གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(དང་པོ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

འདས་སོང་
ཨེ་མ་ འདས་སོང་ནི་ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་
ཇི་འདྲའི་མཛེས་སྡུག་ལྡན་པ་ ཇི་འདྲའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་
གང་གིས་ཀྱང་མཚོན་མི་བཏུབ་པའི་མཛེས་བ་ཞིག་
སུ་ཡིས་ཀྱང་ཡིད་ལ་དྲན་མི་བཏུབ་པའི་མཛེས་བ་ཞིག་
ང་ཡི་འདས་སོང་
འུ་ཅག་གི་འདས་སོང་
ཇི་འདྲའི་མཛེས་བ་ལ ཇི་འདྲའི་མཛེས་བ་ལ ཇི་འདྲའི་མཛེས་བ་ལ་ཨང་།
འོད་ཟེར། (༡༩༩༩)

རྫོགས་ལྡན་ལྟ་བུའི་འདས་སོང་དེར་ཕྱིར་དྲན་གྱི་གདུང་བའི་ཁྲོིད་ད་ལྟའི་གནས་བབ་འདིར་མི་འདོད་འཕངས་སེམས་ལྕི་་་་་་་་་་་འདས་ཟིན་པའི་བོད་དེ་ཕུན་སུམ་ཚོགས་པའི་སྣང་བརྙན་ཞིག་ཏུ་བསྐྲུན་པའི་འཆར་ཡན་འདི་འདྲ་ནི་སྤྱི་ལོ་༡༩༦༠ནང་སྐྱེས་པའི་བོད་པ་སྙན་ངག་པ་ཚོའི་བརྩམས་ཆོས་ཀྱི་ཁྲོད་དུ་བསྐྱར་ཟློས་ཡང་ཟློས་ཀྱིས་ཐོན་ཡོད་ལ། སྤྱི་ལོ་༡༩༦༦ལོར་སྐྱེས་པའི་འོད་ཟེར་གྱིས་བརྩམས་པའི་ཚིག་དུམ་འདི་དག་གིས་གོད་ཆག་གི་འདུ་ཤེས་ཤིག་དང་ཁོ་མོ་ཁ་བྲལ་སོང་བའི་གནས་ཡུལ་དེར་འདས་ལོག་རྒྱག་སྲིད་པའི་སྐོར་ལོ་རྒྱུས་སུ་བཀོད་ཅིང་། འོད་ཟེར་ཡང་ཁོང་ཚོ་མང་པོ་ཞིག་གིས་རང་ཉིད་ལ་རང་གི་འདས་སོང་ལས་ཅི་ཡང་མ་ཐོབ་ཅིང་། ཁོང་ཚོའི་འཆར་སྣང་ཁྲོད་ཁོང་ཚོའི་གནས་ཡུལ་དེ་ངོ་རྟགས་ཀྱི་མགོ་ཉོག་དང་ནག་ཉེས་ཅན་གྱི་གནས་སྟངས་ཤིག་ཏུ་འཚུད་པར་ཚོར་བའི་ན་གཞོན་སྙན་ངག་པའི་མི་རབས་འདི་ཡི་ཁོངས་སུ་གཏོགས་ཤིང་། བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་རིག་གཞུང་ཁྲོད་ཕྱིར་ལོག་པ་ནི་ཁོང་ཚོའི་ངོ་རྟགས་ཀྱི་འབྱུང་ཁུངས་སུ་སྙམ་གྱིན་ཡོད་ལ། ཁོང་ཚོས་ད་དུང་དེ་འདྲ་ཞིག་ལ་རེ་འབོད་ཀྱིས་རང་ཉིད་བསྐྱར་སྒྲིག་བྱེད་པར་སེམས་འཁྲལ་ཡང་བྱེད་པ་དང་། སྙན་ངག་པ་འདི་དག་གིས་རང་ཉིད་རྒྱའི་སྐད་ཡིག་གིས་མངོན་མཚོན་བྱེད་དགོས་པ་དེས་སེམས་འཁྲལ་འདི་ནི་ཁོང་ཚོའི་སྙིང་གི་གས་ཆག་ཏུའང་འགྱུར་བ་དང་། ཕ་ཡུལ་ལ་བཅངས་པའི་ལར་ཞེན་གྱི་འཁྲུལ་གཞི་དེ་གས་ཆག་འདི་ཡིས་བསྐྱེད་པའི་ཚོར་ཤེས་བྲལ་བའི་འདུ་ཤེས་ཀྱི་བསླུ་བྲིད་དང་སྦྲེལ་ཞིང་། དེ་ཡི་གྲུབ་འབྲས་སུ་ཁོང་ཚོ་རང་གི་རྨི་ལམ་གྱི་ཕ་ཡུལ་ཏེ་རང་ཉིད་བོད་ཀྱི་ཕྱོགས་སུ་འབྲེལ་བའི་མཐུད་མཚམས་འཕྲལ་བར་གྱུར་བ་དེའོ།།

བློ་ཡིད་ལ་འཆར་བའི་བོད་ཀྱི་སྣང་བརྙན་འདི་ནི་རྒྱ་ཡིག་ནང་སྙན་ངག་འབྲི་མཁན་གྱི་ཉེ་རབས་ཀྱི་བོད་པ་སྙན་ངག་པའི་མི་རབས་ཤིག་གིས་སྣང་པའི་མཐོང་སྣང་ལས་ཁད་དུ་ཕྱུང་བ་དང་། བོད་རྟོག་འཆར་གྱི་བཟོ་ལས་ལྟ་བུའི་སྣང་བརྙན་དེ་ཁོང་ཚོའི་སྙན་ངག་ལས་མི་མངོན་ཞིང་། ཁོང་ཚོར་མཚོན་ན་ངས་གཞུག་ནས་ཞིབ་རྒྱས་སུ་འཆད་འགྱུར་ལྟར། འདས་སོང་ནི་སྐྱུག་བྲོ་བ་ཞིག་དང་ཁོང་ཚོའི་མྱོང་བ་ཡི་སེམས་གཅུང་དང་འབྲེལ་ཡོད། ཚོེར་འདུ་དེ་ཡི་ཁྲོད་གཞོན་སྐྱེས་མི་རབས་ཤིག་གིས་བོད་བློ་ལ་འཆར་ཚུལ་དེ་ཡིས་ཤེས་རྟོགས་ཤིག་གི་གཞི་རྩའི་འགྱུར་ལྡོག་མཚོན་པར་བྱས་ཡོད།

ངས་བོད་པ་སྙན་ངག་པ་ཚོས་རྒྱ་ཡིག་ནང་བྲིས་པའི་དུས་བསྟུན་རང་བཟོའི་རིགས་དང་ཕ་ས་ཕ་ཡུལ་གྱི་སྣང་བརྙན་དང་སྐད་བརྡ་མི་འདྲ་བ་དག་འཚོལ་ཞིབ་བྱེད་སྙིང་འདོད་ཅིང་། དེ་འདྲ་ཞིག་གི་དབུ་སློང་བར་ངས་རྒྱ་ཡིག་ནང་རྩོམ་འབྲི་མཁན་གྱི་བོད་པ་སྙན་ངག་པའི་མི་རབས་དང་པོ་མངོན་དུ་གྱུར་ཚུལ་གླེང་དགོས་ལ། ཁོང་ཚོའི་བརྩམས་ཆོས་དག་རྩོམ་རིག་བརྩམས་ཆོས་ཁྲོད་སྤྱི་ལོ་༡༩༨༠རྗེས་ཀྱི་བོད་པ་རྒྱ་ཡིག་ནང་རྩོམ་མཁན་དག་ལས་སྔོན་བསྐྱོད་པར་སོང་། ངས་སྙན་ངག་གི་སྡེ་པ་འདི་ལོགས་སུ་དབྱེ་བར་སྲོལ་འབྱེད་ཅེས་པའི་བརྡ་ཆད་འདི་བཀོལ་ཡོད་པ་དང་། སྡེ་པ་འདི་ཡི་ནང་དུ་ངས་སྙན་ངག་པ་གཙོ་བོ་ལྔ་སྟེ། སྤྱི་ལོ་༡༩༣༤ལོར་བླ་བྲང་(ཀན་སུའུ་ཞིང་ཆེན།)དུ་སྐྱེས་པའི་ཝང་ཀྲོ་ལེན་ནམ་བོད་མིང་རྟ་མགྲིནམགོན་པོ་དང་། སྤྱི་ལོ་༡༩༣༣ལོར་ཙོང་ཁ་(མཚོ་སྔོན་ཞིང་ཆེན།)རུ་སྐྱེས་པའི་ཡི་ཏན་ཚེ་རང་བོད་མིང་ཡི་དམ་ཚེ་རིང་། སྤྱི་ལོ་༡༩༣༥ལོར་བདེ་ཆེན་(ཡུན་ནན་ཞིང་ཆེན་)དུ་སྐྱེས་པའི་རོ་ཇེ་པ་སངས་བོད་མིང་རབ་རྒྱལ་པ་སངས། སྤྱི་ལོ་༡༩༣༦ལོར་ཁྲི་ཀ་(མཚོ་སྔོན་ཞིང་ཆེན།)རུ་སྐྱེས་པའི་ཀེ་སང་ཏོ་ཇེ་བོད་མིང་སྐལ་བཟང་རྡོ་རྗེ། སྤྱི་ལོ་༡༩༣༨ལོར་བླ་བྲང་དུ་སྐྱེས་པའི་ཀན་པུ་བཀྲ་ཤིས་བོད་མིང་མགོན་པོ་བཀྲ་ཤིས་བཅས་བསྡུས་ཡོད་ལ། སྙན་ངག་པ་ཡི་དམ་ཚེ་རིང་ཁོང་ནི་རྩོམ་རིག་གི་ལྗོངས་རྣམ་ལ་དམིགས་བསལ་གྱི་ཤན་སྟོབས་ཆེ་བའི་སྣང་བརྙན་ལྡན་མཁན་ཞིག་རེད་པས། ངས་ཁོང་གིས་བརྩམས་པའི་སྙན་ངག་ལ་དོ་སྣང་བླ་ལྷག་བྱས་པ་དང་། ཁོང་གི་ཡིག་ཐོག་པར་འགྲེམས་ནི་ཁོང་དང་དུས་མཉམ་གྱི་འདོན་སྤེལ་ལས་ཡོངས་སུ་བརྒལ་ཡོད། འོན་ཀྱང་། བོད་པ་སྙན་ངག་པ་ཡོངས་ལས་རྟ་མགྲིན་མགོན་པོ་ནི་སྤྱི་ལོ་༡༩༥༥ལོར་རྒྱ་ཡིག་ནང་སྙན་ངག་འདོན་སྤེལ་བྱེད་མཁན་ཆེས་ཐོག་མ་ཡིན་པར་སྣང་།

དེ་ནས་ངས་སྤྱི་ལོ་༡༩༨༠དུས་དཀྱིལ་ཚུན་གྱི་སྙན་ངག་པའི་ན་གཞོན་མི་རབས་ཤིག་མདུན་དུ་ཐོན་ཏེ་རྒྱ་ཡིག་ནང་སྙན་ངག་འབྲི་སྦྱོང་གིས་གསར་དུ་འདོན་སྤེལ་བྱེད་མཁན་ཚོའི་སྙན་ངག་འཚོལ་ཞིབ་བྱེད་རྒྱུ་ཡིན། མི་རབས་འདིའི་སྙན་ངག་ནི་ནང་དོན་དང་རྣམ་པ་གཉིས་ཀའི་ཐད་ནས་རྒན་རབས་པའི་སྙན་ངག་དང་མི་འདྲ་ལ། གལ་ཆེ་ཤོས་ཤིག་ནི་སྙན་ངག་པ་འདི་དག་ནི་ཆབ་སྲིད་དང་རིག་གནས་ལ་རྦད་དེ་འགྱུར་བ་འགྲོི་བའི་སྐབས་ཤིག་ལ་ཐོན་པ་རེད། སྤྱི་ལོ་༡༩༧༩ལོར་མོའོ་ཙེ་ཏུང་(Mao Zedong)གཤེགས་རྗེས་མི་བཞི་ཤོག་ཁག་ཕམ་པར་བརྒྱབ་པ་དང་ཏིན་ཞོ་ཕིན་(Den Xiaoping)གྱིས་ཆབ་སྲིད་ཀྱི་དབུ་ཁྲིད་བྱས། ཁོའི་བཅོས་བསྒྱུར་གྱི་བྱེད་སྒོ་རིམ་པས་རྒྱ་ནག་ཡོངས་ཀྱི་རྩོམ་རིག་གི་སྡེ་ཚན་ཀུན་ལ་ཤུགས་རྐྱེན་ཤུགས་ཆེར་འཐེབས་པ་དང་། རྩོམ་པ་པོ་དང་སྒྱུ་རྩལ་པ་དག་བསྐྱར་གསོ་ཐུབ་ཅིང་། སྤྱི་ལོ་༡༩༧༩ལོའི་རྩོམ་པ་པོ་དང་སྒྱུ་རྩལ་པའི་ཚོགས་འདུ་ཐེངས་བཞི་བའི་སྟེང་གི་གསུང་བཤད་དུ་ཏིན་ཞོ་ཕིན་(Den Xiaoping)གྱིས་སྒྱུ་རྩལ་གསར་གཏོད་ལ་ཐེ་བྱུས་བྱེད་རྒྱུར་མཇུག་བསྡོམས་རྒྱག་རྒྱུའི་གཡར་དམ་ཕུལ། རིག་གནས་རང་སྐྱོང་འདི་བཞིན་གྲངས་ཉུང་མི་རིགས་ཀྱི་རྩོམ་པ་པོ་དག་ལའང་ཐོབ་པ་དང་། བོད་པ་རྩོམ་པ་པོ་དང་སྙན་ངག་པ་ཚོས་ཆེས་ཐོག་མར་རང་རང་གི་བརྩམས་ཆོས་ཁྲོད་རྒྱ་ནག་ལ་ཆབ་སྲིད་ཀྱི་ལར་ཞེན་དངོས་མཚོན་བྱེད་མི་དགོས་པ་བྱུང་བ་རེད།

ངའི་དམིགས་ཡུལ་ནི་ཐོག་མར་སྙན་ངག་པ་འདི་དག་གི་སློབ་སྦྱོང་གི་རྒྱབ་ལྗོངས་དམིགས་འབེན་དུ་འཛིན་རྒྱུ་དེ་ཡིན་ལ། བོད་ཀྱི་མཐའ་མཚམས་ཁག་གི་རྒྱ་ནག་གི་འབྲིང་རིམ་སློབ་གསོའི་ལོ་རྒྱུས་ཀྱིས་སྐད་ཡིག་གི་སྤྱོད་སྒོ་སྣ་ཚོགས་ཤིག་དཔེ་རིས་ཀྱི་ལམ་ནས་གསལ་ཁ་འདོན་པ་དང་། ངས་རྒྱ་ནག་མི་སེར་སྲིད་གཞུང་གིས་བོད་པའི་ཁྲོད་གཤིས་རྒྱུད་དང་ཀུན་སྤྱོད་བཅོས་བསྒྱུར་གྱིས་དབང་བསྒྱུར་ཐུབ་པའི་ལས་གཞིའི་ཆ་ཤས་སུ་སློབ་གསོ་ལ་རྒྱབ་སྐྱོར་ཇི་ལྟར་བྱས་པའི་རྗེས་ཤུལ་བསྙེག་རྒྱུ་ཡིན་ལ། དབང་བསྒྱུར་སྲ་བརྟན་ཆེད་ཀྱི་སློབ་གསོའི་གལ་གནད་ནི་རྒྱ་ནག་མི་སེར་སྲིད་གཞུང་གིས་མཐའ་མཚམས་ཁག་གི་བོད་མི་ཚོའི་ཕྱོགས་སུ་ལག་བསྟར་བྱས་པའི་སྲིད་ཇུས་ལས་མངོན་གསལ་དུ་མཐོང་གདའ། དེ་ནས་ངས་བོད་པ་སྙན་ངག་པ་ཚོས་གསར་དུ་བཙུགས་པའི་རྒྱ་ནག་དམར་ཤོག་གི་ལམ་ལུགས་འོག་བརྩམས་ཆོས་འདྲ་མིན་ངེས་ཅན་ཞིག་ཇི་ལྟར་སྤེལ་བའི་སྐོར་ལ་བལྟ་ཞིབ་བྱ་རྒྱུ་ཡིན། ང་ཚོས་རྩོམ་རིག་དེ་དང་དེ་འབྲེལ་བོད་པ་སྙན་ངག་པ་དག་ཇི་ལྟར་ཤེས་དགོས་སམ། གཞོན་སྐྱེས་མི་རབས་ཀྱི་སྙན་ངག་པ་ཚོར་མཚོན་ན་ཁོང་ཚོས་རང་གི་སྤྱི་ཚོགས་དང་ཆབ་སྲིད་ཁོར་ཡུག་དང་ཇི་ལྟར་འབྲེལ་ཞིང་འདྲིས་སམ། ཁོང་ཚོས་རང་གི་རྒྱུད་ལམ་དེ་ཁོང་ཚོའི་མི་རིགས་དང་ལྷན་དུ་འགྲིག་འཇགས་ཇི་ལྟར་བྱས་སམ།
སྲོལ་འབྱེད་མཁན་པོ་རྣམས།

སྤྱི་ལོ་༡༩༣༠ཡི་ལོ་རབས་དེ་ནི་རྒྱ་བོད་གཉིས་ཀའི་ལོ་རྒྱུས་ཁྲོད་ཟིང་ཆ་ཆེ་བའི་ལོ་རབས་ཤིག་ཡིན་ཏེ་གདའ། ཉི་ཧོང་གིས་མན་ཇུ་ལ་བཙན་འཛུལ་བྱས་པ་དང་། དམར་དམག་གིས་ཇིང་ཤིས་(Jiangxi)ནས་རྒྱང་བསྐྱོད་འགོ་བཙུགས། དམར་ཕྱོགས་ཤོག་ཁག་ཡན་ཨན་(Yan’an)དུ་གནས་སྤར། སྤྱི་ལོ་༡༩༣༣ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པ་སྐུ་གཤེགས་རྗེས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཉམས་རྒུད་དུ་གྱུར། དེའི་རྟིང་གི་གཞུང་འཛིན་གསར་རྙིང་དབར་གྱི་དུས་སྐབས་དེ་ཡིས་བོད་ཀྱི་ཆབ་སྲིད་གནས་བབ་སྐྱོ་རུ་བཏང་། མ་ཟད་རྒྱ་ནག་མི་སེར་སྲིད་གཞུང་གིས་དབང་ལུང་བོད་ས་ཡོངས་ལ་ཁྱབ་བསྒྱུར་བྱ་ཐབས་བྱས། སྤྱིོ་ལོ་༡༩༣༤ལོར་ཧན་མོིའུ་སང་(Huang Musong)གི་དོན་གཅོད་ལྷ་སར་སླེབས་པ་ནི་ལོ་ངོ་ཉི་ཤུ་ལྷག་ལ་ལྷ་སར་ཕལ་ཆེར་མེད་པར་ལྷག་པའི་རྒྱ་མི་ཞིག་ཡོད་མདོག་སྟོན་པ་དང་རྒྱ་ནག་གི་དབང་འཛིནགསར་པ་དང་བོད་དབར་གྱི་ཆེས་ཐོག་མའི་འབྲེལ་བ་བཅས་ལ་གལ་ཆེན་པོ་ཆགས་ཡོད། བོད་ཤར་ཕྱོགས་ཀྱི་མཐའ་མཚམས་ས་ཁུལ་ཁག་ཏུ་བོད་གཞུང་གིས་ལོི་མང་པོའི་སྔོན་ནས་རང་གི་ཁྲིམས་ལུགས་ཀྱི་དབང་ཚད་བརླག་འདུག་པས། ས་སྡེ་རྒྱ་ཆེན་པོ་ཞིག་ལ་སྡེ་དཔོན་ཁག་གིས་དབང་བསྒྱུར་བ་རེད།

ཆབ་སྲིད་ཀྱི་ཟིང་ཆ་འདི་ཡི་དཀྱིལ་དུ་སྤྱི་ལོ་༡༩༣༤ལོར་ཡི་དམ་ཚེ་རིང་ཙོང་ཁ་ཆི་ཀྱཱ་ཅོང་ཞི་ནང་(Ch. Congzhi)ནང་གྲོང་ཚོ་ད་ལྟའི་མཚོ་སྔོན་ཞིང་ཆེན་ཕིན་ཨན་(Ping’an)རྫོང་དུ་འབོད་པ་རུ་སྐྱེས་ལ། ས་ཁུལ་དེ་ནི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་ཆོིས་བརྒྱུད་དང་ཆོས་བརྒྱུད་དེ་ཡི་དགོན་སྡེ་གྲགས་ཅན་སྐུ་འབུམ་བཅས་སྲོལ་གཏོད་པ་པོ་ཙོང་ཁ་པའི་འཁྲུངས་ཡུལ་དུ་ཡོངས་སུ་གྲགས་པ་དང་། མངའ་ཁོངས་དེ་ནི་མཚོ་སྔོན་ཞིང་ཆེན་གྱི་འཛིན་སྐྱོང་ས་ཁུལ་ལྟ་བུར་སྤྱི་ལོ་༡༩༢༨ལོར་མི་སེར་སྲིད་གཞུང་གི་འོག་ཏུ་བཅུག་ཅིང་། ཞིང་ཆེན་དེ་སྐབས་དེར་ཁ་ཆེ་བ་དམག་སྤྱི་མ་ཆི་(Ma Qi)ཡིས་དབང་ལུང་བསྒྱུར་བ་དང་། རྟིང་སོར་ཁོང་གི་བུ་མ་ པུ་ཆིན་(Ma Buqin)དང་མ་ པུ་ཧྥང་(Ma Bufang)གིས་ཤུལ་བཟུང་། ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པའི་ཡི་དམ་ཚེ་རིང་ལ་བོད་ཡིག་གི་སློབ་གསོ་ཞིག་ཐོབ་པའི་འདུན་པ་རྨ་མེད་ཅིག་མེད། བོད་པ་ཚོར་ཡོད་པའི་སློབ་གསོའི་གཞུང་ལམ་ཁོ་ན་ནི་དགོན་པ་ཞིག་ཏུ་འཛུལ་བ་དང་སྒེར་གྱི་དགེ་རྒན་ཞིག་ཁྱིམ་དུ་གདན་དྲངས་པ་དེ་ཡི་མདུན་ནས་སློབ་སྦྱོང་བྱེད་པ་དེ་ཡིན། ཡི་དམ་ཚེ་རིང་གི་ཁྱིམ་ལྟོས་ས་ལྟོས་འཇོག་གིས་སྐྱོ་བར་སོང་། ཁོང་གི་ཨ་ཕས་ཁོང་རྒྱ་ནག་གི་སློབ་གྲྭ་ཞིག་ལ་གཏང་རྒྱུ་ཐག་བཅད། རྩོམ་པ་པོ་ཁོང་གིས་དྲན་པ་ལྟར་ན། རྒྱ་ནག་གི་སློབ་གྲྭ་དེ་རུ་ཕལ་ཆེར་ཁོང་གི་སྡེ་བའི་བོད་པ་ན་གཞོན་བཅུ་ཙམ་ཞིག་བཏང་ཡོད་པ་རེད་ལ། འདི་ལྟར་ཁོང་ལ་ཐོབ་པའི་སློབ་སྦྱོང་ཐོག་མ་དེ་རྒྱ་ཡིག་ནང་ནས་ཐོབ་པ་རེད།

ཡི་དམ་ཚེ་རིང་ལས་ལོ་ཤས་ཀྱི་སྔོན་ལ་ཁོང་གི་འཁྲུངས་ཡུལ་ཅོང་ཞི་ནང་དུ་འཁྲུངས་ཞིང་། ཕྱིས་སུ་ཏཱ་ལའི་བླ་མ་སྐུ་ཕྲེང་འདི་པའི་སྙིད་པོ་རུ་གྱུར་བ་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་(༡༩༢༢-༢༠༠༠)ལ་དོ་སྣང་བྱེད་པའང་དབྱིངས་ཆེ་བར་མཐོང་ལ། པར་དུ་མ་བཏབས་པའི་ཁོང་གི་དྲན་ཐོ་ཡི་ནང་དུ་ཁོས་ཁོང་གི་ཆུང་དུས་ཀྱི་སློབ་གསོ་དྲན་སོས་གནང་ཡོད་དེ། ང་རང་ལོ་ན་ལྔ་ལ་སོན་སྐབས་ངས་ལྷ་མོ་དོན་གྲུབ་དང་མཉམ་དུ་རྒྱ་ཡིག་སློབ་འགོ་བཙུགས་པ་ཡིན། (ཙོང་ཁ་རུ་བྱིས་པ་སྐྱ་བོ་ཚོས་བོད་ཡིག་མི་སྦྱོང་བ་རེད།) ང་ཚོའི་དགེ་རྒན་ནི་ང་ཚོ་དང་ལྷན་དུ་སྡོད་པའི་རྒྱ་མི་སྐྱེས་པ་ལོ་ལྔ་བཅུ་ཅན་ཞིག་ཡིན་ལ། ཁོང་ང་ཚོའི་ས་ཆ་རུ་རྒྱ་ནག་གི་ཁྱིམ་མཚེས་ས་ཁུལ་ཁག་གི་མུ་གེ་ལ་བྱོལ་བར་བསླེབས་འདུག ཁོང་གིས་ང་ཚོ་ལ་ཉིན་མོར་ལུག་འཚོ་བའི་སྐབས་དང་ནངས་དགོང་ལ་བསླབས་པ་རེད།

རྒྱ་མི་རྒན་པ་དེ་རྒྱ་ཡི་རྩོམ་རིག་ལ་བྱང་ཆུབ་པ་ཞིག་ཡིན་ལ། རྒྱ་ཡིག་གི་ཟུར་དུ་ཁོང་གིས་ང་ཚོར་རྒྱ་ནག་གི་ལོ་རྒྱུས་སློབ་པ་དང་། བུ་བུ་མོའི་འབྲེལ་བའི་བསླབ་བྱ་ཡིས་བལྟམས་པའི་རྒྱ་ནག་གི་སྒྲུང་གིས་ང་ཚོས་ཡིད་དབང་འཕྲོག་ཡོད། ང་ཚོའི་སྡེ་བའི་ནང་དུ་སློབ་གྲྭ་མེད་པར་བརྟེན་སློབ་དེབ་ཁག་རག་རྒྱུ་ཧ་ཅང་ཁག ང་ཚོའི་དགེ་རྒན་གྱིས་བློ་འཛིན་ནི་ཅི་བས་གལ་ཆེ་བའི་རྒྱ་ནག་གི་སློབ་ཁྲིད་རིག་པ་རྙིང་པའི་སྲོལ་འཛིན་ཞིང་། ཞོགས་ལྟར་ཁོང་གིས་ང་ཚོས་སྔ་ཉིན་བསླབས་པའི་ཚིག་རྣམས་བློར་བཟུང་ཡོད་མེད་རྒྱུགས་ལེན་པས། ང་ཚོས་མཚན་མོ་སྒྲོན་ངོགས་ནས་བློ་ལ་འཛིན་དགོས་ཡོད། སྤྱི་ལོ་༡༩༣༣ནས་༡༩༣༤བར་ཅོང་ཞི་ནང་གི་ཤར་ཕྱོགས་སུ་རྒྱ་ནག་མི་མང་གིས་དོ་སྣང་ཞེ་དྲགས་ཆེན་པོ་བྱེད་པའི་རྒྱ་ཡིག་གི་སློབ་གྲྭ་ཆུང་ཆུང་ཞིག་སྒོ་ཕྱེས་བ་དང་། སློབ་གྲྭ་དེ་ལ་སློབ་མ་བརྒྱ་ལྷག་བདོ་བ་ལས་བཅུའམ་བཅུ་ལས་མང་བ་ང་ཚོའི་སྡེ་བ་ནས་ཡིན། སློབ་གྲྭ་དེ་རུ་ཁྱོན་བསྡོམས་ཧ་ལམ་བོད་རིགས་སློབ་མ་བཅོ་ལྔ་ཙམ་ཡོད། དེ་ནས་གང་མགྱོགས་རྒྱ་ནག་གི་དཔོན་རིགས་ཚོས་ཁོང་ཚོས་བོད་ཀྱི་འབྲོག་ཁུལ་དང་རོང་ཁུལ་ཡོངས་སུ་སློབ་གྲྭ་འཛུགས་རྒྱུའི་གསལ་བསྒྲགས་བསྐྱངས་པ་རེད་དེ། དོན་ངོ་མར་རྒྱ་ནག་མི་མང་གིས་དབང་བསྒྱུར་བའི་ས་ཁུལ་ཁག་ཁོ་ན་རུ་སློབ་གྲྭ་བཙུགས་པ་རེད།
མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(དང་པོ)

  1. ཀླུ་སྨྱོན་ ནས།

    ངས་འཛམ་གླིང་གི་མི་སྣ་གྲགས་ཅན་འགའི་ལོ་རྒྱུས་དབྱིན་ཡིག་ནས་བོད་བསྒྱུར་བྱས་ཡོད་པས། དབྱིན་རྩོམ་དང་མཉམ་དུ་འདིར་བསྐུར་འདོད་པས། དེ་ཆོག་གམ།

  2. ཡར་འཕེལ་ ནས།

    དགོན་སྡེ་གྲགས་ཅན་སྐུ་འབུམ་བཅས་སྲོལ་གཏོད་པ་པོ་ཙོང་ཁ་པའི་འཁྲུངས་ཡུལ་དུ་ཡོངས་སུ་གྲགས་པ་དང

Write a Reply or Comment

Your email address will not be published. Required fields are marked *

*