པེ་ཅིང་གིས་བོད་ཐོག་རྒྱག་བཞིན་པའི་དམག་འཁྲུག་གི་མཐུན་གྲོགས་གསར་བ་དག(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བཀྲས་མཐོང་ལྷ་སྒྲོན།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

མཐར་ཐུག་གི་འགྲོ་ས།

རྒྱ་ནག་གི་འགོ་ཁྲིད་ཚོས་ཐབས་ཇུས་འདི་དག་ལ་བསྟེན་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བོད་དང་གོང་ས་མཆོག་ལ་བཟུང་བའི་ལྟ་སྟངས་ལ་འགྱུར་ལྡོག་གཏོང་བའི་ཁ་ཐག་རིང་ཡང་། ཁོང་ཚོས་ནུབ་ཕྱོགས་ཀྱི་མི་མང་ཚོར་ཤུགས་རྐྱེན་སྤྲོད་པའི་ཐབས་ཤེས་ཅུང་ཡར་རྒྱས་འགྲོ་ཡི་ཡོད་པ་འཛམ་གླིང་གི་གཙུག་ལག་སློབ་གཉེར་ཁང་དང་མཐོ་འབྲིང་སློབ་གྲྭ་ཁག་གི་ནང་དུ་ཁུང་ཙིའི་སློབ་གཉེར་ཁང་དང་འཛིན་གྲྭ་བཞི་བརྒྱ་ཙམ་རྒྱ་ནག་ཤེས་ཡོན་བློན་ཆེན་ལྷན་ཁང་གིས་གསར་རྒྱག་དང་སྟངས་འཛིན་བྱེད་ཀྱི་ཡོད་པ་ལས་ཤེས་ཐུབ།

ཁུང་ཙིའི་སློབ་གཉེར་ཁང་དག་ནི་པེ་ཅིང་གི་རིག་གཞུང་འདྲེན་ཤུགས་ཐབས་ཇུས་ཀྱི་མཚོན་རྟགས་ལྟ་བུ་རེད། འདི་ནི་དམིགས་ཡུལ་ལྡན་པའི་སྒོ་ནས་རྒྱ་ནག་གི་སྐད་ཡིག་དང་རིག་གཞུང་ཁྱབ་བརྡལ་གྱིས་རྒྱ་ནག་གི་བཟང་ཕྱོགས་ཀྱི་སྣང་བརྙན་ཞིག་དར་ཁྱབ་གཏོང་ཆེད་རེད། རྒྱ་ནག་གིས་མ་དངུལ་གྱི་དཀའ་ངལ་ཆེ་བའི་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་ཁག་ལ་ཁྲིད་གཞི་དང་དགེ་རྒན། མ་དངུལ་བཅས་ཀྱིས་རོགས་སྐྱོར་བྱེད་བཞིན་པ་དེས་རྒྱ་ནག་གིས་ནུབ་ཕྱོགས་ཀྱི་ཤེས་ཡོན་བསྟི་གནས་དག་ལ་ཤུགས་རྐྱེན་སྤྲོད་པའི་སྒོ་མོ་ཡངས་པོར་ཕྱེས་ཡོད།

ཤེས་ཡོན་རང་དབང་ལ་དོ་ཕོག་འགྲོ་བར་བརྟེན་ཁུང་ཙིའི་སློབ་གཉེར་ཁང་གསར་འཛུགས་ལ་ངོ་རྒོལ་གྱི་འགལ་ཟླ་འཕྲད་ཀྱི་ཡོད། སློབ་གཉེར་ཁང་དེ་དག་ཏུ་རྒྱ་གཞུང་གིས་ཚོར་བ་སྐྱེན་པོར་བརྩི་བའི་བརྗོད་གཞི་ཁག་སྟེ། བོད་དང་ཡུ་གུར། ཧྥ་ལིན་ཀོང་བཅས་ཀྱི་སྐོར་ལ་རང་དབང་གིས་བགྲོ་གླེང་བྱེད་རྒྱུ་བཀག་འགོག་བྱས་འདུག དེའི་ཚབ་ཏུ་རྒྱ་གཞུང་གིས་དྲིལ་བསྒྲགས་ཀྱི་བརྗོད་གཞི་ལ་ཀོ་རི་ཡའི་དམག་འཁྲུག་དང་ཐེ་ཝན་སྐོར་དང་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཁ་ན་ཌའི་མེག་མ་སི་ཌིར་(Mcmaster)གཙུག་ལག་སློབ་གྲྭས་མི་འགྱང་བར་ཁོར་ཡུག་དེར་ཡོད་པའི་ཁུང་ཙིའི་སློབ་གཉེར་ཁང་སྒོ་རྒྱག་རྒྱུ་རེད། སློབ་གཉེར་ཁང་དེར་སློབ་ཁྲིད་བྱེད་མཁན་ཚོའི་ཆ་རྐྱེན་ལ་རྒྱ་གཞུང་གིས་བཀག་སྡོམ་བྱས་པའི་ཧྥ་ལིན་ཀོང་རྩལ་རླུང་སྒོམ་སྒྲུབ་སྡེ་ཁག་ལ་འབྲེལ་བ་གཏན་ནས་མེད་པ་ཞིག་དགོས་ཀྱི་འདུག ཁུང་ཙི་སློབ་གཉེར་ཁང་དག་ཡར་རྒྱས་དང་གཞི་རྩ་བརྟན་པོ་ཆགས་པར་རྙོག་གླེང་མང་པོས་མཐའ་བསྐོར་ནས་ཡོད་ཀྱང་། ཁོང་ཚོས་འཛམ་གླིང་གང་སའི་གཙུག་ལག་སློབ་གཉེར་ཁང་མང་པོའི་ཁོར་ཡུག་ཏུ་ཁུང་ཙིའི་གཙུག་ལག་སློབ་གཉེར་ཁང་༤༠༠་ཙམ་གྱི་གཞི་རྩ་སྲ་བརྟན་བཟོས་ཡོད། ད་དུང་རྒྱ་གཞུང་གིས་༢༠༢༠་ལོར་ཁུང་ཙིའི་སློབ་གཉེར་ཁང་གི་གྲངས་ཀ་༥༠༠ལ་འཕར་བའི་འཆར་གཞི་འདིང་གི་ཡོད།

སྤྱོད་པ་སློག་ཚེ།

འཛམ་གླིང་ཁྱོན་ཡོངས་ཀྱི་གཙུག་ལག་ཁང་མང་པོའི་ཁོར་ཡུག་ཏུ་རྒྱ་ནག་གིས་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་མཉམ་དུ། གཙུག་ལག་སློབ་གྲྭ་འདི་དག་གི་སྟེང་ལ་རྒྱ་ནག་གི་གནོན་ཤུགས་དུས་ཡུན་ག་ཚོད་ལ་ལྷག་སྲིད་དམ། གལ་སྲིད། གཙུག་ལག་སློབ་གཉེར་ཁང་གི་མགོ་ཁྲིད་ཚོས་གོང་ས་མཆོག་གདན་ཞུ་བྱས་ཏེ་པེ་ཅིང་ལ་ཁོང་ཁྲོ་བསླངས་ན་དོན་རྐྱེན་ཅི་ཞིག་འབྱུང་གི་རེད། ཁོལ་སྒ་རེས་(Calgary)་གཙུག་ལག་སློབ་གྲྭ་རུ་བྱུང་བའི་དོན་རྐྱེན་ཞིག་ནི། ༢༠༠༩་ལོར་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་ཚོས་གོང་ས་མཆོག་ལ་ཆེ་མཐོང་ཕྱག་རྟགས་ཤིག་ཕུལ་རྗེས། རྒྱ་གཞུང་གིས་ཁོལ་སྒ་རེས་གཙུག་ལག་སློབ་གྲྭ་རྒྱ་ནག་ནང་དུ་ཆེ་མཐོང་བྱེད་སའི་སློབ་གྲྭའི་ཐོ་གཞུང་ནས་ཕྱིར་བཏོན་འདུག སྐབས་དེར་སློབ་གྲྭའི་མགྲིན་ཚབ་པས་ཕྱི་བསྒྲགས་བྱས་དོན། “ང་ཚོས་སློབ་གྲྭར་༧གོང་ས་མཆོག་གདན་འདྲེན་བྱས་པའི་རྐྱེན་གྱིས་རྒྱ་ནག་གཞུང་བསུན་པོ་བཟོས་བྱུང་། ང་ཚོར་གནད་དོན་དེ་ཞི་འགྲིག་བྱེད་པའི་འོས་འགན་ཡོད།”༢༠༡༡་ལོའི་ཕྱི་ཟླ་༤་པའི་ནང་དུ་སློབ་གྲྭའི་གཙོ་འཛིན་གསར་བས་རྒྱ་ནག་སྐུ་ཚབ་དོན་གཅོད་མཉམ་དུ་“འབྲེལ་ལམ་ཆེན་མོ་གོང་འཕེལ”ཞེས་པའི་འབྲེལ་ལམ་ཞིག་བཙུགས་རྗེས། སླར་ཡང་རྒྱ་གཞུང་གིས་སློབ་གྲྭའི་མིང་ཆེ་མཐོང་ལྡན་པའི་གཙུག་ལག་སློབ་གྲྭའི་ཁོངས་སུ་བཅུག་ཡོད།

རྒྱ་གཞུང་གིས་ཤེས་ཡོན་ལྟེ་གནས་གཅིག་པུའི་སྟེང་དུ་གནོན་ཤུགས་སྤྲོད་ཀྱིན་པ་ཁོ་ན་མ་རེད། ག་ས་གང་དུ་མི་ཚང་མའི་སྟེང་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད། ན་ནིང་དབྱིན་ཇིའི་སྲིད་བློན་ཌེ་བེས་ཌི་ཁམ་རོན་(David Cameron)༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྗེས། ཁོང་རྒྱ་གཞུང་གིས་གནོན་ཤུགས་སྤྲོད་ཡུལ་ཞིག་ཆགས་པ་རེད། རྒྱ་གཞུང་གིས་ཁོང་ལ་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ཐུག་རྒྱུ་མིན་པའི་ཐག་གཅོད་བྱས་ཏེ་བཙན་ཤུགས་ཀྱིས་ཁོང་གི་ད་ལོའི་ཕྱི་ཟླ་༤་པའི་རྒྱ་ནག་འཚམས་གཟིགས་ཕྱིར་འཐེན་བྱེད་བཅུག་པ་དང་། ད་ལྟ་ཁོང་གིས་༧གོང་ས་མཆོག་ལ་མཇལ་འཕྲད་བྱས་པ་དེར་རྒྱ་གཞུང་ལ་དགོངས་དག་ཞུ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད།

རྒྱ་གཞུང་གིས་བྱ་དགའ་དང་སྡིགས་ར། ཉེས་ཆད་བཅས་མཉམ་འདུས་ཀྱི་དབང་ཤུགས་བེད་སྤྱོད་ཀྱིས་འཛམ་གླིང་རྒྱལ་སྤྱིའི་སྟེང་དུ་ཡོད་པའི་བོད་དོན་རྒྱབ་སྐྱོར་གྱི་ནུས་པ་ཇེ་ཆུང་དུ་གཏོང་བའི་ནུས་པ་ཇེ་ཆེར་འགྲོ་་བཞིན་ཡོད་པས། འཕེལ་རིམ་འདིའི་ཐོག་ནས་མ་འོངས་བོད་ཀྱི་འཐབ་རྩོད་གང་འདྲ་ཞིག་ཆགས་མིན་གྱི་སེམས་ཁྲལ་བྱེད་འཇུག་གི་ལོ་ངོ་ཉི་ཤུ་ལྷག་གི་རིང་གོང་ས་མཆོག་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་བླ་མེད་ཐོབ་ཡོད། ང་ཚོ་གང་མང་ཞིག་གིས་༧གོང་ས་མཆོག་ལ་ཐོབ་པའི་རྒྱབ་སྐྱོར་རྣམས་མི་ནུབ་རྒྱུན་མཐུད་ཡོང་བ་དང་། གནས་དུས་གང་དུ་ཡིན་ཡང་ཁོང་ལ་རྒྱབ་སྐྱོར་གྱི་སྒོ་འཕར་ཆེས་ཆེར་ཕྱེ་ནས་ཡོད་ཤག་ཤག་རེད་སྙམ་གྱི་ཡོད། འོན་ཀྱང་། རྒྱ་ནག་དཔོན་རིགས་ཚོས་ཡ་ང་སྙིང་རྗེ་བྲལ་བའི་སྒོ་ནས་གོང་ས་མཆོག་གི་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་སྒོ་མོ་དག་རྒྱག་ཐབས་དང་ཕྱིར་འཐེན་བྱེད་པར་བརྩོན་གྱི་ཡོད།

ང་ཚོས་རྒྱ་གཞུང་གི་ངན་ཇུས་འདི་དག་ལ་ཕྱིར་རྒོལ་བྱེད་དགོས་པ་གསལ་བོ་ཡིན་ཡང་། ང་ཚོས་ཇི་ལྟར་ཕྱིར་རྒོལ་བྱེད་ཀྱི་ཡིན། ང་ཚོར་༧གོང་ས་མཆོག་གིས་ལོ་ངོ་བཅུ་ཕྲག་མང་པོར་དཀའ་སྤྱད་འབད་བརྩོན་བྱས་པའི་མཇུག་འབྲས་ཀྱིས་རྒྱལ་སྤྱིར་ཐེབས་པའི་ཤུགས་རྐྱེན་དང་འཇུག་སྒོ་དག་སྲུང་སྐྱོབ་བྱེད་པའི་ནུས་པ་ཅི་ཞིག་ཡོད་དམ། ང་ཚོའི་ནུས་པ་གཞི་རིམ་ལས་འགུལ་དང་དང་མཉམ་དུ་ཡོད་པ་སེ་ཏི་ནེས་གཙུག་ལག་སློབ་གྲྭར་བྱུང་བའི་དོན་རྐྱེན་དེས་ར་སྤྲོད་གསལ་བོ་བྱས་ཡོད།

གཞི་རིམ་ལས་འགུལ་གྱི་ནུས་པ།

རྒྱ་ནག་གཞུང་གིས་རྒྱུ་དང་ཚེགས། དུས་ཚོད་བཅས་བེད་སྤྱོད་ཀྱིས་སྲིད་དོན་དམིགས་ཡུལ་དག་ཕྱི་རྒྱལ་དུ་བསྒྲགས་ཀྱང་། བདེན་དོན་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་གཞི་རིམ་ལས་འགུལ་གདོང་དུ་རྒྱ་ནག་གཞུང་ཉེN་ཁའི་གནས་སུ་ལྷུང་ཆོག་ཆོག་ཡིན་པ་ས་རིས་ཐང་གསལ་རེད། སེ་ཏི་ནེས་གཙུག་ལག་སློབ་གྲྭར་རྒྱ་གཞུང་གིས་བཙུགས་པའི་ཁུང་ཙིའི་སློབ་གཉེར་ཁང་དང་། རྒྱ་ནག་རིག་པ་ཉམས་ཞིབ་ལྟེ་གནས། རྒྱ་གཞུང་གི་རོགས་སྐྱོར་ས་ཡ་མང་པོ་རག་ཐབས་སུ་ཉིན་འབད་མཚན་འབད་ཀྱིས་རྒྱ་གཞུང་དབར་འབྲེལ་ལམ་ཇེ་ལེགས་སུ་གཏོང་འདོད་མཁན་གྱི་སློབ་གྲྭའི་གཙོ་འཛིན་གཞོན་པ་བཅས་ཀྱི་ནུས་པ་གཞི་གཅིག་ཏུ་སྤུངས་ཀྱང་། ༧གོང་ས་མཆོག་གདན་ཞུའི་ལས་རིམ་ཕྱིར་འཐེན་བྱས་པ་ཕྱི་ལ་ཁྱབ་རྗེས་སུ་བྱུང་བའི་གཞི་རིམ་ལས་འགུལ་གྱི་ནུས་པ་འགོག་པའི་དོ་ཟླར་ལོངས་མེད།

གཞི་རིམ་ལས་འགུལ་རྒྱ་ཁྱབ་དུ་འགྲོ་ཆེད་ཁྱབ་བསྒྲགས་བྱེད་རྒྱུ་ནི་གནད་འགག་ཅིག་ཡིན། གལ་ཏེ། དུས་ཚོད་ཏག་ཏག་ལ་སློབ་གྲྭའི་ཁོར་ཡུག་ཏུ་ཡོད་པའི་མི་སྒེར་བ་ཁག་གཅིག་གིས་ཡོལ་བའི་རྒྱབ་ཏུ་ཐག་གཅོད་བྱས་པའི་དྲང་བདེན་མིན་པའི་བྱ་སྤྱོད་དག་ཐེར་འདོན་བྱས་མེད་པའི་དབང་དུ་བཏང་ན། ང་ཚོར་ལས་འགུལ་རྒྱ་ཆེར་སྤེལ་བའི་ནུས་པ་དང་དུས་ཚོད་ཡོད་མི་སྲིད། མཐའ་མཇུག་ཏུ། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རླུང་གློག་བརྒྱུད་ལམ་དང་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཁག་བརྒྱུད་ནས་འཛམ་གླིང་མི་མང་གི་རྒྱབ་སྐྱོར་སློང་ཐུབ་པ་དང་། ཆིག་སྒྲིལ་གྱི་ནུས་པ་གོང་བུ་གཅིག་སྒྲིལ་གྱིས་སྟོབས་ཤུགས་དང་ཆབ་སྲིད་ཀྱི་མ་རྩ་བཏང་སྟེ་གཙུག་ལག་སློབ་གྲྭར་བདེན་པའི་བྱ་གཞག་སྐྱོང་བའི་གནོན་ཤུགས་སྤྲོད་ཐུབ་ཡོད།

བོད་དོན་རྒྱབ་སྐྱོར་བ་སོ་སྤེ་བྷོ་རེ་སི་(SophieBouris)་དང་སློབ་གྲྭ་དེར་ཡོད་པའི་བོད་པའི་སློབ་ཕྲུག་ཁོ་ན་(ཡེ་ཤེས་དཔལ་མོ།)གཉིས་ཀྱིས་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་(ཨོ་སི་ཁྲི་རི་ཡའི་བོད་ཀྱི་ལྷན་ཚོགས)དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་(བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུན་དྲ་བ)། ད་དུང་དྲ་ཐོག་གི་མི་སྒེར་ལས་འགུལ་བ་སྟོང་ཕྲག་མང་པོ་དང་མཉམ་ལས་བྱས་པས་རྒྱ་ནག་གི་གནོན་མི་ཐུབ་པའི་སྟོབས་ཤུགས་ཤིག་ཏུ་གྱུར་བ་རེད། ཉིན་ཤས་ཀྱི་རིང་ལ་མི་མང་༡༥༠༠༠་ཙམ་གྱིས་སྙན་ཞུར་མཚན་རྟགས་བཀོད་དེ་གཙུག་ལག་སློབ་གྲྭས་༧གོང་ས་མཆོག་གདན་ཞུ་བྱེད་དགོས་པའི་འབོད་སྐུལ་དང་། སློབ་གྲྭའི་ཁོར་ཡུག་ཏུ་ངོ་རྒོལ་བྱེད་པའི་འཆར་གཞི་བཏང་བ་ཁྱབ་བསྒྲགས་བྱས་ཏེ་སློབ་གྲྭའི་འཛིན་སྐྱོང་གཉའ་ཞུམ་བཅུག་ཡོད། ཕྱོགས་བཞི་ནས་གཙུག་ལག་སློབ་གྲྭར་སྐྱོན་བརྗོད་བྱེད་ཤུགས་ཇེ་ཆེར་གྱུར་བ་དང་མཉམ་དུ་སློབ་གྲྭ་གནོན་ཤུགས་འོག་ཏུ་ལྷག་པས། ༧གོང་ས་མཆོག་སློབ་གྲྭར་གདན་ཞུ་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་བསྐྱངས་བ་རེད། དེ་ནི་བོད་དོན་ལས་འགུལ་གྱི་གནས་བབ་ལེགས་ཤོས་སུ་ཡོད་པའི་དུས་ཤིག་རེད།

༧གོང་ས་མཆོག་གི་མཛད་འཕྲིན་སྲུང་སྐྱོབ་བྱེད་པ།

བོད་དོན་འཐབ་རྩོད་ལ་མཚོན་ན་གཞི་རིམ་ལས་འགུལ་བཀོད་སྒྲིག་བྱེད་རྒྱུ་ནི་གསར་བ་ཞིག་མ་རེད། དེ་ནི་༧གོང་ས་མཆོག་དང་བོད་དོན་ལ་རྒྱབ་སྐྱོར་བྱེད་པའི་ཐབས་ལམ་དང་པོའི་གྲས་སུ་ཡོད། ༧གོང་ས་མཆོག་གིས་འདས་བའི་བགྲང་བྱ་བཞི་བཅུའི་ཆ་ཤས་ལེགས་ཤོས་ཁག་འཛམ་གླིང་གང་སར་ཆིབས་བསྒྱུར་གྱིས་འཚེ་མེད་ཞི་བའི་བསླབ་བྱ་ཁྱབ་སྤེལ་དང་། རྒྱ་ནག་དབང་བསྒྱུར་འོག་གི་བོད་མིའི་དཀའ་སྡུག་ཁག་གསལ་འགྲེལ་བྱས་ཡོད། དམ་པ་ཉིད་ཀྱི་གསུང་གི་བདུད་རྩིར་རོལ་མཁན་མི་སྒེར་རེ་ཟུང་ནས་མི་མང་ས་ཡ་མང་པོ་ཆགས་པ་དང་། འགོག་རྐྱེན་ཡོད་ཚད་དང་རྒྱ་ནག་གི་བསམ་ཡུལ་ལས་འདས་བའི་དཔལ་འབྱོར་དང་ཆབ་སྲིད།དམག་ཤུགས་བཅས་ལ་མ་ལྟོས་པར་ཁོང་ནི་དུས་རབས་ཉེར་གཅིག་པའི་ཤུགས་རྐྱེན་ཆེ་ཤོས་དང་དགའ་མགུ་ཡི་རངས་བྱེད་སའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཅིག་ཆགས་ཡོད།

བོད་ཀྱི་རྩ་དོན་འདི་དཔྱོད་ཤེས་ལྡན་པའི་མི་བུ་ཚོས་སེམས་ཁུར་དང་རྒྱབ་སྐྱོར་གྱི་ར་བ་ལས་བརྒལ་ཏེ། ཐ་ན་རྒྱ་ནག་གི་ལོ་ངོ་དྲུག་ཅུའི་རིང་གི་ཡ་ང་སྙིང་རྗེ་བྲལ་བའི་བཙན་གཅུན་རྗེས་ཀྱི་དེ་རིང་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་དུ་གསོན་པོར་གནས་ཡོད། བོད་ནང་གི་དྲང་བདེན་མིན་པའི་གནས་བབ་ཐེར་འདོན་དང་མི་མང་རྣམས་ལ་ལས་འགུལ་སྤེལ་འཇུག་ཆེད་ང་ཚོས་ད་བར་དུ་བོད་དོན་གོ་རྟོགས་སྤེལ་བའི་ལས་འགུལ་བཀོད་སྒྲིག་དང་།སྙན་ཞུ་མཚན་རྟགས་བསྡུ་རུབ། འཕྲིན་ཡིག་འབྲི་བ། ཁྲིམས་ཁར་བསྐྱལ་བ། དངོས་བྱུང་གློག་བརྙན་བཟོ་བ་བཅས་ཀྱི་ལས་འགུལ་གྲངས་མེད་སྤེལ་ཡོད།

རྒྱ་གཞུང་གིས་རྒྱལ་སྤྱིའི་གཞི་རིམ་ལས་འགུལ་གྱི་ནུས་པ་ཧ་གོ་ཡོད་ཀྱང་། ཁོང་ཚོས་ནུས་པ་དེའི་འབྱུང་ཁུངས་སྟེ། མི་སེར་དཀྱུས་མ་རྣམས་ཀྱི་སྙིང་རྗེ་དང་སྤྱོད་བཟང་དག་ཡིན་པ་ཤེས་ཀྱི་མེད་པས། ནུས་པ་དེའི་ཁ་གཏད་དུ་ཡང་ནས་ཡང་དུ་འགྲེངས་དགོས་ཐུག་གི་ཡོད། དེས་ན་འདས་བའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རྒྱ་གཞུང་གིས་གོང་ས་མཆོག་དང་བོད་དོན་ལ་ཐོབ་པའི་རྒྱབ་སྐྱོར་ལ་ལྐོག་ཏུ་གནོད་སྐྱེལ་རྒྱུ་གཙིགས་འཛིན་བྱས་པ་དེ་ཧང་སངས་དགོས་པའི་གནད་དོན་ཞིག་མ་རེད།

འོ་ན། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་གནད་དོན་འདི་དག་གི་རྩ་བ་ཤེས་བའི་སྒོ་ནས་རྒྱ་ནག་གི་འཐབ་རྒོལ་གནས་དུས་གང་དུ་བྱུང་ཡང་ཕྱིར་རྒོལ་བྱེད་རྒྱུ་ནི་གནད་ཀྱི་དམ་པ་རེད། རྒྱ་ནག་གི་ལྐོག་ཇུས་འདི་དག་གོ་མེད་ཚོར་མེད་དུ་ཡལ་འཇུག་པ་ནི་བོད་ཀྱི་ཁེ་ཕན་མིན་ལ། གནད་དོན་འདིའི་རིགས་ལྟག་སྒོ་རུ་སྦས་ཏེ་གོ་ཐོས་མེད་པའི་ཕྱི་འབྲེལ་གྱི་ནང་དུ་ཤི་འཇུག་པ་དེས་རྒྱ་གཞུང་གི་ཁེ་ཕན་བསྒྲུབ་ཀྱིན་པ་དང་།གོང་ས་མཆོག་དང་བོད་པ་ཚོར་བདག་པའི་ནུས་པ་མང་པོ་ཞིག་བཙན་འཕྲོག་བྱེད་ཀྱི་ཡོད།

བོད་པའི་རྩ་དོན་གྱི་ཐད་ནས་ང་ཚོ་ངོ་རྒོལ་གྱི་དུས་རབས་ཕྱི་མར་ཡོད་སྙམ་མཁན་གྱི་སྐྱེས་བུ་རེ་ཟུང་ཡོད། ལྟ་སྟངས་འདི་ནི་ཕྱོགས་གཅིག་ནས་ད་བར་དུ་བོད་དོན་སེལ་མ་ཐུབ་པ་དང་། འདས་བའི་ལོ་ངོ་མང་པོའི་རིང་ལ་སྤེལ་བའི་བོད་དོན་ལས་འགུལ་དང་ངོ་རྒོལ་སྐད་འབོད་དག་ལམ་ལྷོངས་བྱུང་མེད་པས། ད་ལྟ་བོད་མི་ཚོས་རྒྱ་ནག་དང་རྒྱ་ནག་གི་མཐུན་ཕྱོགས་ཚོར་བསུན་པོ་མི་བཟོ་བའི་ཞི་འཇགས་ལྡན་པའི་ཐབས་ལམ་གསར་བ་ཞིག་གིས་འཐབ་རྩོད་བྱེད་དགོས་སྙམ་པའི་བསམ་བློར་གཞི་རྟེན་བཅོལ་ཡོད། དེ་ཡང་འདི་འདྲའི་ལྟ་སྟངས་ཀྱི་འབྱུང་ཁུངས་ནི་རྒྱ་ནག་དབང་འཛིན་པ་ཚོས་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་དག་ལ་ཡ་ང་སྙིང་རྗེ་མེད་པའི་འགོག་རྒོལ་གྱི་ནུས་པ་བཏོན་པ་དེས་བོད་པ་ཐེ་བའི་མི་མང་པོ་ཞིག་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་དང་ཆབ་སྲིད་ལས་འགུལ་སྤེལ་བར་ཞེད་བཅུག་ཡོད།

རྒྱུག་པ་ལེབ་རྡུང་གི་ལྟ་ཚུལ་འདི་ལྟ་བུ་གནད་འགག་ཅན་གྱི་བདེན་དོན་དང་འགལ་ཡོད། གཅིག་ནས་རྒྱ་ནག་ནི་དབང་ཆ་གཅིག་སྡུད་ལམ་ལུགས་ཀྱི་གཞུང་ཞིག་ཡིན་པས་བོད་དོན་ཐོག་འགྱུར་བ་གཏོང་འདོད་མེད་པར་བརྟེན། བོད་ནང་གི་གནས་སྟངས་ལ་འགྱུར་བ་ཕྱིན་མེད། གཉིས་ནས་གཞི་རིམ་ལས་འགུལ་ལ་བརྟེན་ནས་བོད་དོན་ནི་རྒྱལ་སྤྱིའི་སྡིངས་ཆའི་སྟེང་དུ་གནོན་ཤུགས་ཅན་གྱི་གནད་དོན་ཞིག་ཆགས་པ་རེད།་སྲིད་གཞུང་དང་སྒྲིག་འཛུགས་མང་པོ་ཞིག་གིས་བོད་དོན་ལ་དོ་སྣང་དང་ལན་ལེན་བསྟར་བ་ནི་གཙོ་བོ་གཞི་རིམ་མི་མང་གི་དགོས་འདུན་ཡིན་པ་ལས། དཔལ་འབྱོར་དང་ཐབས་ཇུས་ཀྱི་ཁེ་ཕན་ཞིག་གི་ཆེད་དུ་ཡིན་པའི་ཡིད་ཆེས་བྱེད་ཀྱི་མེད། དེ་ལས་ལྡོག་སྟེ། བོད་དོན་ཐོག་ལ་རྒྱབ་སྐྱོར་གྱི་ལག་པ་སྲིང་མཁན་སུ་ཡིན་ཡང་། བོད་དོན་ལ་སྐུལ་སློང་གི་ནུས་པ་ཆེན་པོ་ཡོད་པས་རྒྱ་ནག་གཞུང་བློ་སེམས་བདེ་བོ་མེད་པར་བརྟེན། རྒྱ་ནག་དང་འབྲེལ་བ་ཡོད་པའི་སྲིད་གཞུང་དང་སྒྲིག་འཛུགས་གང་ཡིན་ཡང་བོད་དོན་ནག་གསུབ་གཏོང་གི་ཡོད་།

གཙུག་ལག་སློབ་གྲྭ་ཞིག་གི་ཁོར་ཡུག་དང་མི་མང་གི་གླེང་སྟེགས། དེ་མིན་ཆབ་སྲིད་དབང་ཆའི་ཆེས་མཐོའི་དཔོན་རིགས་ཀྱི་ལས་ཁུངས་གང་ཡིན་ཡང་རུང་། ༧གོང་ས་མཆོག་དང་བོད་པའི་རྩ་དོན་གླེང་སློང་ཡོང་བ་འགོག་ཐབས་བྱེད་པའི་རྩོལ་བ་དག་ལ་བོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཤེས་ཡོན་རང་དབང་གི་རྒྱབ་སྐྱོར་བ་ཀུན་གྱིས་ལྟ་རྟོག་ནན་པོ་དང་ཕྱི་བསྒྲགས་བྱེད་དགོས། རྣམ་དཔྱོད་ལྡན་པའི་འཛམ་གླིང་མི་མང་གིས་ང་ཚོར་དྲང་བདེན་དགོས་པའི་དགོས་འདུན་དང་གཞི་རིམ་གྱི་ནུས་པ་འདོན་རོགས་བྱེད་ཆེད་དོན་དག་འདི་དག་མི་མང་གི་གོ་ས་དང་རིག་སའི་བརྒྱུད་ལམ་ཁག་ནས་ཞིབ་བཤེར་བྱེད་དུ་མི་འཇུག་པའི་འབད་བརྩོན་བྱེད་དགོས།

རང་དབང་ལུང་པར་གྱར་བའི་བོད་རིགས་སྤུན་ཟླ་ཚོར་མཚོན་ན། འདི་ནི་ང་ཚོའི་འགན་ཁུར་གལ་ཆེ་ཤོས་ཤིག་རེད་ལ། ཐ་ན་ང་ཚོའི་འཚོ་གནས་ཀྱི་དམིགས་ཡུལ་དུའང་བགྲང་ཆོག ང་ཚོས་བདེན་དོན་སྨྲས་ཏེ་རྒྱལ་སྤྱིའི་རྒྱབ་སྐྱོར་གྱི་ཤེད་ཤུགས་ཇེ་ཆེར་གཏོང་ཞོར། ཕ་ཡུལ་དུ་དོན་སྙིང་ལྡན་པའི་དངོས་ཡོད་ལག་ལེན་གྱི་འགྱུར་བ་ཞིག་ཡོང་བར་སྐུལ་མ་བྱེད་དགོས། འདི་ནི་༧གོང་ས་མཆོག་གི་ཆེས་རླབས་ཆེ་བའི་མཛད་རྗེས་ཡིན་པས། ང་ཚོས་རྒྱ་གཞུང་གིས་༧གོང་ས་མཆོག་དང་བོད་མི་ཚོའི་འབོད་སྒྲ་གྲགས་འགུལ་མེད་པར་བཟོ་འཇུག་མི་ཉན།
མཇུག་རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)

(བཀྲས་མཐོང་ལྷ་སྒྲོན་ནི་བོད་ཀྱི་རང་དབང་འཐབ་རྩོད་ཁྲོད་ཆེས་འབུར་དུ་ཐོན་པའི་བུད་མེད་་མགོ་ཁྲིད་ཅིག་ཡིན། ༡༩༩༩་ལོ་ནས་༢༠༡༡་བར་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ནང་དུ་འགན་ཁུར་རིམ་པ་མང་པོ་འཁུར་ཡོད། ལྷག་པར་དུ་༢༠༠༧་ཕྱི་ཟླ་༨་པའི་ནང་རྒྱ་ནག་རྒྱལ་ས་པེ་ཅིང་ནས་རྒྱ་ནག་གིས་ཉིས་སྟོང་བརྒྱད་ལོའི་ཨོ་རྩེད་འགྲན་བསྡུར་ཆབ་སྲིད་ཀྱི་ངོ་བོར་ཇི་ལྟར་བསྒྱུར་ཐབས་བྱེད་ཀྱི་ཡོད་མེད་སྐོར་གནས་ཚུལ་ཕྱིར་བསྒྲགས་བྱས་པས་འཛམ་གླིང་མི་མང་གིས་དོ་སྣང་ཆེན་པོ་བྱས་ཡོད། ད་བར་ཁོ་མོས་བོད་དོན་གོ་རྟོགས་སྤེལ་བའི་གཏམ་བཤད་དང་། རྒྱལ་སྤྱིའི་གསར་ཁང་འདྲ་མིན་གྱི་བཅར་འདྲི་དང་ལེན། བོད་དོན་ཐད་རྩོམ་ཡིག་སྤེལ་བ། ལས་འགུལ་བཀོད་སྒྲིག དྲ་རྒྱའི་བདེ་འཇགས་སྐོར་གྱི་ཟབ་ཁྲིད། ན་གཞོན་མགོ་ཁྲིད་པ་བསྐྱེད་བསྲིངས་དང་ལས་འགུལ་བར་སྦྱོང་བརྡར་སྤྲོད་པ་སོགས་བོད་དོན་ལ་སྨན་པའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་མུས་ཡིན། ད་ལྟའི་ཆར་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ཡིན།)


རྩོམ་འདིའི་ནང་མཆན་ 3 བཀོད་འདུག

3 Responses to པེ་ཅིང་གིས་བོད་ཐོག་རྒྱག་བཞིན་པའི་དམག་འཁྲུག་གི་མཐུན་གྲོགས་གསར་བ་དག(ཕྱི་མ)

  1. ཨ་ ནས།

    ཅི་འདྲའི་བདེན་པ་ཞིག་དང་། ད་དུང་ཆེས་གླེང་གཞི་རྩ་ཆེན་ཞིག

  2. ཀླུ་མཁར་བྱམས་ ནས།

    དཔྱད་བཟང་རྩོམ་གྱི་རྩལ་ལ་སྟོད།
    སྤུས་བཟང་འགྱུར་ལ་ངོ་སོ་གསོལ།
    མ་བཟང་བུ་མོར་ཁྲེལ་གཞུང་རིང་།
    དེ་གསུམ་འཛོམ་པ་བོད་ཀྱི་སྐྱིད།

  3. ཁ་རྒྱ་ལ་འཁོར་ནས་རྩོམ་གཞི་གསར་བའི་ཐད་ནས་འདི་འདྲ་བྲིས་ཡོང་དུས་དགའ་ནི་རེད།

Write a Reply or Comment

Your email address will not be published. Required fields are marked *

*