གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(གཉིས་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

དེ་དུས་ཀྱི་མི་གཞན་ཞིག་སྟེ་ཙོང་ཁ་ལྷ་མོ་ཚེ་རིང་ལའང་ཁོང་གི་སློབ་སྦྱོང་ཐོག་མ་དེ་རྒྱ་ཡིག་ནང་ནས་འབྱོར་བ་རེད། ཙོང་ཁ་ལྷ་མོ་ཚེ་རིང་ཡང་ཙོང་ཁའི་ཡུལ་གྱི་བོད་མི་མང་ཤོས་ལྟར་རང་གི་ཡུམ་སྐད་བརྗེད་དེ་ཟི་ལིང་གི་ཡུལ་སྐད་རྐྱང་པས་ཁ་བརྡ་བྱེད་པ་དང། ཕྱིས་སུ་ཁོས་བོད་སྐད་བཤད་པ་དང་བོད་ཡིག་འབྲི་བ་སྦྱངས་པ་ཙམ་རེད། ཟི་ལིང་དགེ་ཐོན་སློབ་གྲྭ་ནས་ཐོན་རྗེས་ཁོང་ནན་ཅིན་(Nanjing)དུ་གྲངས་ཉུང་མི་རིགས་སློབ་གླིང་ལ་མངགས་པ་རེད། འདི་བཞིན་ཡི་དམ་ཚེ་རིང་དང་སྟག་ལྷ་ཕུན་ཚོགས་བཀྲ་ཤིས། ཙོང་ཁ་ལྷ་མོ་ཚེ་རིང་བཅས་ཀྱི་ཆེས་ཐོག་མའི་སློབ་རའི་སློབ་གསོ་ནི་རྒྱ་ཡིག་ནང་ནས་རག་པ་རེད་ལ། བོད་རྒྱའི་ས་མཚམས་ཁུལ་ཀྱི་བོད་མི་ཚོ་ལ་བོད་དབུས་ཀྱི་བོད་མི་དག་ལས་དུས་ཡུན་རིང་པོའི་སྔོན་ལ་རྒྱ་ཡིག་ནང་སློབ་སྦྱོང་སྤྲད་པ་དང་། དེང་རབས་སློབ་གསོ་ལ་གཏད་པ་འདི་ཡིས་ཤར་ཕྱོགས་ས་ཁུལ་དུ་རྒྱ་སྐད་ཆུ་རྒྱུག་རྒྱུག་གིས་ཤོད་པའི་བོད་མི་སྡེ་པ་ཞིག་ཐོན་དུ་བཅུག་ཅིང་། མང་པོ་ཞིག་ཐོག་མར་མི་སེར་སྲིད་གཞུང་དང་རྗེས་སུ་དམར་ཤོག་སྲིད་གཞུང་གི་སྐད་བསྒྱུར་གྱི་ལས་ཀར་བཅུག་ཡོད།

སྤྱི་ལོ་༡༩༤༨ལོར་ཡི་དམ་ཚེ་རིང་ཟི་ལིང་ཀན་ལན་(Kunlun)འབྲིང་རིམ་སློབ་གྲྭ་རུ་མངགས། སློབ་གྲྭ་འདི་མ་པུ་ ཧྥང་(Ma Bufang)གིས་བཙུགས་པ་དང་གཙོ་བོ་རྒྱ་རིགས་ཁ་ཆེ་དང་ཧེ་རིགས་སློབ་ཕྲུག་གསར་འཇུག་བྱས། འོན་ཀྱང་། སྐབས་དེར་མཐའ་བསྐོར་ཁུལ་གྱི་བོད་རིགས་སློབ་ཕྲུག་དྲུག་ཅུ་ཙམ་ཡང་ཐོ་འགོད་བྱས་ཡོད་ལ། སློབ་ཡོན་དང་གནས་ཚང་། ཉིན་རེའི་ལྟོ་ཆས་བཅས་སློབ་གྲྭས་སྤྲོད་ན་ཡང་ཀན་ལན་འབྲིང་རིམ་སློབ་གྲྭའི་འཚོ་བ་ནི་ཧ་ཅང་གདུག་རྩུབ་ཆེ་བ་ཞིག་ཡིན། བོད་རིགས་སློབ་ཕྲུག་ཚོས་སློབ་སྦྱོང་བྱེད་པ་ཁོ་ན་མིན་པར་འཐབ་འཛིང་ལའང་སྦྱོང་བརྡར་བྱེད་དུ་འཇུག་གིན་ཡོད། ཁོང་ཚོེས་ཁོ་ཚོ་ནང་ཁུལ་ལའང་བོད་སྐད་ཀྱིས་ཁ་བརྡ་བྱེད་མི་ཆོག མ་ པུ་ཧྥང་(Ma Bufang)གིས་བོད་པའི་སློབ་ཕྲུག་གསར་འཇུག་བྱེད་པའི་དམིགས་ཡུལ་ནི་རྗེས་ཕྱོགས་ཁོའི་དམག་མི་བོད་ཀྱི་ས་ཁུལ་ལ་བསྐྱོད་དུས་བར་འདུམ་གཏོང་མཁན་ནམ་སྐད་བསྒྱུར་བར་བེད་སྤྱོད་བྱ་རྒྱུ་དེ་ཡིན་པ་རེད། ཁོང་གི་དབང་ཚད་ནི་མཚོ་སྔོན་ཞིང་ཆེན་དང་ད་ལྟའི་ཀན་སུའུ་རུ་རྒྱ་སྐྱེད་གཏོང་བ་དང་། ས་ཁུལ་འདི་དག་ཏུ་གནས་སྡོད་བོད་པ་རྣམས་འཕེལ་རྒྱས་ཀྱི་གནོན་ཤུགས་འོག་ཏུ་འཚུད་པ་རེད། དེ་བཞིན་མ་ པུ་ཧྥང་(Ma Bufang)གིས་བོད་མི་རྣམས་རང་གི་མངའ་འོག་གི་ལས་ཀར་གསར་འཇུག་གིས་ཁོང་གི་དབང་ཚད་སྲ་བརྟན་བྱེད་ཐབས་བགྱིས་ཤིང་། དེ་ཡི་ཐབས་ཤེས་གཅིག་ནི་སློབ་སྦྱོང་བེད་སྤྱོད་ཅན་དུ་བྱ་རྒྱུ་དེ་རེད། དེ་བས་ས་ཁུལ་འདི་དག་ལ་མ་ པུ་ཧྥང་(Ma Bufang)གིས་དབང་བསྒྱུར་སྐབས་སློབ་གྲྭ་འགའ་ཤས་བཙུགས་པ་རེད།

མི་སེར་སྲིད་གཞུང་གིས་ཀྱང་ཕྱིས་སུ་ཐབས་བྱུས་འདི་དང་གཅིག་མཚུངས་ལག་བསྟར་བྱས་ཡོད་དེ། སྤྱི་ལོ་༡༩༣༥ནས་༡༩༣༧གྱི་དབར་ལ་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་གི་མཐའ་སྐོར་ས་ཁུལ་དུ་དམའ་རིམ་སློབ་གྲྭ་བཅུ་ཙམ་བཙུགས། འདིའི་རྗེས་ནས་ཡུལ་ལུང་རེ་རེའི་ནང་བོད་སོག་མངའ་སྡེ་དབུས་སློབ་གྲྭ་དང་། དེ་བཞིན་བོད་སོག་འབྲིང་རིམ་སློབ་གྲྭ། བོད་སོག་དགེ་འོས་སློབ་གྲྭ་བཅས་བྱུང་རེད་ལ། དེ་ཚང་མ་ཟི་ལིང་དུ་བཙུགས་ཡོད། སློབ་གྲྭ་འདི་དག་མང་ཆེ་བས་རྩིས་རིག་དང་ས་ཁམས། ཚན་རིག རྒྱུན་ཤེས། ལོ་རྒྱུས། རྒྱ་ཡིག བོད་ཡིག་བཅས་ཀྱི་སྤྱིར་བཏང་གི་གཏན་འབེབ་སློབ་ཚན་ཙམ་བསླབས་པ་རེད། བོད་ཀྱི་ལྷོ་ཤར་ཁམས་ཁུལ་དུའང་མི་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་དག་གིས་འབའ་ཐང་སྲིད་གཞུང་སློབ་གྲྭ་དང་འབར་ཁམས་སྲིད་གཞུང་སློབ་གྲྭ་བཅས་སློབ་གྲྭ་ཁ་ཤས་བཙུགས་གདའ།

སྤྱི་ལོ་༡༩༣༤ལོར་མི་སེར་སྲིད་གཞུང་གིས་ལྷ་སའི་ནང་བོད་སོག་ལས་དོན་སྐུ་ཚབ་ཡིག་ཚང་དང་སློབ་གྲྭ་ཞིག་བཅས་འཛུགས་པར་བོད་གཞུང་དང་ལྷན་དུ་འབྲེལ་གཏུག་བྱ་ཆེད་ཧན་མོའི་སང་(Huang Musong)ལྷ་ས་རུ་མངགས། ལྷ་ས་རུ་སློབ་གྲྭ་ཞིག་བདོག་མོད། དེ་ནི་ཧེ་རིགས་ཁྱིམ་ཚང་དག་གི་བུ་ཕྲུག་ཚོས་བདག་བཟུང་བྱས་ཡོད། མི་སེར་སྲིད་གཞུང་གི་སློབ་གྲྭ་དེ་བར་སྐོར་བྱང་ངོས་ཁྲོམ་རྩེ་ཁང་དུ་ཡོད་པ་དང་སྤྱི་ལོ་༡༩༣༨ལོ་ནས་སློབ་མ་ཐོ་འགོད་འགོ་བཟུང་ལ། ལས་བྱེད་ཀྱང་རྒྱ་རིགས་དང་ཧེ་རིགས། བོད་རིགས་དགེ་རྒན་བཅས་འདུས་ཡོད། འབའ་ཐང་(ཁམས།)ནས་ཡིན་པ་སྔོན་ཐོན་ཅན་བོད་མི་དམར་ཤོག་རིང་ལུགས་པ་འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་སློབ་གྲྭ་དེ་ཡི་ནང་དུས་ཐུང་ངུ་ཞིག་རིང་སློབ་ཁྲིད་བྱས་ཡོད།

བོད་ལ་སློབ་གསོའི་ལམ་ལུགས་ཧ་ཅང་རྒྱ་ཆེན་པོ་ཞིག་ཡོད་ཀྱང་དེ་ནི་ཡོངས་སུ་དགོན་པ་དག་གིས་དོ་དམ་བྱས་ཡོད། སྟོབས་འབྱོར་ཅན་གྱི་ཁྱིམ་ཚང་འགའ་ཤས་ཀྱིས་དགེ་རྒན་གདན་དྲངས་ཏེ་ཟུར་ཁྲིད་བྱེད་དུ་བཅུག་ནས་བུ་ཕྲུག་ལ་སློབ་སྦྱོང་སྤྲོད་ཀྱིན་ཡོད་ལ། སྤྱི་ལོ་༡༩༤༠ནང་སྐུ་དྲག་དང་ཚོང་པའི་ཁྱིམ་ཚང་དག་གིས་ཁོང་ཚོའི་བུ་ཕྲུག་རྣམས་རྒྱ་གར་ནང་དབྱིན་ཇིའི་སློབ་གྲྭ་ཁག་ལ་མངགས་པ་རེད། བོད་གཞུང་གིས་བཙུགས་པའི་སློབ་གྲྭ་གཉིས་ནི་པོ་ཏ་ལ་སློབ་གྲྭ་(རྩེ་སློབ་གྲྭ།)དང་རྩིས་ཁང་ཡིན་ཞིང་། སློབ་གྲྭ་གཉིས་ཀ་གང་ལྟར་རུང་གཙོ་བོ་སྐུ་དྲག་དང་གཞུང་ཞབས་ཀྱི་བུ་ཕྲུག་གིས་བདག་བཟུང་བྱས་པ་དང་། གཏན་འབེབས་སློབ་ཚན་ནི་དཔེ་ཆ་བློར་འཛིན་གྱི་སྒྲིལ་སྲོལ་དམ་པོ་དེ་དང་། ཡིག་གཟུགས། ཁྲིམས། རྩིས་བཅས་ཀྱིས་གྲུབ་ཡོད་ལ། ལྷ་ས་དབྱིན་ཇིའི་སློབ་གྲྭ་དང་རྒྱང་རྩེ་སློབ་གྲྭ་ལྟ་བུའི་སློབ་གྲྭ་གཞན་འགའ་ཤས་འཛུགས་རྒྱུའི་ཐབས་ཤེས་མང་དུ་བྱས་མོད། འོན་ཀྱང་སྟབས་མ་ལེགས་པར་ལས་གཞི་འདི་དག་ནི་གསར་བརྗེ་ལ་མིོ་དགའ་བའི་འགལ་ཟླའི་ཤོག་ཁག་དགོན་སྡེ་ཁག་གི་སྣང་ཆུང་འོག་འཚུད་སོང་བ་རེད།

མི་སེར་སྲིད་གཞུང་གི་སློབ་གྲྭ་སྤྱི་ལོ་༡༩༤༩ལོའི་ལོ་མཇུག་ཏུ་རྒྱ་ནག་གི་སྐུ་ཚབ་ལྷ་ས་ནས་ཕྱིར་འབུད་བྱས་པའི་སྐབས་དེ་བར་དུ་གནས་ཡོད་ལ། ལྷ་ས་ནས་ཕྱིར་འབུད་བཏང་པའི་ཁྲོད་དུ་རྗེས་ཕྱོགས་དམར་ཤོག་རིང་ལུགས་ཀྱི་དཔོན་རིགས་གལ་ཆེན་ཞིག་ཏུ་གྱུར་བའི་འབའ་པ་ཕུན་ཚོགས་དབང་རྒྱལ་ཡོད་ཅིང་། སློབ་གྲྭའི་ནང་གི་སློབ་ཕྲུག་ཡག་ཤོས་སུ་གྲགས་པ་གཅིག་ནི་ད་ལྟའི་རྒྱལ་བ་རིན་པོ་ཆེ་ཡི་གཅེན་པོ་རྒྱལ་ལོ་དོན་གྲུབ་ཡིན། ཁོང་ལས་གཞན་བོད་པ་སྐུ་དྲག་གི་བུ་ཕྲུག་འགའ་ཤས་དང་། ད་དུང་བལ་པོའི་སློབ་ཕྲུག་འགའ་ཤས་དང་ལྷ་སའི་ཁ་ཆེ་ཤོག་ཁག་གི་སློབ་ཕྲུག་འགའ་ཤས་ཀྱང་ཡོད། དོ་སྣང་ཡག་པོ་བྱེད་དགོས་པ་ཞིག་ལ་སློབ་གྲྭ་འདི་ནི་རྒྱ་ནག་གི་སྐུ་ཚབ་དང་ཚོང་པ་བཅས་ཀྱིས་གྲུབ་པའི་ས་གནས་རྒྱ་རིགས་མི་མང་གི་ཁེ་ཕན་གཙོ་བོར་བཟུང་ནས་བཙུགས་པ་རེད།

མི་སེར་རྒྱལ་ཁབ་ཀྱི་དཔོན་པོ་ཚོས་སློབ་གསོའི་ཐོག་ནན་ཏན་དང་དམིགས་བསལ་ཧན་མ་ཡིན་པའི་མི་དམངས་རྣམས་མི་སེར་རྒྱལ་ཁབ་ཀྱི་འགོ་ཁྲིད་སན་ཡ་ཧྲན་(Sun Yatsen)ཁོང་གི་ཆབ་སྲིད་མཚན་ཉིད་རིག་པ་ཕྱོགས་བསྡུས་<<མི་མང་གི་རྩ་དོན་གསུམ་>>ཞེས་པའི་རྗེས་སུ་ཕྱིར་སྙེག་ཐུབ་དགོས། དུས་རབས་ཉི་ཤུ་པའི་དུས་འགོ་ནས་རྒྱ་ནག་སྡུག་ལ་སྦྱར་བའི་ཕྱི་ནང་གཉིས་ཀའི་ཆབ་སྲིད་ཀྱི་རླུང་འཚུབ་དྲག་པོ་དེ་ཡིས་རྒྱ་ནག་གི་ཤེས་ཡོན་ཅན་ཚོ་རང་གི་རྒྱལ་ཁབ་སྟོབས་ཤུགས་ཆེ་རུ་གཏོང་བ་དང་གཞོན་ཤ་དོད་དུ་གཏོང་བའི་ཐབས་ལམ་ཞིག་འཚོལ་དགོས་པར་གཏུགས་པ་དང་། སན་ཡ་ཧྲན་(Sun Yatsen)གྱིས་རྒྱ་ནག་མི་དམངས་མན་ཇུའི་མི་རིགས་ཁོ་ན་མིན་པར་ད་དུང་ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་ཀྱང་དབང་དུ་བསྡུ་བའི་ཁོང་གི་ཡིད་ཆེས་གཞིར་བཞག་གིས་མི་མང་གི་འཚོ་ཐབས་དང་མང་གཙོ། མི་རིགས་རིང་ལུགས་བཅས་ཀྱི་རྩ་དོན་གསུམ་ཞེས་པ་བསྒྲིགས་པའང་སྐུལ་འདེད་འདི་ཡི་ཆ་ཤས་སུ་བྱུང་བ་རེད། རྒྱལ་ཁབ་ཀྱི་འདུ་ཤེས་དང་ཆིལ་སྒྲིལ་ནི་སན་ཡ་ཧྲན་གྱིས་རྒྱ་ནག་མི་མང་གི་ཁྲོད་དུ་མ་མཆིས་པའི་གནས་བབ་གཉིས་སུ་མཐོང་ཞིང་། སློབ་ཆེན་ཁག་རྒྱལ་ཁབ་ཀྱི་འདུ་ཤེས་དང་གཅིག་སྒྲིལ་ཚོར་བ་ཡིད་འཇགས་བྱེད་པར་བེད་སྤྱོད་བྱེད་རྒྱུ་ནི་རྒྱལ་ཁབ་ཀྱི་འདུ་ཤེས་སླར་གསོའི་ལམ་བུ་ལྟ་བུར་ངོས་བཟུང་། འདི་ལྟར་མི་སེར་རྒྱལ་ཁབ་ཀྱིས་རྒྱལ་ཞེན་ཡར་སློང་ཆེད་སློབ་གསོའི་ཐོག་ལ་ནན་ཏན་བྱས་པ་རེད། གང་ལྟར་ཡང་བོད་ནང་དུ་ཧན་མི་མང་མ་ཡིན་པའི་གུས་བརྩི་དང་མཉམ་དུ་གཅིག་མཚུངས་ཀྱིས་ཐེ་བྱུས་བྱས་པར་མཐོང་ལ། མི་སེར་སྲིད་གཞུང་གི་ཚོགས་མི་གྲངས་ཉུང་མི་རིགས་ཀྱི་ན་གཞོན་ཤེས་ཡོན་ཅན་རྣམས་ནི་སན་ཡ་ཧྲན་གྱི་རྒྱ་ནག་གསར་པའི་མཚམས་སྦྱོར་བྱེད་མཁན་ཡིན་ལ། ལྷ་སའི་སློབ་གྲྭའི་ནང་དུ་དགེ་རྒན་ཚོས་སློབ་པའི་གཞས་ཤིག་ནི་དཔེར་ན། ང་ཚོི་རྒྱ་ནག་ལ་དགའ་ཟེར་བ་ལྟ་བུ་དང་། སློབ་ཕྲུག་ཚོར་ཡང་དགའ་བ་རྣམ་གསུམ་སྟེ་རྒྱ་ནག་ལ་དགའ། མི་མང་ལ་དགའ། སློབ་གྲྭ་ལ་དགའ་བཅས་སློབ་པར་མཛུབ་སྟོན་བྱེད་པ་རེད། སློབ་གྲྭའི་གཏན་འབེབས་སློབ་ཚན་ཁག་གི་བར་བར་གྱི་ཆབ་སྲིད་ཀྱི་བར་འཇུག་ཁག་ནི་བོད་མི་རེ་རེ་ནས་རྒྱ་ནག་ལ་ལར་ཞེན་ཅན་དུ་བཟོ་བར་འབད་བརྩོན་བྱེད་པ་དང་བོད་རྒྱ་ནག་གི་ནང་ཁུལ་ཡིན་པར་རྒྱུས་མངའ་ཡོད་ཙམ་མ་ཡིན་པར་བསམ་བློའི་གནས་བབ་ཅིག་རྒྱ་ཁྱབ་ཀྱིས་མཚོན་པར་བྱེད་རྒྱུ་བཅས་སོ།

ང་ཚོས་མཐོང་གསལ་ལྟར་དུས་རབས་ཉི་ཤུ་པའི་ཕྱེད་སྔ་མར་རྒྱ་མིས་བོད་ཀྱི་ས་ཁུལ་མང་པོར་ཡུན་གྱིས་སྐད་ཡིག་གི་སློབ་གསོ་དང་དེང་རབས་ཅན་དུ་བསྒྱུར་བ་བཅས་ངོ་སྤྲོད་བྱས་ལ། གནས་དུས་དེ་ནི་སྙན་ངག་པ་ཚོའི་འབྱུང་འགྱུར་གྱི་སློབ་གསོའི་དབྱིབས་རྣམ་ལ་གལ་ཆེ་ཞིང་། སྙན་ངག་པ་འདི་དག་རྒྱ་ནག་གི་རིག་གཞུང་དང་འབྲེལ་ཐག་ཉེ་ཤོས་ཀྱི་མཐའ་མཚམས་ཁག་ནས་ཐོན་པ་ནི་སྟེས་དབང་ཞིག་མིན་པར། དེ་ལས་ཨ་མདོའི་ས་ཁུལ་ནི་མི་རིགས་ནང་ཁུལ་འབྲེལ་བ་བྱེད་པའི་སྐད་ཡིག་རྒྱ་སྐད་ཡིན་པའིོ་ཁ་ཆེ་རིགས་དང་ཧན་རིགས། སོག་རིགས། ཟ་ལར་(Salars)རིགས། བོད་རིགས་བཅས་མཉམ་གནས་ཀྱིས་བཟུང་ཡོད་ལ། ཨ་མདོ་དང་ཁམས་ཀྱི་བོད་རྒྱའི་མཐའ་མཚམས་ཁུལ་ནི་ལྷ་ས་ལས་བོད་ཀྱི་རིག་གཞུང་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་ཐག་རིང་ཤོས་ཀྱི་སྣེ་ཟུར་ཁག་ཡིན་པ་དང་། གནས་དུས་ལས་ལྷག་པར་ད་དུང་བོད་པ་ཚོས་རྒྱ་ཡིག་ནང་ཡི་གེ་འབྲི་བ་འབུར་ཐོན་བྱུང་བ་ཤེས་རྟོགས་ཀྱི་གཉན་འཕྲང་དེ་ཡིན། སྙན་ངག་པ་སྔོན་མ་དག་ནི་རྒྱ་ནག་རྒྱལ་རྒྱུད་ཀྱི་ལམ་ལུགས་ཉམས་རྒུད་མངོན་འགྱུར་འབྱུང་བའི་སྐབས་ཤིག་ལ་འཚར་ལོངས་བྱུང་བ་རེད་ལ། རྒྱལ་ཁབ་ཀྱི་འདུ་ཤེས་མཚམས་སྦྱོར་བྱས་ཤིང་མི་མང་དང་སྲིད་གཞུང་དབར་གྱི་སྤྱི་ཚོགས་འབྲེལ་ལམ་གསར་པ་ཁག་ཀྱང་བཙུགས་ཟིན་པ་རེད།

བོད་པ་གཞོན་སྐྱེས་ཚོས་སྐད་ཡིག་གསར་པ་ཞིག་ཁོ་ན་སྦྱངས་པ་མིན་པར་རྒྱལ་ཁབ་གསར་པ་ཞིག་གི་རྣམ་པའི་ལྟ་གྲུབ་ཀྱི་བརྡ་ལན་ཡང་སྦྱངས་པ་དང་། མི་སེར་སྤེལ་ཡུལ་དུ་བསྒྱུར་ཟིན་པའི་མངའ་ཁོངས་ཀྱི་སྐབས་སུ་ཆེས་ཐོག་མའི་རྩོམ་པ་པོ་ཚོས་རང་ཉིད་མི་སེར་སྤེལ་ཡུལ་གྱི་དབང་འཛིན་སྐད་ཡིག་ནང་མཚོན་པ་དེ་དུས་རྒྱུན་འབྱོར་ལྡན་གྲལ་རིམ་ལས་འབྱུང་བ་རེད་ལ། བོད་ཤར་ཕྱོགས་སློབ་གྲྭའི་ནང་གི་བོད་མི་མང་ཆེ་བ་ནི་ཁྱིམ་ཚང་སྐྱོ་བོ་དག་གི་གཉེན་འབྲེལ་གྱི་རྒྱབ་ལྗོངས་ལས་བྱུང་བ་རེད། འདི་ཡིས་མི་མང་ལ་ཁོང་ཚོ་རང་ཉིད་ཀྱི་ལས་དབང་གི་བདག་པོ་བྱེད་རྒྱུའི་གོ་སྐབས་སྤྲད་པ་བརྒྱུད་ནས་མོའོ་ཡི་འབྱོར་མེད་གྲལ་རིམ་གྱི་ཞབས་འདེགས་ཞུ་བའི་དཔེ་མཚོན་བདམས་སྒྲིག་གི་ཐོག་ལ་འགྲེལ་བརྗོད་བྱས་ཡོད་ལ། གྲལ་རིམ་གྱི་རྒྱབ་ལྗོངས་འདི་ཡིས་ཁོང་ཚོ་དམར་ཤོག་གི་བཅོས་བསྒྱུར་དང་འདྲ་མཉམ་གྱི་བརྡ་ལན་དམིགས་བསལ་དགོས་དང་ལེན་བྱེད་པར་བགྱིས་ལ། དེ་ནི་དམར་ཤོག་གི་གསར་བརྗེ་ཡི་ཁེ་ཕན་ཡོད་པའི་གྲལ་རིམ་གྱི་ཆ་ཤས་ཏེ་བོད་པ་སྙན་ངག་པའི་མི་རབས་ཐོག་མ་བ་ཚོས་དུས་རྟག་ཏུ་རྒྱ་ནག་རྒྱལ་ཁབ་ཀྱི་ཁ་ཕྱོགས་དང་རུང་བསྟུན་གྱི་རྣམ་པའི་སྒོ་ནས་བརྩམས་ཆོས་སྤེལ་བ་དང་དམར་ཤོག་གི་བཀའ་དྲིན་གཏིང་ཟབ་ཀྱིས་མངོན་མཚོན་བྱས་དེ་དང་། རིག་གཞུང་སྤོ་སྒྱུར་འདི་ཡིས་བོད་དེང་རབས་ཅན་འགོ་འཛུགས་པའི་སྐབས་ནས་དངོས་སུ་མཐོང་ཞིང་རྒྱ་ནག་གི་འཕེལ་རྒྱས་ཀྱིས་མཐའ་བསྐོར་བའི་ཁོང་ཚོའི་རྩོམ་འབྲིའི་འཚོ་ཐབས་དུས་ཚོད་ཕྱིར་མཚོན་བྱས་ཡོད།

ཕ་ཡུལ་གྱི་ཆེད་དུ་བརྩམས་པ།

དམར་ཕྱོགས་ཤོག་ཁག་སྤྱི་ལོ་༡༩༣༦ལོར་ཡན་ཨན་དུ་སྤོས་རྗེས་མོའོ་(Mao)ཡིས་སྒྱུ་རྩལ་པ་དང་རྩོམ་པ་པོ་རྣམས་རྩོམ་རིག་དང་སྒྱུ་རྩལ་ཐོག་བགྲོ་གླེང་ཆེད་བསྡུ་སྐོང་བྱས་ཤིང་། གཏམ་བཤད་དེ་ཕྱིས་སུ་ཡན་ཨན་སྒྱུ་རྩལ་དང་རྩོམ་རིག་ཚོགས་འདུའི་གཏམ་བཤད་ཅེས་འགྲེམས་སྤེལ་ཞུས་པ་དང་། སྤྱི་ལོ་༡༩༧༠ལོའི་མཇུག་བར་རྩོམ་རིག་དང་སྒྱུ་རྩལ་གྱི་ལམ་སྟོན་དུ་བསྟེན་ལ། ཁོང་གི་གཏམ་བཤད་དེ་ཡི་ནང་མོའོ་ཡིས་རྩོམ་པ་པོ་ཚོར་རྩོམ་རིག་གིས་ངེས་བར་དུ་མི་མང་ལ་ཞབས་འདེགས་ཞུ་དགོས་པ་དང་རྩོམ་པ་པོའི་ལས་འགན་ནི་ཧ་ཅང་འཇུག་བདེ་བའི་སྒྱུ་རྩལ་འདོན་སྤེལ་བྱེད་པ་ཡིན་པ་བཅས་གསལ་བོར་བསྟན་ཡོད། ཡི་དམ་ཚེ་རིང་ལ་དཔེ་བཞག་ན་ཁོང་གི་རྩོམ་འབྲིའི་འཚོ་བ་དེ་ཁོང་གིས་རང་གི་ཨ་མ་ལས་གོ་བའམ་ཡང་ན་བོད་པ་ཕལ་མོ་ཆེ་ཡིས་ཤེས་པའི་དམངས་ཁྲོད་ཀྱི་སྒྲུང་གཏམ་རྒྱ་ཡིག་ཏུ་བསྒྱུར་བ་ནས་འགོ་ཚུགས་ཤིང་། མོའོ་ཡིས་གཏིང་ཟབ་པོའི་སྒོ་ནས་རྩོམ་པ་པོ་ཚོས་གསར་བརྗེ་ཡི་འདུ་ཤེས་ཀྱིས་ཕྱུག་པའིོ་བརྩམས་ཆོས་འདོན་སྤེལ་ཐུབ་སླད་ངེས་བར་དུ་འབྱོར་མེད་གྲལ་རིམ་(དེ་སྔོན་བཟོ་པ། ཞིང་པ། དམག་གསུམ་ལ་གོ)ལ་སློབ་སྦྱོང་བྱེད་དགོས་ཞེས་འགྲེལ་བརྗོད་བྱས་ཡོད། ཁོང་གི་དྲིལ་བསྒྲགས་ནང་རང་བཞིན་གྱིས་ཐོན་པའི་རྩོམ་པ་པོ་ཚོའི་ཚད་བཀག་དག་ནི་རྩོམ་རིག་ནི་ཆབ་སྲིད་དང་འབྲལ་མི་བཏུབ་པར་བསྟན་པ་དང་མོའོ་དུས་སྐབས་ཀྱི་རྩོམ་རིག་ནི་ཆབ་སྲིད་ཀྱི་ལག་ཆ་རུ་གྱུར་བ་བཅས་སོ།

སྤྱི་ལོ་༡༩༥༠ནང་དམར་ཤོག་པ་ཚོས་བོད་ལ་དཔུང་འཇུག་བྱེད་པའི་སྐབས་སུ་རྩོམ་རིག་དང་སྒྱུ་རྩལ་ནི་དམར་ཤོག་གི་བརྡ་འཕྲིན་ཁྱབ་གདལ་དང་དྲིལ་བསྒྲགས་ཀྱི་གྲུབ་ཆ་གལ་ཆེན་ཁག་རེད། སྒྲུང་དང་སྙན་ངག་གིས་བོད་ཀྱི་སྤྱི་ཚོགས་རྗེས་ལུས་ཡིན་ཚུལ་དང་སྤྱི་ཚོགས་རྙིང་པའིོ་འོག་མི་མང་གིས་སྡུག་བསྔལ་མྱོང་ཚུལ་བཅས་མཚོན་པར་བྱས་ཤིང་། ཆེས་ཐོག་མར་བརྩམས་ཆོས་འདི་དག་མི་དམངས་བཅངས་འགྲོལ་དམག་རིག་གནས་འགོ་ཁྲིད་དག་གིས་བཏོན་པ་དང་། རྩོམ་རིག་དང་སྒྱུ་རྩལ་གྱི་ཐོག་ལ་འཛིན་པའི་སྲིད་བྱུས་དག་གིས་རྒྱ་ནག་གི་རྩོམ་པ་པོ་དང་སྒྱུ་རྩལ་པ་དག་ཁོ་ནར་རེ་འདུན་བཅངས་པ་མིན་པར་མི་རིགས་གཞན་ཡོངས་ལའང་ཁྱབ་ཡོད། དེ་བས་བོད་པ་ཚོར་མོའོ་ལ་བཅངས་པའི་བརྩེ་བ་དང་བཅིངས་འགྲོལ་བཏང་པའི་དགའ་སྤྲོ་སྟོན་དགོས་པར་བརྗོད་ཡོད་ལ། དེ་སྔའི་བོད་པའི་སྙན་ངག་(རྒྱ་ཡིག་ནང་བྲིས་པ།)གི་དཔེ་མཚོན་ཡག་ཤོས་<<གཙོ་འཛིན་མོའི་ནི་ང་ཚོའི་སྒྲོམ་མེ་ཡིན་>>ཞེས་པ་ཡིན་ཏེ།
མར་མེ་སྟོང་ མར་མེ་ཁྲི་ཨང་
གཙོ་འཛིན་མོའོ་ནི་གསར་བརྗེ་མི་མང་གི་སྒྲོན་མེའོ་
དར་དམར་སྟོང་ དར་དམར་ཁྲི་ཨང་
གཙོ་འཛིན་མོའི་དགོངས་པ་ནི་བླ་ན་མེད་པ་དེའོ་
དཔེ་དེབ་སྟོང་ དཔེ་དེབ་ཁྲི་ཨང་
གཙོ་འཛིན་མོའི་བརྩམས་ཆོས་ནི་གསར་བརྗེ་ཡིས་ཕྱུག་པ་དེའོ་
ནགས་ཚལ་པིར་སྨྱུག་ལ་བསྒྱུར་ཏེ་ རྒྱ་མཚོ་སྣག་ཆུ་རུ་བསྒྱུར་རུང་
ཞིང་བྲན་བཅིངས་གྲོལ་བས་གཙོ་འཛིན་མོའོ་ལ་བཅངས་པའི་བརྩེ་སེམས་ནམ་ཡང་མཚོན་ནུས་མིན།
རྒྱ་ནག་ནང་གི་སྙན་ངག་པ་རྣམས་ལྟར་སྤྱི་ལོ་༡༩༥༠སྟོད་ནས་སྤྱི་ལོ་༡༩༦༠ཡི་བོད་པ་སྙན་ངག་པ་ཚོས་ཀྱང་མོའོ་དང་དམར་ཤོག་ཚོགས་པའི་ལར་ཞེན་སྟོན་པའི་བརྩམས་ཆོས་སྤེལ་ཡོད་ལ། ད་དུང་དེའི་སྟེང་ལ་ཞིང་བྲན་བཅིངས་འགྲོལ་གྱི་འབོད་སྒྲ་ནི་དམར་ཤོག་ཚོགས་པར་ཧ་ཅང་གལ་ཆེ་བར་གྱུར་ཡོད་པ་དང་། བོད་བཅིངས་འགྲོལ་དང་མི་མང་གི་བར་ལ་འབྲེལ་བ་ཚུགས་པ་ནས་བཙན་གནོན་བཏང་པའི་བོད་པ་ཚོ་ཡི་ཕེབས་བསུ་ཡང་དགོས་ངེས་སུ་གྱུར་བ་རེད།

ཡི་དམ་ཚེ་རིང་གིས་ཀྱང་ཁོང་གི་མི་ཚེ་ཡི་སྟོད་དུ་བསྟོད་རྩོམ་བྲིས་ཡོད་ལ། ཁོང་གི་སྙན་ངག་<<དམར་ཤོག་ཚོགས་པ། ངའི་མ་ཡུམ་>>ཞེས་པས་དམར་ཤོག་ཚོགས་པ་ལ་བསྟོང་དབྱངས་འཐེན་ཡོད་དེ།
དེ་རིང་ དགའ་བའི་སེམས་ཀྱི་གླུ་དབྱངས་ལེན་
ང་ཡི་སེམས་གཏིང་ནས་རྡོལ་བའི་གླུ་དབྱངས་ལེན་
ཨེ་མ་ ཤོག་ཚོགས་ལགས་ ང་ཡི་བརྩེ་བའི་མ་ཡུམ་
བུ་ངའི་སེམས་ཁོང་ན་བཞུགས་པའི་ཨ་མ་
ཨེ་མ་ ཤོག་ཚོགས་ལགས་ ང་ཡི་བརྩེ་བའི་མ་ཡུམ་
བུ་ང་ཨ་མའི་པང་ནས་འཚར་ལོངས་བྱུང་
ཨེ་མ་ ཤོག་ཚོགས་ འཇིག་རྟེན་ལ་འོད་སྣང་སྦྱིན་པའི་མ་ཡུམ་
ཁྱེད་ཀྱི་པང་ནས་རྒྱལ་ཁབ་ཧྲིལ་བོ་སླར་ཡང་མི་ཡུལ་དུ་བཙས་
ཨེ་མ་ སྤྱི་ཚོགས་རྙིང་པའི་མུན་ནག་གི་གནས་སྐབས་སུ་
ང་ཚོ་ལ་གྲལ་རིམ་གྱི་མཐོ་དམན་ཡོད་ཅེས་སུ་ཡིས་བརྗོད་ནུས་སམ་
སྡུག་གིས་མནར་བའི་འུ་ཅག་མི་རིགས་ནི་
མི་སྡུག་བདག་མེད་གླང་ཞིག་བདག་མེད་སྲོག་ཆགས་གཞན་གྱི་ཁ་རུ་ཚུད་པ་འདྲ་
ཤོག་ཚོགས་གཟི་བརྗིད་གངས་རིའི་སྟེང་ལ་འཕྲོ་བའི་སྐབས་
ཨེ་མ་ ཨེ་མ་ བདག་མེད་གླང་དེ་དགའ་བདེའི་ངང་ནས་མི་དམངས་གྲལ་ལ་ལྡིང་ཞིང་མཆོང་

ང་ཚོ་ནི་རང་གི་དུས་རབས་ཀྱི་བདག་པོ་ཡིན་
ང་ཚོས་དུས་ཀྱི་ཞོན་པའི་ཁ་ལོ་བསྒྱུར་

མི་དམངས་ཀྱི་དུས་རབས་ མི་དམངས་ཀྱི་འཇིག་རྟེན་ ཇི་འདྲའི་བཟང་བ་ལ་ཨང་
ཤོག་ཚོགས་ཀྱི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་འོད་མདངས་འོག་ནས་ཇི་འདྲ་སྐྱིད་པ་ལ་ཨང་།

སྙན་ངག་འདིས་ཕྱོགས་མང་པོ་ཞིག་ནས་བོད་མི་དམངས་དང་ཤོག་ཚོགས་དབར་གྱི་འབྲེལ་བའི་སྟེང་གི་དམར་ཤོག་པའི་སྣང་བརྙན་མཚོན་པར་བྱས་ཤིང་། དམར་ཕྱོགས་ཤོག་ཚོགས་དེ་ཡང་བྱིས་པ་དམར་འབྱར་ཞིག་གིས་ཨ་མའི་པང་ན་བྱམས་བརྩེ་དང་གཅེས་སྐྱོང་འཚོལ་གྱིན་པའི་སྐབས་དེར་ཨ་མས་རང་གི་གཅེས་སྐྱོང་གི་ནུས་པ་ཡོད་ཚད་འབུལ་གྱིན་པའི་ཨ་མ་ཞིག་ཏུ་མཚོན་པར་བྱས་འདུག་ལ། འབྲེལ་བ་འདི་ལ་འདས་བ་དང་ད་ལྟའི་ཁེ་ཉེས་བསྡུར་ཏེ་ཁ་སྣོན་གྱིས་ངལ་རྩོལ་མི་མང་གི་སྙན་ངག་དང་བརྩམས་སྒྲུང་གིས་འདས་བའི་སྡུག་བསྔལ་དང་ད་ལྟ་དང་མ་འོངས་པའི་བདེ་སྐྱིད་ཀྱི་འོད་སྣང་བསྐྱལ་ཡོང་བའི་ཐབས་ཤེས་ཤིག་བེད་སྤྱད་བྱས་པ་དང་། དེ་བས་ཞིང་བྲན་རྣམས་ད་ལྟའི་དུས་སུ་བདག་པོ་རུ་འགྱུར་གྱིན་ཡོད་པ་རེད། སྙན་ངག་འདི་ཡི་བརྡ་ལན་ནི་འཕེལ་རྒྱས་དང་འབྱོར་ཕྱུག་དེ་དམར་ཤོག་ཚོགས་པའི་འགོ་ཁྲིད་ཀྱི་འོག་ཁོ་ནར་བརྟེན་ནས་ཐོབ་པར་བསྟན་ཡོད་པ་གསལ་བོ་རེད་ལ། ཤོག་ཚོགས་ལ་བཅིངས་པའི་འགྱུར་མེད་ཀྱི་ཡིད་ཆེས་འདི་ལྟ་བུ་མགོན་པོ་བཀྲ་ཤིས་ཀྱི་<<ཨ་མ་དང་ཞལ་གྱེས་པ་>>ཞེས་པའི་ནང་དུའང་ཐོན་ཡོད་དེ། སྙན་ངག་དེའི་ནང་སྙན་ངག་པ་བོད་ཀྱི་འཁྲབ་སྟོན་རུ་ཁག་ཅིག་དང་ལྷན་དུ་ཁེ་ན་ཊ་(Canada)ལ་འགྲོ་སྐབས་མ་ཡུམ་མེས་རྒྱལ་ལ་བཅིངས་བའི་བརྩེ་སེམས་བསྟན་ཡོད།

བཟོད་དཀའ་བའི་མིག་ཆུ་
མཇུག་མཐར་ཁེ་ན་ཊ་ཡི་ཡང་སྟེང་དུ་ཟགས་
མ་ཡུམ་མེས་རྒྱལ་ ཁྱེད་ནི་ད་ལྟ་ཉིད་ལ་ངའི་སྙིང་ལ་ཚ་ལམ་ལམ་གྱི་གཤགས་བཅོས་བཏང་བ་དེ་དང་འདྲ་བྱུང་
སྐར་ལྔའི་དར་དམར་མེ་ལྕེ་བཞིན་དུ་ལྷབ་ལྷབ་གཡོ་

ལྕགས་རི་རིང་བོ་ བླ་སྲོག་གི་གཟི་བརྗིད་
ངའི་ཟུངས་ཁྲག་གི་དྲོད་ཁོལ་བསྩལ་

རྒྱ་ནག་ཅེས་པའི་ཆེས་མཛེས་སྡུག་ལྡན་པའི་མེ་ཏོག་
ཞི་བདེའི་རྒྱ་མཚོའི་མཁའ་རུ་བཞད་

ཀྱེ་ མེས་རྒྱལ་ མ་ཡུམ་ཀྱེ་
ང་ནི་དོན་དམ་པར་མེ་ཏོག་ང་དྲུག་ཁྲོད་ཀྱི་ཆེས་མཚར་སྡུག་ལྡན་པའི་མེ་ཏོག་དེ་ཡིན།

རྒྱལ་ཁབ་མ་ཡུམ་ལྟར་བཀོད་པའི་གཟུགས་བརྙན་འདི་འདྲ་ནི་དེ་སྔའི་རྒྱལ་ཞེན་གྱི་སྙན་ངག་ཕལ་ཆེ་བའི་ཁྲོད་བྱུང་ཡོད་ལ། སྙན་ངག་གི་ཐབས་རྩལ་ཆུང་ངུ་ཞིག་ཡིན་རུང་རྒྱ་ནག་གི་རྒྱལ་ཞེན་གྱི་ཚོར་བ་གཏིང་ཟབ་མོས་གསལ་སྟོན་བྱེད་པ་དང་རྣམ་པ་འདྲ་མིན་གྱི་སྒོ་ནས་ཡང་དང་བསྐྱར་དུ་རྒྱ་ནག་ལ་ཆེ་བསྟོད་བྱས་ཡོད། དམར་ཤོག་ཚོགས་པར་རྒྱལ་ཁ་ཐོབ་མ་ཐག་གི་ལོ་ངོ་དེ་དག་རིང་བྲིས་པའི་སྙན་ངག་མང་ཆེ་བ་ནི་གོ་སླ་ཞིང་ཁ་རུ་ཁ་ཐུག་གི་རྣམ་པར་བྲིས་ཡོད་པ་དང་། ནང་དོན་གྱི་ཐད་ནས་ཐོག་མར་སོང་སྙན་ངག་གི་ཐབས་རྩལ་གསར་པས་ཀྱང་བཅིངས་མེད། མི་མང་གིས་ཆབ་སྲིད་ཀྱི་བརྡ་འཕྲིན་ལས་སླ་བོར་ཤེས་རྟོགས་ཆེད་དམར་ཤོག་ཚོགས་པས་རྣམ་པ་དང་སྒྲིག་གཞི་ཡི་སྤྲོས་མེད་ཀྱི་ཆ་དེ་འཕེལ་རྒྱས་སུ་བཏང་ཡོད། སྤྱི་ལོ་༡༩༥༩ལོའི་ལྷ་སའི་གྱེན་ལངས་ཀྱི་རྗེས་དང་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་རི་བོ་ཧི་མ་ལ་ཡ་བརྒལ་ནས་བྲོས་བྱོལ་ལ་སོང་བའི་རྗེས་འབྲས་སུ་སྐལ་བཟང་རྡོར་རྗེ་ཡིས་<<འདི་ནི་ཁྱེད་ཀྱི་ཕ་ཡུལ་ཡིན་>>ཞེས་རྒྱ་གར་ནང་བཙན་བྱོལ་ལ་སོང་བའི་བོད་མི་ཚོར་སྙན་ངག་བྲིས་ཤིང་། ཤོ་ལོ་ཀ་རྗེས་མའི་དཀྱིལ་དུ་ཁོང་གིས་རང་གི་ཕ་ཡུལ་གཅིག་པའི་མི་རྣམས་ཕྱིར་རང་གི་ཕ་ས་ཕ་ཡུལ་ལ་ལོག་པར་ནན་སྐུལ་བྱས་ཡོད།

ཕྱིར་ལོག་ཕེབས་ཤོག འདི་ནི་ཁྱེད་ཀྱི་བརྩེ་ལྡན་མ་ཡུམ་གཉོམ་ལག་རྒྱས་སའི་ས་གཞི་ཡིན་
ཁམས་པ་བ་བོད་རིགས་སྤུན་ཟླ་རྣམས་
ཐེ་ཚོམ་དང་ཡ་ཡོ་ཡི་རྒྱ་རུ་འཚུད་དགོས་དོན་མེད་
ཕྱིར་ལོག་ཕེབས་ཤོག འདི་ནི་ཁྱེད་ཀྱི་འབྱོར་ཕྱུག་དང་དཔུང་སྟོབས་ཀྱིས་ཕྱུག་པའི་མེས་རྒྱལ་ཡིན་
ཨ་མདོ་བ་བོད་རིགས་སྤུན་ཟླ་རྣམས་
གངྒའི་འགྲམ་ནས་མིག་ཆུ་འབོ་དགོས་དོན་མེད་
ཕྱིར་ལོག་ཕེབས་ཤོག་

སྙན་ངག་པ་འདི་དག་གིས་ཐོག་མར་བྲིས་པའི་སྙན་ངག་དག་ནི་མོའོ་(Mao)དང་དམར་ཤོག་ཚོགས་པར་བསྟོད་པ་རྐྱང་ཡིན་ལ། བརྗོད་སྙིང་ཡང་གཙོ་བོ་ཆབ་སྲིད་ཡིན་ལ་རྣམ་པ་ཆིག་རྐྱང་གིས་མངོན་མཚོན་བྱས་ཤིང་། གོ་དོན་ཐད་ཀར་སྟོན་པ་དང་། འདིར་ཅིས་ཀྱང་བརྗོད་དགོས་པ་ཞིག་ནི་སྙན་ངག་པ་འདི་དག་གིས་འབྲི་རྩོམ་གསར་གཏོད་དང་ཚོར་འདུ་སྒྱུ་རྩལ་པ་རང་ཉིད་ཀྱི་མྱོང་བ་དང་ཁ་བྲལ་བའི་དུས་སྐབས་ཤིག་ལ་བརྩམས་པ་རེད་ལ། སྙན་ངག་དག་ཀྱང་ཤོག་ཚོགས་གཞུང་འབྲེལ་གྱིས་བདག་གཉེར་བྱས་པའི་དུས་དེབ་དང་གསར་དེབ་ཁག་གི་ནང་བཀོད་ཡོད། འདི་ལྟར་སྙན་ངག་གི་ནང་དོན་གྱིས་སྒེར་གྱི་བསམ་བློ་དང་ཚོར་བ་ལས་གཞུང་གི་ལྟ་ཚུལ་མཚོན་པ་དང་། དམར་ཤོག་ཚོགས་པས་ཐོག་མར་རྒྱ་ཡིག་ནང་སྙན་ངག་རྩོམ་མཁན་བོད་པ་སྙན་ངག་པ་རྣམ་མི་མང་ལ་ཆབ་སྲིད་ཀྱི་བརྡ་འཕྲིན་སྐྱེལ་མཁན་གྱི་ངོ་ཚབ་ལྟ་བུར་བེད་སྤྱོད་བྱས་ཡོད། དེ་བས་ང་ཚོས་བརྩམས་ཆོས་འདི་དག་གི་རྗེས་འབྲས་ནི་སྒེར་གྱི་གནས་ཚུལ་ལས་ལོ་རྒྱུས་ཀྱི་ཐོན་རྫས་སུ་སོང་སྙན་ངག་གི་རྣམ་པ་འདི་ནི་ལོ་རྒྱུས་དང་ཆབ་སྲིད་ཀྱི་གནས་བབ་ཀྱིས་བསྐྱེད་པ་རེད་ཅེས་བརྗོད་བཏུབ་པ་འདིའོ།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(གཉིས་པ)

  1. ཨ་ ནས།

    བདུན་ཕྲག་འདིའི་གཟའ་ཟླ་བར། ངས་ཞིབ་མོ་ཞིག་བལྟ་ངེས།

Write a Reply or Comment

Your email address will not be published. Required fields are marked *

*