རང་ལུས་མེར་སྲེག་གི་གནད་དོན་ཐག་གཅོད་ཐབས་མེད། དེ་བས། རྒྱ་གཞུང་གི་ལྷག་བསམ་རྣམ་དག་གིས་བོད་མིའི་རང་ལུས་མེར་སྲེག་གི་གནད་དོན་ཐག་གཅོད་བྱེད་འདོད་ཡོད་ཚེ། ངེས་པར་དུ་བོད་མིའི་ཆོས་ཀྱི་དབུ་ཁྲིད་ཏྰ་ལའི་བླ་མ་མཆོག་ལ་བརྩི་བཀུར་བྱེད་པ་ནས་འགོ་རྩོམ་དགོས།
མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*