གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(གསུམ་པ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

གངས་སེང་གི་ངར་སྒྲ། ཡི་དམ་ཚེ་རིང་གི་བརྩམས་ཆོས་ཁྲོད་ཀྱི་རིགས་ཞེན།

དེ་སྔའི་སྙན་ངག་པའི་མི་རབས་ཁྲོད་ཡི་དམ་ཚེ་རིང་ཁོ་ནར་ཀློག་པ་པོའི་གྲངས་འབོར་གསར་བ་ཞིག་མཐོང་ཐུབ། ཁོང་བོད་པ་ཀློག་པ་པོ་དག་གི་ཁྲོད་སྙན་གྲགས་ཆེན་པོ་ཆགས་ཡོད། གང་ལགས་ཤེ་ན་ཁོང་གི་བརྩམས་ཆོས་དག་ནི་བོད་ཀྱི་དམངས་ཁྲོད་ཀྱི་གླུ་དང་སྒྲུང་སོགས་གཞི་བྱས་ཏེ་བརྩམས་པར་སོང་དམངས་ཁྲོད་ཀྱི་ཁྱད་ཆོས་ཤུགས་དྲག་ལྡན་པས་གོ་སླ་བ་རེད་ལ། བོད་པའི་ཁྱད་ཆོས་འདི་འདྲ་ཁོང་དང་དུས་མཉམ་གྱི་རྟ་མགྲིན་མགོན་པོ་ཡི་<<དཔྱིད་ཀྱི་རེ་འདོད་>>ལྟ་བུའི་སྙན་ངག་ཁྲོད་ནས་ཀྱང་མཐོང་ཐུབ་ཅིང་། ཡི་དམ་ཚེ་རིང་གི་མཚོན་དོན་ཅན་གྱི་མཚོན་རྟགས་བཀོལ་སྤྱོད་བྱེད་སྟངས་དུས་རྒྱུན་གངས་(རྒྱུན་དུ་ནས་བོད་སྐད་དུ་བོད་ནི་གངས་ལྗོངས་སུ་བསྙད་པ་ལྟར་)ལ་འབྲེལ་སྦྱོར་བྱེད་པ་ལྟ་བུ་དང་བོད་དང་ལྷན་དུ་འདྲིས་པའི་ལྷ་སྒྲུང་ཁྲོད་ཀྱི་སྲོག་ཆགས་གངས་སེང་། མེས་རྒྱལ་བཅས་ཀྱིས་བོད་མི་ཀློག་པ་པོ་དག་ལ་ཁོང་གི་སྙན་ངག་གིས་བོད་ཀྱི་འདུ་ཤེས་གཏན་འཇགས་ཀྱིས་དཀྱིལ་སྙིང་བྱས་ཏེ་སྟོན་པའི་དྲན་སྐུལ་བྱེད་པ་རེད་ལ། ཁོང་གི་སྙན་ངག་རིང་མོ་<<ཨ་མས་སྙིང་ནས་གདམས་པའི་གླུ་>>ཞེས་པ་ནི་ཁོང་གི་མི་ཚེ་ཡི་མཚམས་སྦྱོར་ལེགས་པོ་ཞིག་ཡིན་ཏེ།
ང་རང་མི་ལུས་བླངས་པའི་འཇིག་རྟེན། །
དམ་པའི་ཆོས་ཀྱིས་སྐྱོང་བའི་ཞིང་ས། །
འོན་ཀྱང་ཡ་རབས་མི་ཡི་ཁྱིམ་སྒོར། །
གཤིན་འདྲེའི་ངུ་སྐད་རྒྱུན་པར་ཚོར་རོ། །

(དོར་ཞི་གདོང་དྲུག་སྙེམས་བློས་བསྒྱུར་བ་ལས་དྲངས།སྒྱུར་པ་པོའི་མཆན།)དེ་ལྟར་སྙན་ངག་མཁན་གྱིས་དམ་པའི་ཆོས་ཀྱིས་སྐྱོང་བའི་ཞིང་ས་ནི་རྒྱ་མི་བོད་ལ་མ་སླེབས་གོང་གི་བོད་དེ། ནང་པའི་ཆོས་དར་ཞིང་རྒྱས་ལ་བོད་དང་རྒྱའི་ས་མཚམས་འཆམ་མཐུན་སྐབས་དེ་མཚོན་པར་བྱས་ལ། དེ་ནས་ཁོང་ལ་གཉོམ་ལག་རྒྱས་ཏེ་ཕ་ཡུལ་དང་ཁ་བྲལ་བ་བརྗོད་ཡོད་དེ།

མ་དྲིན་མོས་ཁྱིམ་སྒོའི་ཕྱི་རུ་བསྐྱལ་ཚེ། །
མགོ་སྐར་ཆེན་ཟིལ་བ་འཛུམ་མེར་འཐོར་ཞིང༌། །
ནག་དོང་ངེ་ཕྱོགས་ཀུན་འཐིབས་པའི་སྨུག་པས། །
ཐང་ཡངས་པོར་བགྲོད་པའི་ལུང་འགག་བཅད་འདུག །

ང་མ་དང་བྲལ་ནས་ལམ་དུ་ཞུགས་ཚེ། །
སེར་ལམ་མེ་མེ་ཏོག་ལམ་ལ་ཁྱབ་སྙམ། །
སྤྱང་ལུག་ཁྱུར་རྒྱུགས་འདྲའི་ཁ་བ་བུ་ཡུག །
ང་ཞབས་མེད་དར་འོབས་གཏིང་དུ་བརྔུབས་སོང༌། །

བན་བུན་གྱི་སྣང་བར་ཨ་མས་ང་ལ། །
“རྒན་མོ་དང་བེའུ་ཁྲའི་གནའ་གཏམ”སྐྱོར་འདྲ། །
“བེའུ་ཁྲ་རིས་བདུད་མོས་ཉིན་ཟས་བརྒྱབ་སྟེ། །
མཚན་མོ་ཡང་རྒན་མོའི་དོན་སྙིང་བཟར་འོངས། །”

“སྐྱ་ཀ་དང་སྦལ་བ་ལྩི་རློན་རྡོ་རིལ། །
ཐབས་ཟད་ཀྱི་རྒན་མོའི་གྲོགས་སུ་ཐོབ་ནས། །
དེ་དག་གིས་བློ་དང་རོགས་རམ་བྱས་ནས། །
དམུ་རྩུབ་པའི་བདུད་མོ་མགོ་དགུ་བསད་དོ། །”

གཏམ་རྒྱུད་འདི་ལས་མི་ཚེ་སྐྱེལ་བ་ཡི། །
ཐབས་ཀྱི་མཆོག་ནི་འགོག་རྒོལ་ཡིན་པ་རྟོགས། །
ཞུམ་པའི་མཆི་མ་ཁོག་ཏུ་མིད་བྱས་ནས། །
གཉོམ་འཁུར་བཟོད་བསྲན་བྱས་ནས་ཅི་ལ་ཕན། །

དབྱར་གསུམ་ཚ་བའི་དུས་སུ་ནུར་བ་ཡི། །
འབུ་སྲིན་རོ་ལ་རྔམ་པ་དེ་དག་གིས། །
ཁྱོད་ཀྱི་ཤ་ཁྲག་རུས་པའི་ཕུང་བོ་དེ། །
དགུན་གསུམ་གྲང་བའི་བར་དུ་བསྐྱུར་མི་སྲིད། །

མི་ལུས་ཐོབ་ཚེ་བསྙེག་པའི་རིན་ཐང་ནི། །
ས་མཁྲེགས་བརྟོལ་ནས་འབུད་པའི་ས་བོན་བཞིན། །
སེམས་ཅན་ཀུན་གྱི་འདོད་དོན་ལོ་ཏོག་ཏུ། །
བསྒྱུར་ནས་སྐྱེད་བྱེད་ས་དེ་དོན་ཡོད་བྱ། །

(དོར་ཞི་གདོང་དྲུག་སྙེམས་བློས་བསྒྱུར་བ་ལས་དྲངས།སྒྱུར་པ་པོའི་མཆན།)རང་གི་ཁྱིམ་དང་ཁ་འབྲལ་བའི་སྐབས་དེར་སྙན་ངག་པས་རང་ཉིད་ཞུགས་པའི་ལམ་བུ་དེ་ཁོས་དྲན་པ་བཞིན་མཛེས་སྡུག་ལྡན་པ་ཞིག་མ་ཡིན་པ་ཚོར་ཡོད་པ་དང་། དེ་བཞིན་སྙན་ངག་པའི་འབོད་སྒྲ་ལ་རང་གི་རྒྱང་བཞུད་ཀྱི་ཁྲོད་ནས་གཉོམ་ལག་རྒྱས་དགོས་པས་སྙན་ངག་གི་གདངས་ཀྱང་སྔར་ལས་ཤུགས་དྲག་ཏུ་སོང་ཞིང་། ཁོང་གིས་དམངས་ཁྲོད་ཀྱི་སྒྲུང་གཏམ་གྲགས་ཅན་ཞིག་འཚོལ་བ་བརྒྱུད་ནས་མཐའ་མཇུག་ཁོས་མི་ཚེ་ཡི་དོན་སྙིང་རྟོགས་སོང་།

སྲོལ་རྒྱུན་གྱི་བརྡ་མཚོན་གཤིས་ལུགས་བགོ་བའི་ཕྱིར་དུ་ཡི་དམ་ཚེ་རིང་གི་སྙན་ངག་གི་ཁྲོད་དུ་དམངས་ཁྲོད་ཀྱི་སྒྲུང་དང་གླུ་ཡི་རིགས་རྒྱུན་དུ་ནས་ཐོན་གྱིན་ཡོད་ལ། ཁོས་འདི་དག་ཡར་སློང་བ་བརྒྱུད་ནས་རང་ཉིད་བོད་ཀྱི་རིག་གཞུང་གི་ཁྲོད་དུ་རྩ་བ་ཚུགས་པ་སྟོན་པ་ཙམ་མིན་པར། སྐབས་དེར་ཁོང་གི་ཀློག་པ་པོ་རྣམས་ལ་མི་སུ་འདྲ་ཡིན་རུང་རང་གི་རིག་གཞུང་ཁྲོད་ནས་རྣམ་དཔྱོད་དང་མགོན་སྐྱབས་རྙེད་བཏུབ་པ་དེ་རྟོགས་པར་བྱེད་འདོད་པ་རེད་ལ། ཏག་ཏག་ཁོང་གི་བསམ་བློ་འཁྱེར་སོ་འདི་དབང་གིས་ཁོས་རང་གི་རིག་གཞུང་རང་ཉིད་ལ་སྟོབས་ཤུགས་དང་རང་ཉིད་དོ་སྙོམ་སླར་གསོ་ཡོང་བའི་འབྱུང་ཁུངས་སུ་བརྩིས་པ་དང་། རྒྱུ་མཚན་དེ་ཡིས་ཁོང་བོད་པ་ཀློག་པ་པོ་དག་གི་ཁྲོད་སྙན་གྲགས་ཀྱང་རྒྱས་པ་རེད།

གཤམ་གྱི་ཚིག་རྐང་འདི་དག་གི་ནང་དུ་ཡི་དམ་ཚེ་རིང་གིས་རང་ཉིད་བོད་པ་ཞིག་ཡིན་པའི་གནས་བབ་གཞི་བཟུང་བ་ཙམ་མིན་པར་རྒྱ་ནག་གི་རིག་གཞུང་ལ་མཁྱེན་རྒྱ་ཆེན་པོ་ཡིན་པའང་བསྟན་ཡོད་དེ།

ང་ཚོའི་ལམ་དེ་དྲང་མིན་རྒྱང་དུ་བཀྱེད་
སྐབས་འགར་ཡང་ཡང་ཀྱག་ཀྱོག་ལམ་དུ་བསྐྱོད་པ་དགོས་
རྒྱ་མཚོ་ཆེན་པོ་སྙེག་པའི་གཙང་བོ་སྟོང་ཕྲག་ཁྲོད་
དོག་ཅིང་གྱ་གྱུ་ཅན་ནི་གཅིག་ཀྱང་མེད་

ང་ཚོའི་ལམ་དེ་འཁོད་ཀྱང་སྙོམ་པ་མིན་
སྐབས་འགར་དོག་ཅིང་མཁྲེགས་པའི་ལམ་གྱིས་རྐང་པར་ཟུག་རྔུ་འབྱིན་
གལ་སྲིད་མདུན་ལམ་རིང་མོ་མཐའ་བྲལ་ནམ་མཁའ་ལྟར་ལགས་ན་
ཨ་མས་ང་ཉིད་བཞེངས་པར་རྔུལ་ཁྲག་འདོན་དགོས་མེད་

བདེན་པར་འདུག་སྟེ་འུ་ཚོའི་བགྲོད་ལམ་སྟེང་
དཀའ་སྡུག་དང་ནི་ཁྲིམས་འཆལ་བཅས་གྱིས་འུ་ཚོ་སྡུག་ལ་སྦྱར་
འོན་ཀྱང་བཟོ་བའི་གཡོན་པའི་ལག་ཏུ་ཐོགས་པའི་ཐོ་བ་དེ་
གློ་བུར་རྐྱེན་གྱིས་ལག་པ་གཡས་ལ་ཕོག་

ད་ཆ་ང་ཉིད་བསམ་མེད་བུས་པ་མིན་
ང་ཡི་མདུན་དུ་རང་གི་རྐང་པ་ཚོར་མེད་བྱེད་པའི་དྲག་ཆར་མེད་པར་ཡིད་ཆེས་དཀའ་
ལྷ་མཚོའི་སྟེང་གི་འཁྱག་རོམ་ལྷུང་སོང་དུས་
ངང་པ་ཁྱུ་ཚོགས་སྙིང་གི་གླུ་དབྱངས་ལེན་

སྤྱི་ལོ་༡༩༨༡ལོར་བྲིས་པའི་སྙན་ངག་འདིའི་ནང་སྙན་ངག་པས་ཤོ་ལོ་ཀ་རྗེས་མ་གཉིས་ཀྱི་ནང་དུ་དུས་སྐབས་དེ་ཡི་གལ་ཆེ་བའི་འཕེལ་རྒྱས་གཉིས་ཀྱི་གོ་བརྡ་གཏོང་བ་དང་། སྤྱི་ལོ་༡༩༧༦ལོ་ཏག་ཏག་ལ་མཇུག་བསྒྲིལ་བའི་ལོ་ངོ་བཅུ་སྟེ་རིག་གནས་གསར་བརྗེ་ཡི་ཟིང་འཁྲིག་ཆེ་བའི་ལོ་ངོ་དེ་དག་ཐོག་མའི་ཤོ་ལོ་ཀ་གཉིས་ཀྱི་ནང་སྤྱི་ལོ་༡༩༧༦ལོ་ཡི་མོའོ་ཡི་འདས་དོན་དང་ལྷན་དུ་འགྲེལ་བརྗོད་བྱས་ཤིང་། རྒྱ་ནག་གི་འགོ་ཁྲིད་ཚོས་མི་དམངས་ལ་དམ་བསྒྲགས་བྱེད་པ་དེ་ག་ལེར་གློད་འགོ་ཚུགས་པ་དང་མི་བཞི་ཤོག་ཁག་སྟེ་མོའོ་ཡི་ནང་འཁོར་རྩ་མེད་དུ་བཏང་། ཐོ་བ་སྟེ་བཟོ་ལས་བ་ཁྱད་འཕགས་ཀྱིས་བརྡུངས་པའི་ལག་ཆ་དེ་ནི་མི་བཞི་ཤོག་ཁག་ཁོང་གི་ལག་གཡས་པ་ཡིན་པའི་སྐབས་ཀྱི་སྲིད་བྱུས་(སྙན་ངག་གི་ནང་དུ་བསྟན་པ་ལྟར་ཁོང་གི་ཆབ་སྲིད་རྗེས་འཛིན་པ་ཏིན་ཞོ་ཕིན་ལྟ་བུ་རེད།)རེད་ལ། བཟོ་ལས་པའི་ལག་གཡས་པས་མི་ནུས་ཀྱང་སྙན་ངག་པས་ད་དུང་འབྱུང་འགྱུར་མི་ཚེ་འཕེལ་རྒྱས་ལ་ཡིད་ཆེས་བྱེད་འདོད་མེད་པར་ཚོར་གྱིན་ཡོད་གདའ་ཞིང་། སྙན་ངག་པའི་ཕྱོགས་ཀྱི་དོགས་པ་འདི་ནི་རྒྱ་ནག་གིས་མོའོ་འདས་གྲོངས་སུ་ཕྱིན་ན་ཡང་ཆབ་སྲིད་ཀྱི་ལས་འགུལ་གྲངས་མེད་ཅིག་མ་རྫོགས་པར་གནས་པ་དེ་ཡིས་ཀྱང་རྟོགས་ཐུབ་པ་དང་། བཅོས་བསྒྱུར་གྱི་ཚད་ངེས་མེད་དུ་ལྷག་སྟེ་མཐའ་མཇུག་ཆབ་སྲིད་ཀྱི་ལས་འགུལ་རྗེས་མས་རྒྱལ་ཁབ་གཙང་ཕྱག་བྱེད་ཚད་བར་དུ་གནས་པ་རེད། དགའ་འོས་པ་ཞིག་ལ་ཚིག་རྐང་རྗེས་མ་གཉིས་དོན་གྲུབ་རྒྱལ་གྱི་ཨ་མདོའི་མཚོ་ཀོ་ཀོ་ནོར་ལ་བསྟོད་པའི་གླུ་དབྱངས་གྲགས་ཅན་མ་གཅོད་པ་ཐར་གྱིས་དབྱངས་བརྩམས་པའི་མཚོ་སྔོན་པོ་ཡི་གླུ་ཚིག་དང་གཅིག་མཚུངས་རེད་འདུག

སྤྱི་ལོ་༡༩༧༠ནང་གི་ཡི་དམ་ཚེ་རིང་གི་སྙན་ངག་གིས་རང་བྱུང་ཁམས་ཉིད་གཟུགས་སུ་བཀོད་ཅིང་ཁེར་རྐྱང་དང་བརྩེ་དུང་ལྟ་བུ་འཇིག་རྟེན་ཡོངས་ཁྱབ་ཀྱི་བརྗོད་སྙིང་ལ་མནོ་བསམ་བྱས་པ་དང་། སྙན་ངག་པས་སླད་མེད་པའི་མཛེས་དཔྱོད་ཀྱི་ཁམས་སུ་གཏུགས་ཤིང་། ཁོས་གངས་རི་ཞིག་གམ། གཙང་བོ་ཞིག་གམ། ཁེར་རྐྱང་ཞིག་གམ། ཡངས་བའི་རྩྭ་ཐང་སྟེང་གི་ནོར་ཁྱུ་ཞིག་གི་གླུ་སྒྲ་གྱེར་ཡོད་ལ། སྙན་ངག་འདི་དག་གི་གདངས་དང་འགྱུར་ཁུག་ཀྱང་འཇམ་པ་ཉིད་དང་། བོད་ཀྱི་ཡུལ་ལྗོངས་ཞིབ་གསལ་གྱིས་མཚོན་པར་བྱེད་པ་ཞིག་གོ་རྒྱུ་ཡོད་པར་བྱས་ཡོད་ལ། སྙན་ངག་པ་འགའ་ཤས་ཀྱི་བརྩམས་ཆོས་ནི་ད་དུང་ཟློག་ཏུ་མེད་པར་ཆབ་སྲིད་ཀྱི་ཡང་དག་པའི་ལྟ་ཚུལ་ཁག་གསལ་འདོན་དང་དམར་ཤོག་ཚོགས་པ་སྤྱི་མཐུན་དུ་སྒྲུབ་པ་རྒྱུན་འཁྱོང་བྱས་ཡོད། གང་ལྟར་ཡང་རིག་གནས་གསར་བརྗེའི་སྔོན་ལ་བྲིས་པའི་སྙན་ངག་གཅིག་གིས་མི་སྒེར་གྱི་འཆར་སྒོ་མངོན་མཚོན་བྱེད་པ་འགྲན་ཟླ་བྲལ་བ་ཞིག་བྱུང་ཡོད་དེ།

མཚོ་རུ་འཐིམ་པའི་རྡེའུ་ནག་དཀར་པོར་བཀྲུ་ཐུབ་དཀའ་
ཉི་འོད་འོག་གི་རྡེའུ་དཀར་དེའང་ནག་པོར་བསྒྱུར་བ་དཀའ་
རྡེའུ་ནག་རྡེའུ་དཀར་ཐལ་བར་བསྲེགས་ཀྱང་རུང་
ཆར་གྱིས་དེ་ཡང་རྣམ་པར་འབྱེད་ནུས་ལ་
བདེན་པ་གང་ཡིན་རྫུན་དུ་བསྒྱུར་ནུས་མིན་
རྫུན་དེ་གང་ཡིན་བདེན་པར་བསྒྱུར་ནུས་མིན་
དོན་དམ་གནས་ལུགས་འདི་ནི་རྟོགས་པར་མི་དཀའ་འོ།།

ཚིག་རྐང་བདུན་པོ་འདི་ནི་སྤྱི་ལོ་༡༩༦༣ལོར་བྲིས་པའི་སྙན་ངག་ཚན་པ་སུམ་ཅུ་ཡི་ཆ་ཤས་ཤིག་རེད། སྙན་ངག་པས་ཞབས་མཆན་གྱི་ནང་དུ་སྙན་ངག་ཧྲིལ་བོ་རིག་གནས་གསར་བརྗེ་ཡི་སྐབས་སུ་མེར་བསྲེགས་ཡོད་པ་དང་ཁོང་གི་དྲན་པར་དེ་ཡི་དུམ་མཚམས་ཤིག་མ་གཏོགས་མི་འདུག་ཅེས་གསལ་བཤད་བྱས་འདུག་ལ། སྙན་ངག་འདིའི་ནང་སྤྱི་ལོ་༡༩༦༠སྟོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་དག་གི་གནས་བབ་དེ་མེ་ཏོག་མཉམ་བཞད་(༡༩༥༦-༥༧)ཀྱི་ལས་འགུལ་ལྟ་བུ་དང་གཡས་ཕྱོགས་པའི་ངོ་ལོག་ལས་འགུལ་གྱི་རྗེས་འབྲས་སུ་མི་དམངས་རྣམས་ལ་རྨོང་སེལ་གྱི་འདུ་ཤེས་ཤིག་ལྷག་པར་བྱས་པ་བཅས་དཔེ་ཟླ་བྲལ་བ་ཞིག་ཁ་གསལ་གཏིང་གསལ་དུ་བཏང་འདུག་ཅིང་། དམར་ཤོག་ཚོགས་པས་རྩོམ་རིག་ལོག་སྤྱོད་ཀྱིས་དབང་བསྒྱུར་ཤེད་བཙོང་བྱས་པས་རྩོམ་པ་པོ་དང་སྙན་ངག་པ་དག་རྩོམ་རིག་གི་ལྗོངས་རྣམ་སྟེང་གྲུང་ཤ་དོད་པོར་ཚོར་དུ་བཅུག་པ་རེད།

སྤྱི་ལོ་༡༩༨༠ཚུན་ལ་ཡི་དམ་ཚེ་རིང་གིས་བརྩམས་པའི་སྙན་ངག་གི་ནང་དོན་དང་རྣམ་པ་གཉིས་ཐད་ནས་འཕོ་འགྱུར་སོང་ཡོད་པ་མངོན་གསལ་ཡིན། རྒྱ་ནག་རྒྱལ་ཡོངས་སྒོ་འབྱེད་བྱས་པའི་དུས་ཚོད་མངོན་གྱུར་བྱུང་བ་དང་མཉམ་དུ་རྩོམ་པ་པོ་དང་སྙན་ངག་པ་རྣམ་ཚད་བཀག་གི་རྣམ་པ་དེ་ལས་ཐར་ཏེ་ཁོང་ཚོའི་རྩོམ་འབྲིའི་རང་དབང་བསྐྱར་དུ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་སྙན་ངག་འཕོ་འགྱུར་གྱི་ཆ་ཤས་ལྟ་བུར་ཡི་དམ་ཚེ་རིང་གི་སྙན་ངག་ཀྱང་འཚོ་བ་དང་ཐག་ཉེ་རུ་སོང་བ་དང་། ཁོས་རང་ཉིད་སྙན་ངག་པ་ཞིག་ཏུ་མཐོང་ཆེད་དང་རང་ཉིད་ཀྱི་མངོན་འདོད་ཁོ་ནའི་ཆེད་དུ་སྙན་ངག་འབྲི་རྒྱུ་མིན་པར་སྙན་ངག་པ་ཞིག་ཡིན་ཕྱིན་སྤྱི་ཚོགས་ཀྱི་ཚོར་འདུ་དང་ལྷན་དུ་བསྐྱོད་དགོས་སྙམ་པ་དང་། ཁོང་གིས་རང་གི་མི་དམངས་ལ་སེམས་འཁུར་བྱས་པ་ནི་ཁོང་གི་བརྩམས་ཆོས་མང་པོ་ལས་མཐོང་བཏུབ། བོད་ནང་འབྲི་ཀློག་གི་ཤེས་ཚད་ཁྱབ་ཆེ་རུ་སོང་བ་དང་རྒྱ་ཡིག་ཀློག་ཐུབ་མཁན་གྱི་གྲངས་མང་དུ་སོང་བ་དང་ལྷན་དུ་ཁོས་མཐའ་མཇུག་བོད་པ་ཀློག་པ་པོ་དག་གི་ཆེད་དུའང་སྙན་ངག་བརྩམས་གནང་ཡོད་ལ། སྙན་ངག་ལམ་ཞེས་པ་ནི་མི་རིགས་རིང་ལུགས་ཀྱི་འདུ་ཤེས་ཤུགས་དྲག་ཅན་ཞིག་ཡིན་ལ་བོད་པ་གཞོན་སྐྱེས་མི་རབས་དག་གི་ཁྲོད་དུ་གྲགས་ཆེ་བ་ཞིག་ཡིན་ཏེ།

བདེ་ལམ་མགྱོགས་འགྲོའི་བང་རྩལ་རླུང་གིས་ང་ཡི་མིག་ལ་མཚར་སྣང་སྦྱིན།།
བྱེ་ཐང་རྔ་མོའི་སྒལ་ཚིགས་ཁུར་པོར་སྨོན་སེམས་ཡིད་ཀྱི་མཚོ་མོ་བརྡོལ།།
འོན་ཏེ་མཁའ་དབྱིངས་གླག་མོ་བགྲོད་དཀའི་གཡང་གཟར་གངས་ཀྱི་སྟེང་ཕྱོགས་སུ།།
ལྗགས་རིང་སྣར་བའི་གཡག་སྐྱོད་མཐོང་ཚེ་རྒྱ་སྟག་ཁྲ་བོའི་ངར་ལ་བལྟ།།

བརྩོན་འགྲུས་ལྡན་པའི་ཞབས་ཟུང་གནས་སུ་མི་སླེབས་བཤུལ་ལམ་ཡོད་མ་ཡིན།།

སྐུ་ཉིད་ཆུ་རྐྱལ་ནུས་པ་ཙམ་ལ་འུད་ཤོད་སྟོང་སྒྲ་མ་ལྡིར་ཅིག།

བདག་གི་མེས་པོའི་མགུལ་རྒྱན་རིན་ཆེན་རྒྱ་མཚོའི་གཏིང་གི་བྱུ་རུ་ཡིན།།(སྙན་ངག་འདི་ཧྲིལ་བོ་བཀྲ་ཤིས་ཚེ་རིང་གིས་བསྒྱུར་བའི་ཁ་བའི་ལྗོངས་ལས་དྲངས། སྒྱུར་པོ་པོའི་མཆན།)ངས་སྙན་ངག་འདིའི་སྐོར་ལ་སྐད་ཆ་དྲིས་པའི་བོད་པ་མང་ཆེ་ཤོས་ཀྱིས་འདི་ནི་རྒྱ་ནག་ལ་ལན་འདེབས་ཤིག་ཡིན་པའི་འགྲེལ་བརྗོད་བྱས་སོང་ལ། འགའ་ཤས་ཀྱིས་བཀླགས་རྗེས་སྤོབས་པའི་ཚོར་བ་ཤུགས་དྲག་ཏུ་སྟེར་ཟེར་བ་དང་། ཁོང་ཚོས་སྙན་ངག་པའི་མི་འདོད་པའི་རྣམ་འགྱུར་ཤུགས་དྲག་གི་བརྟན་བརླིོང་རང་བཞིན་ལ་ཡི་རངས་དང་ཁོང་གི་འཇིགས་སྣང་དང་ཞེ་སྡང་གི་ང་རོ་ཚོར་ཡོད་འདུག་ཅིང་། སྐབས་འདིར་གཡག་གིས་བོད་མི་དམངས་མཚོན་པར་བྱས་ཤིང་། གཏིང་ཟབ་ཅིང་གུ་དོག་པའི་གནས་ཡུལ་ཞིག་ལས་ཕྱིར་ཐོན་ཏེ་རྒྱུད་འཛིན་གྱི་རྙི་རུ་ཚུད་ཀྱང་ཟུངས་ཤུགས་ཀྱིས་ཁེངས་པའི་སྲོག་ཆགས་ཤིག་ལྟར་འབྲི་བཞེངས་བྱས་པ་དང་། འདི་ལྟར་སྙན་ངག་པས་ཁོང་གི་མི་རིགས་དང་འཐབ་རྩོད་རྒྱུན་འཁྱོང་བྱེད་མཁན་གྱི་མི་རྣམས་ལ་བཅིངས་པའི་ཡིད་ཆེས་ཕྱིར་མཚོན་བྱས་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*