པེ་ཅིང་གིས་བོད་ཐོག་རྒྱག་བཞིན་པའི་དམག་འཁྲུག་གི་མཐུན་གྲོགས་གསར་བ་དག(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བཀྲས་མཐོང་ལྷ་སྒྲོན།
མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སེ་ཏི་ནེས་(Sydney)གཙུག་ལག་སློབ་གྲྭས་༧གོང་ས་མཆོག་གི་གསུང་བཤད་ལས་རིམ་ཞིག་ཕྱིར་འཐེན་བྱས་སྐབས། རྒྱ་ནག་གཞུང་གི་འཕེལ་བཞིན་པའི་ཤུགས་རྐྱེན་ནུབ་ཕྱོགས་ཀྱི་སློབ་གླིང་དུ་ཁྱབ་སྟེ། ཤེས་ཡོན་རང་དབང་ལ་འགོག་རྐྱེན་སྤྲོད་ཀྱི་ཡོད་པ་ལྷང་ལ་བུད་པ་དང་། པེ་ཅིང་གིས་ལྐོག་ལྐོག་སུད་སུད་ཀྱི་སྒོ་ནས་གོང་ས་མཆོག་གི་མཛད་འཕྲིན་ནག་གསུབ་གཏོང་བའི་ལས་འཆར་ཁག་གསལ་འདོན་བྱས་པ་རེད། རྗེས་སུ་དོན་རྐྱེན་དེ་དང་འབྲེལ་བའི་འཕེལ་རིམ་དེས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོར་གཞི་རིམ་ལས་འགུལ་གྱི་ནུས་པ་བེད་སྤྱོད་ཀྱིས་འཐབ་རྩོད་འདི་དག་ས་བསྒྲགས་གནམ་བསྒྲགས་བྱེད་རྒྱུ་གལ་ཆེན་ཡིན་པའི་དྲན་གསོ་བྱས་ཡོད།

སེ་ཏི་ནས་(Sydney)་ལ་ཅི་ཞིག་བྱུང་བ་རེད།

ཟླ་སྔོན་མར་སེ་ཏི་ནས་ལ་བྱུང་བའི་གནས་ཚུལ་དེའི་རིགས་གསར་བ་མ་རེད། ལོ་ངོ་དུ་མའི་རིང་ལ། རྒྱ་ནག་གིས་བོད་དོན་གླེང་སློང་གི་སྡིངས་ཆ་ཁག་སྟེ། ༧གོང་ས་མཆོག་གི་གསུང་བཤད། གློག་བརྙན་གཟིགས་འབུལ། པར་རིས་འགྲེམས་སྟོན་སོགས་བཀོད་སྒྲིག་བྱེད་མཁན་གྱི་ཚོགས་སྡེ་ཁག་ལ་ངོ་རྒོལ་ཆད་མེད་དུ་བྱས་ཡོད། འོན་ཀྱང་། དུས་ཚོད་ལ་འགྱུར་བ་ཕྱིན་པ་རེད། དེང་སང་ཤེས་ཡོན་སྡེ་ཁག་ལ་མཚོན་ན། རྒྱ་གཞུང་གི་དཔོན་རིགས་ཚོ་སོ་སོའི་གོ་གནས་ཀྱི་ཐོག་ནས་མི་མང་གི་མདུན་དུ་ཐོན་ཏེ་ཁ་གཏད་གཅོག་དགོས་ཀྱི་མེད། ཁོང་ཚོས་ལྟག་སྒོ་ནས་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ཏུ་རྟེན་གཞི་བྱས་པའི་མི་སྒེར་དང་ཚོགས་སྡེ་ཁག་བརྒྱུད་ནས་ཤུགས་རྐྱེན་ཐེབས་འཇུག་གི་ཡོད། མི་སྒེར་དང་ཚོགས་སྡེ་འདི་དག་ཐད་ཀར་དང་ཐད་ཀར་མ་ཡིན་པའི་སྒོ་ནས་པེ་ཅིང་གི་དཔལ་འབྱོར་མཐུན་རྐྱེན་དང་ཉམས་ཞིབ་ཆོག་མཆན་ལ་བརྟེན་ཡོད།(གལ་ཏེ་མི་ཞིག་གིས་པེ་ཅིང་གི་བློ་དང་མི་འཚམ་པའི་བྱ་བ་ཞིག་བསྒྲུབས་ཚེ་རྒྱ་ནག་ཏུ་སྐྱོད་པའི་ཐོངས་མཆན་འགོག་གི་རེད།)

སེ་ཏི་ནེས་གཙུག་ལག་སློབ་གཉེར་ཁང་གི་གནད་དོན་གྱི་ཐད་ནས། པེ་ཅིང་གི་ངོ་ཚབ་མཚོན་པ་ནི་རྒྱ་ནག་ཉམས་ཞིབ་སྡེ་ཁག་རེད། གཙུག་ལག་སློབ་གྲྭའི་འགན་འཛིན་གཞོན་པ་མེ་ཁིལ་སི་པན་སི་(Michael Spence)དང་དེ་མཚུངས་སྒེར་བ་ཉམས་ཞིབ་པ། སྡེ་ཁག་དེའི་སློབ་དཔོན་རྣམས་ཀྱི་ཉམས་ཞིབ་ཀྱི་བྱ་བ་ཡོད་ཚད་རྒྱ་ནག་གི་མ་དངུལ་ལ་བརྟེན་ཡོད།

རྒྱ་གཞུང་དང་འབྲེལ་ལམ་བཟང་ཞིང་རྒྱ་ནག་གི་ཞི་བདེའི་ཆིག་སྒྲིལ་དར་སྤེལ་ལྷན་ཚོགས་ལྟ་བུའི་ཚོགས་སྡེ་ནས་མ་དངུལ་ཐོབ་ཀྱི་ཡོད་པའི་རྒྱ་ནག་ཉམས་ཞིབ་སྡེ་ཁག་གོང་ས་མཆོག་གི་གསུང་བཤད་ཀྱི་ལས་རིམ་ཕྱིར་འཐེན་བྱེད་པའི་ངན་ཇུས་ཀྱི་ལག་པ་བསྲིང་མཁན་གྱི་ནང་དུ་ཐེ་ཡོད།

གསང་བ་ཕྱི་ལ་གྱར་བའི་གློག་འཕྲིན་ཞིག་གི་ནང་དོན་ལ་གཞིགས་ཚེ། སློབ་གྲྭའི་འགན་འཛིན་གཞོན་པ་མེ་ཁིལ་སི་ཕན་སེས་ཀྱིས་གོང་ས་མཆོག་གི་གསུང་བཤད་ཀྱི་ལས་རིམ་ཕྱིར་འཐེན་བྱེད་པའི་འགན་རྐང་འཁུར་འདུག སྐབས་དེར་ཁོང་ཨོ་སི་ཁྲི་རེ་ལའི་(Australia)སྲིད་བློན་ཇོས་ལེ་ཡ་གྷེ་ལར་སྒྲི་(Julia Gillard)དང་མཉམ་དུ་རྒྱ་ནག་ནས་ཚོང་དོན་གླེང་སྟེགས་ཆེ་ཁག་ཞིག་གི་ཆ་ཤས་བླངས་ཏེ་ཕྱིར་ལོག་མ་ཐག་རེད། ཁོང་གིས་སློབ་གྲྭའི་འགན་འཁུར་བཞིན་པའི་སྐབས་སུ་རྒྱ་ནག་དང་མཉམ་དུ་བཙུགས་པའི་འབྲེལ་ལམ་གནད་འགག་ཅིག་ཏུ་བཟུང་སྟེ། སེ་ཏི་ནེས་གཙུག་ལག་སློབ་གཉེར་ཁང་དང་རྒྱ་ནག་ཞིང་ལས་སློབ་གླིང་མཉམ་འབྲེལ་གྱིས་ཨ་སྒོར་ས་ཡ་༢༠་རིན་ཐང་ཅན་གྱི་སོལ་ནག་དང་ཆུ། ཟས་རིགས་ཉམས་ཞིབ་ལྟེ་གནས་ཁང་ཞིག་གསར་རྒྱག་བྱས་ཡོད།

(ཁྱེད་ཀྱིས་དོན་ཕན་ལྡན་པའི་སྒོ་ནས་གཙུག་ལག་སློབ་གཉེར་ཁང་གི་ཉམས་ཞིབ་པ་ཚོའི་ཁེ་ཕན་ལ་གཞིགས་ཏེ་གནད་དོན་འདི་ཐག་གཅོད་བྱས་པའི་འཇོན་ཐང་ལ་བཀའ་དྲིན་ཆེ་ཞུ། གྲོས་བསྡུར་བྱས་པའི་ཐབས་ལམ་དེས་རེ་འདོད་ཡོངས་རྫོགས་བསྐང་ཐུབ་ཀྱི་རེད་སྙམ་གྱི་ཡོད།)

གཙུག་ལག་སློབ་གཉེར་ཁང་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་སློབ་གཉེར་ཁང་གིས་གོང་ས་མཆོག་གི་གསུང་བཤད་ལས་རིམ་དང་གཞུང་ཕྱོགས་ཀྱི་རྒྱབ་སྐྱོར་ཕྱིར་འཐེན་བྱེད་པའི་ཐག་གཅོད་བྱས་རྗེས་སུ། གཙོ་འཛིན་གཞོན་པ་སི་ཕན་སིས་གོང་གསལ་གྱི་གློག་འཕྲིན་སློབ་གཉེར་ཁང་གི་འགན་འཛིན་ལ་ཕུལ་འདུགཁོང་གིས་ཐག་གཅོད་འདིས་གཙུག་ལག་སློབ་གཉེར་ཁང་གི་མ་དངུལ་ལ་ཉེན་ཁ་བཟོ་བ་དང་། ཉམས་ཞིབ་པ་ཚོ་རྒྱ་ནག་ཏུ་སྐྱོད་པར་འགོག་རྐྱེན་བཟོ་བ། ད་དུང་གཙུག་ལག་སློབ་གཉེར་ཁང་གིས་མི་མང་གི་མདུན་དུ་ངོ་ཚ་ཉོ་བའི་གནད་དོན་རྙོག་འཛིང་ཅན་ཞིག་གཙང་ཕྱགས་བྱས་ཟིན་པའི་ངོས་འཛིན་བྱས་འདུག

སློབ་གྲྭའི་གཙོ་འཛིན་གཞོན་པས་གནས་སྟངས་འདི་ལྷིང་འཇགས་དང་ཞི་བས་སྒོ་ནས་པེ་ཅིང་གིས་གཙུག་ལག་སློབ་གཉེར་ཁང་ལ་རྒོལ་འཛིང་མི་བྱེད་པ་དང་། གཙུག་ལག་སློབ་གཉེར་ཁང་གིས་གོང་ས་མཆོག་གི་ཞལ་གསུང་འགོག་པའི་ཇུས་ངན་འདི་མི་མང་གིས་མི་ཤེས་བའི་ཐབས་ཇུས་འཐེན་ཡོད། ལྟག་སྒོ་བརྒྱུད་ནས་གློག་འཕྲིན་ཁ་ཤས་ཤིག་དང་ཁ་པར་གྱི་འབྲེལ་ལམ་ཁ་ཤས་ཤིག་གིས་ཐག་གཅོད་བྱེད་ཐུབ་པའི་གནད་དོན་འདིར་མི་མང་གིས་དོ་སྣང་ཆེན་པོ་བྱེད་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་ཡོད་དམ།

ས་ཕྱོགས་གཞན་དུ་དོན་རྐྱེན་ཅི་ཞིག་བྱུང་ཡོད་སྲིད་དམ།

༢༠༠༩་ལོར་ཌ་སི་མ་ནེ་ཡ་(Tasmania)་གཙུག་ལག་སློབ་གྲྭས་༧གོང་ས་མཆོག་ལ་ཆེ་མཐོང་ཕྱག་འཁྱེར་ཞིག་འབུལ་འཆར་དེ་ཕྱིར་འཐེན་བྱེད་སྐབས། སློབ་གྲྭ་དེར་རྒྱ་རིགས་སློབ་མ་ཚོའི་ལག་ནས་ཨ་སྒོར་ས་ཡ་༣༠་ཙམ་གྱི་ཡོང་འབབ་རག་གི་ཡོད། སློབ་གྲྭའི་འཆར་གཞིར་འགྱུར་ལྡོག་ཐེབས་པ་དེ་རྒྱ་ནག་གི་གནོན་ཤུགས་ལས་བྱུང་བའི་ར་སྤྲོད་གསལ་བོ་མེད་ཀྱང་། འགོ་ཁྲིད་ཚོས་གནད་དོན་དེ་རྒྱ་ནག་གི་དཔོན་རིགས་ཁག་དང་མཉམ་དུ་གྲོས་བསྡུར་བྱས་པའི་ཁས་ལེན་བྱས་ཡོད།

ལོ་དེ་གར་བྱང་ཁ་རོ་ལེ་ན་གཞུང་གི་གཙུག་ལག་སློབ་གྲྭས་(Caralina)ས་གནས་རལ་ལེ་ཧིར་(Raleigh)གོང་ས་མཆོག་གི་གསུང་བཤད་ལས་རིམ་ཞིག་བཀོད་སྒྲིག་བྱེད་གཏན་འཁེལ་བ་ཕྱིར་འཐེན་བྱས་ཡོད། གཙུག་ལག་སློབ་གཉེར་ཁང་གི་འགོ་ཁྲིད་ཚོས་ལས་རིམ་ཕྱིར་འཐེན་བྱེད་དགོས་དོན་ནི་སྒྲིག་འཛུགས་ཀྱི་དཀའ་ངལ་ཞིག་ཡིན་རབས་བརྗོད་ཡོད་ཀྱང་། སློབ་གྲྭའི་ཁོར་ཡུག་ཏུ་ཡོད་པའི་རྒྱ་གཞུང་གི་མ་དངུལ་གྱིས་
བཙུགས་པའི་ཁུང་ཙི་སློབ་གཉེར་ཁང་གི་འགན་འཛིན་གྱིས་གལ་ཏེ་༧གོང་ས་མཚོག་གི་གསུང་བཤད་ལས་རིམ་བཀོད་སྒྲིག་བྱས་ཚེ་རྒྱ་ནག་གི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པའི་སྔོན་བརྡ་བཏང་བར་བརྟེན། པེ་ཅིང་གི་བློ་ཁ་དཀྲུག་པའི་དོགས་ཟོན་བྱས་པ་ཡིན་ཚུལ་ངོས་ལེན་བྱས་ཡོད།

ཉེ་བའི་ཆར་ནོ་ཌི་རིས་ལྡམ་(NotreDame)གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ཏུ་གཏམ་ཤབ་ཤུབ་ཞིག་ཁྱབ་པ་ནི། ༧གོང་ས་མཆོག་ལ་ཆེ་མཐོང་ཕྱག་འཁྱེར་ཞིག་འབུལ་གཏན་འཁེལ་བ་དེ་དོགས་གཞི་ཅན་གྱི་གྲགས་མེད་འགུལ་མེད་དུ་གྱུར་སོང་བ་དེ་རེད། ད་ལྟ་རྒྱ་ནག་ཆིན་ཧ་གཙུག་ལག་སློབ་གྲྭའི་གཙོ་འཛིན་སྒོས་པེང་(Gu Bing)གིས་ཨེན་ཌེ་ནེ་ཡ་(Indiana)ནས་ཆེ་མཐོང་ལག་རྟགས་ཤིག་བཞེས་རྒྱུ་རེད།

དོན་རྐྱེན་འདི་དག་གི་སྤྱི་ཁོག་ནས་བལྟས་ཚེ། ད་ལྟའི་དུས་སུ་མངོན་དུ་འགྱུར་བཞིན་པའི་སྣང་ཚུལ་ཞིག་རེད།རྒྱ་ནག་གཞུང་དང་གཞུང་གི་མ་ལག་ལས་ཁུངས་ཁག་གིས་ལྟག་སྒོ་བརྒྱུད་སྤྲོད་བཞིན་པའི་གནོན་ཤུགས་ཀྱིས་པེ་ཅིང་གིས་འཁོན་ལན་སློག་པར་ཞེད་དེ། རང་གིས་རང་ལ་ཞིབ་བཤེར་བྱེད་པའི་ཁ་ཕྱོགས་འདིས་གཙུག་ལག་སློབ་གཉེར་ཁང་ཁག་ཅིག་གོང་ས་མཆོག་གི་མཛད་འཕྲིན་ལ་ངོས་འཛིན་དང་ཐ་ན་སློབ་གྲྭའི་ཁོར་ཡུག་ཏུ་གདན་ཞུ་བྱེད་པའང་བཀག་ཡོད།

ལས་འགུལ་འདིས་རྒྱ་ནག་དབང་འཛིན་པ་ཚོས་དུས་ཡུན་རིང་པོར་འཛམ་གླིང་རྒྱ་ཁྱབ་ཀྱི་བོད་དོན་རྒྱབ་སྐྱོར་རྩ་བརླག་གཏོང་བའི་ཐབས་ལམ་གསར་བ་ཞིག་མཚོན་གྱི་ཡོད། པེ་ཅིང་གི་མིག་ལམ་དུ་བོད་དོན་རྒྱབ་སྐྱོར་གྱི་གཞི་རྩའི་འབྱུང་ཁུངས་ནི་གོང་ས་མཆོག་ཡིན་པས། གོང་ས་མཆོག་གི་མཛད་འཕྲིད་དང་མཇལ་འཕྲད་དག་ངེས་པར་དུ་འགོག་ཐབས་བྱེད་དགོས་སྙམ་གྱི་ཡོད།

ཐམས་ཅད་འཆར་འགོད་ཀྱི་ཆ་ཤས་ཤིག་རེད།

༢༠༡༡་ལོར་གསང་བ་ཕྱི་གྱར་བྱས་པའི་རྒྱ་ནག་ཆ་འཕྲིན་ལས་ཁུངས་ཀྱི་འགན་འཛིན་ཟུར་བ་ཀྲོ་ཆི་ཀྲིང་(Zhao Qi Zheng)གི་གཏམ་བཤད་འགོ་བརྗོད་དུ་“དུས་རབས་གསར་བའི་ནང་གི་བོད་དང་འབྲེལ་བའི་ཕྱི་ཕྱོགས་བརྒྱུད་སྒྲོག་དང་བོད་རིག་པ’ཞེས་པའི་དུམ་མཚམས་ཤིག་གི་ནང་དུ་པེ་ཅིང་གིས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གི་གོང་ས་མཆོག་གི་སྣང་བརྙན་དེ་རྒྱ་ནག་ལ་ཉེན་ཁ་ཇི་ཙམ་ཆེ་མིན་གསལ་འདོན་བྱས་འདུག

“མི་མང་འདུ་འཛོམས་བྱེད་སར། ཏཱ་ལས་(རྒྱ་གཞུང་གི་འབོད་སྟངས)རང་ཉིད་ཆོས་ཀྱི་དབུ་ཁྲིད་ཉམ་ཆུང་ཞིག་གི་ངོ་བོར་གྲོས་མོལ་བརྒྱུད་རང་སྲིད་རང་སྐྱོང་རྩོད་ཀྱི་ཡོད་པའི་ཚུལ་འཆོས་བྱེད་ཀྱི་ཡོད། ཁོང་གིས་འཚེ་མེད་ཞི་བར་མོས་བ་ཆེ་མདོག་གིས་གཏམ་བཤད་ཀྱི་ནང་དུ་ཆབ་སྲིད་མི་བསྲེ་བའི་ཐབས་ཤེས་ཡོད་རྒུ་བྱེད། ཁོང་གིས་ཆོས་ལུགས་དང་ཀུན་སྤྱོད། རིག་གཞུང་དང་མང་གཙོ། རང་དབང་དང་འགྲོ་མིའི་ཐོབ་ཐང་གི་སྐོར་ལ་གཏམ་བཤད་སྤེལ་བས། ཁོང་ལ་བློ་ཡུལ་ལས་འདས་བའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད།”

ཀྲོ་ཡི་གཏམ་བཤད་ཀྱི་ཐོག་མཐའ་བར་གསུམ་དུ་དམིགས་བསལ་གྱིས་ཕུགས་རྒྱང་རིང་པོའི་ཐབས་ཇུས་ལ་བརྟེན་ནས་༧གོང་ས་མཆོག་དང་བོད་དོན་གྱི་རྒྱབ་སྐྱོར་དག་ཟད་འཇུག་པའི་འཆར་གཞི་སྟེ། རྒྱལ་སྤྱིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་། ནུབ་ཕྱོགས་ཀྱི་ཤེས་ཡོན་བསྟི་གནས། དེ་མིན་ཤེས་ལྡན་པ་དག་དང་མཉམ་དུ་འབྲེལ་འདྲིས་བྱེད་རྒྱུ་རེད། བྱེད་སྒོ་འདི་དག་གཙོ་བོ་པེ་ཅིང་ལ་བློ་ཁ་དཀར་བའི་རྒྱ་བོད་བོད་རིག་པ་བ་དག་གིས་འགན་འཁུར་རྒྱུ་རེད། བློན་ཆེན་ལྷན་ཁང་གིས་གསལ་འདོན་བྱས་དོན་ལྟར་ན། “མི་མང་གི་བསམ་ཚུལ་ཆེད་དུ་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་འཐབ་རྩོད་དེ་ལས་དོན་གལ་ཆེན་ཞིག་ལ་བརྩིས་ཏེ། དོ་སྣང་ཆེན་པོ་དང་འཐབ་ཕྱོགས་མ་འདྲ་བའི་ཐོག་ཏུ་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒོལ་རྡུང་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན།”

ཡིག་ཆ་འདིའི་གསང་བ་ཕྱི་ལ་གྱར་རྗེས་ཀྱི་ལོ་ངོ་དག་གི་རིང་ལ། རྒྱ་གཞུང་གིས་ཀྲོ་ཡི་གཏམ་བཤད་ནང་དུ་གསལ་འདོན་བྱས་པའི་ཐབས་ལམ་ཡོད་རྒུ་ལག་བསྟར་བྱེད་ཀྱི་ཡོད་པ་ཉེ་ཆར་གྱི་སེ་ཏི་ནས་གཙུག་ལག་སློབ་གཉེར་ཁང་གི་དོན་རྐྱེན་ལས་བདེན་དཔང་རྙེད་ཐུབ་པ་ཞིག་རེད། ན་ནིང་ལོར་སློབ་གྲྭའི་ཁོར་ཡུག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་ཁུང་ཙི་སློབ་གཉེར་ཁང་གིས་“གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ལམ་ལུགས་ཀྱིས་བོད་ཀྱི་ཆབ་སྲིད་དང་ཆོས་ལུགས། སྤྱི་ཚོགས་བཅས་ལ་ཐེབས་པའི་ཤུགས་རྐྱེན།”ཞེས་པའི་བརྗོད་གཞིའི་ཐོག་གཏམ་གླེང་གོ་སྒྲིག་ཞུས་ཡོད། གཏམ་བཤད་སྤེལ་མཁན་ནི་རྒྱ་ནག་སྡེ་ཁག་གི་བོད་རིག་པའི་སློབ་དཔོན་ཀྲང་(Zhang Yun)རེད། ཁོང་ནི་རྒྱ་ནག་གཞུང་གི་སྐད་གྲགས་ཆེ་བའི་མགྲིན་ཚབ་པ་ཞིག་ཡིན།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(བཀྲས་མཐོང་ལྷ་སྒྲོན་ནི་བོད་ཀྱི་རང་དབང་འཐབ་རྩོད་ཁྲོད་ཆེས་འབུར་དུ་ཐོན་པའི་བུད་མེད་་མགོ་ཁྲིད་ཅིག་ཡིན། ༡༩༩༩་ལོ་ནས་༢༠༡༡་བར་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་དུ་འགན་ཁུར་རིམ་པ་མང་པོ་འཁུར་ཡོད། ལྷག་པར་དུ་༢༠༠༧་ཕྱི་ཟླ་༨་པའི་ནང་རྒྱ་ནག་རྒྱལ་ས་པེ་ཅིང་ནས་རྒྱ་ནག་གིས་ཉིས་སྟོང་བརྒྱད་ལོའི་ཨོ་རྩེད་འགྲན་བསྡུར་ཆབ་སྲིད་ཀྱི་ངོ་བོར་ཇི་ལྟར་བསྒྱུར་ཐབས་བྱེད་ཀྱི་ཡོད་མེད་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱས་པས་འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱས་ཡོད། ད་བར་ཁོ་མོས་བོད་དོན་གོ་རྟོགས་སྤེལ་བའི་གཏམ་བཤད་དང་། རྒྱལ་སྤྱིའི་གསར་ཁང་འདྲ་མིན་གྱི་བཅར་འདྲི་དང་ལེན། བོད་དོན་ཐད་རྩོམ་ཡིག་སྤེལ་བ། ལས་འགུལ་བཀོད་སྒྲིག དྲ་རྒྱའི་བདེ་འཇགས་སྐོར་གྱི་ཟབ་ཁྲིད། ན་གཞོན་མགོ་ཁྲིད་པ་བསྐྱེད་བསྲིངས་དང་ལས་འགུལ་བར་སྦྱོང་བརྡར་སྤྲོད་པ་སོགས་བོད་དོན་ལ་སྨན་པའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན། ད་ལྟའི་ཆར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to པེ་ཅིང་གིས་བོད་ཐོག་རྒྱག་བཞིན་པའི་དམག་འཁྲུག་གི་མཐུན་གྲོགས་གསར་བ་དག(སྔ་མ)

  1. བསྟན་པ་ ནས།

    བཙན་བྱོལ་ནང་དུ་ང་དགའ་སའི་བུད་མེད་གཅིག་ཡོད་པ་དེ་བཀྲས་མཐོང་ལྷག་སྒྲོན་ཡིན་ལ་ཁོང་ནི་བོད་ཀྱི་བུད་མེད་ཚོའི་ངོ་ཚབ་ལྟ་བུ་ཡིན། ཁྱེད་ཀྱི་སེམས་ཤུགས་དང་འཇོན་ཐང་ལ་བོད་མི་ཚོས་རྟག་ཏུ་ཡི་རངས་བྱེད་བཞིན་ཡོད།

  2. ཨ་ ནས།

    མ་རྩོམ་ཐད་ནས་གང་ཡང་མི་ཤེས་མཁན་ངས་ཀྱང་། སྒྱུར་རྩོམ་འདིའི་རིགས་ཀློག་གིན་ཀློག་གིན། ངས་ངོ་མ་(བོད་ནང་)བློ་འབྱེད་དཔེ་དེབ་ནང་གི་སྒྱུར་རྩོམ་དེ་དག་དྲན་འོང་ཀྱིན་འདུག སྡོམ་ཞིག་བརྒྱབ་ནས་བཤད་ནས། བོད་བརྡ་རིག་པའི་རྨང་ཡག་ཐོག ཚེག་བར་རེ་རེའི་ངོས་ནས་ཀྱང་སྦྱོར་བ་མཛེས་པ། རྗོད་བྱེད་ཕྲེང་གི་སྒྲིག་རིམ་ལྡན་ཐོག (སྐད་ཆའི་)སྒྱུ་རྩལ་རང་བཞིན་གྱི་ཉམས་ཡོད་པ་སོགས་སོ། དེས་ན། བློ་འབྱེད་དཔེ་དེབ་ནང་གི་སྒྱུར་རྩོམ་དང་། སྐར་ཁུང་དྲ་བའི་སྒྱུར་རྩོམ་གཉིས་ལ་མི་འདྲ་ས་ཡོད་ཆོག་རུང་། འདྲ་སའང་མང་པོ་ཞིག་ཡོད་པ་འདི་ནི། ཕྱི་ཡུལ་འདི་པའི་གཟི་བརྗིད་དུ་ཁས་མ་བླངས་ས་མི་འགྲོ།

Write a Reply or Comment

Your email address will not be published. Required fields are marked *

*