ཕོ་མོ་འདྲ་མཉམ་མེད་པའི་སྲིད་ཇུས་ཀྱི་དཀའ་ངལ་སེལ་ཐབས་ཤིག(ཕྱི་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་བསྟན་འཛིན་དཔལ་སྐྱིད་དང་བསྟན་འཛིན་བདེ་སྐྱིད།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཉེ་བའི་ཆར་བོད་ཀྱི་ཆེས་མཐའ་འཁོབ་ཀྱི་གཞིས་ཆགས་བསྟན་འཛིན་སྒང་དུ། རྒྱུད་སྐུལ་བྱེད་མཁན་གཙོ་བོ་བུད་མེད་ཀུན་བཟང་གཙོས་བའི་མི་བདུན་གྱིས་ཀུན་བཟང་གི་ཁྱོ་ག་དང་འབྲེལ་བ་ཡོད་པའི་བུད་མེད་ཅིག་གཅེར་བུར་ཕུད་དེ། ཁྱིམ་ནས་ཕྱི་ལ་དྲུད་པ་དང་། ལུས་ཡོངས་གཅར་རྡུང་བྱས། ངོ་གདོང་ལ་སྣག་ཚ་བྱུགས། ད་དུང་ཇེམ་ཙེས་སྣ་གཅོད་ཐབས་བྱས།བོད་མིའི་སྒྲིག་འཛུགས་ཀྱིས་དོན་རྐྱེན་འདི་ལྷིང་འཇགས་བཟོ་བར་ལག་པ་བསྲིངས་ཏེ།ཡ་མཚན་སྐྱེ་དགོས་པའི་ཐག་གཅོད་འདི་འདྲ་ཞིག་བྱས་ཡོད། ཀུན་བཟང་གིས་ས་གནས་དགོན་པར་ཧིན་སྒོར་༣༠༠༠༠་ཕུལ་དགོས་པ་དང་། ནག་ཉེས་ཅན་གཞན་ཁོ་མོའི་ཇོ་ཇོས་ཉེས་ཆད་ཧིན་སྒོར་༥༠༠༠་འཇལ་དགོས་བའི་ཐག་གཅོད་བྱས། ཁོ་མོའི་ཇོ་ཇོ་ནི་ས་འཐུས་ཞིག་རེད།ཁོང་ས་འཐུས་ནས་ཕྱིར་འབུད་མ་བྱས་པར། གནས་སྐབས་གནས་དབྱུང་གཏོང་རྒྱུ་བྱས་འདུགཀུན་བཟང་དང་ཁོ་མོར་ངན་པ་ལག་འབྲེལ་བྱེད་མཁན་ཚོས་བུད་མེད་དེར་ཅི་བྱས་ཆག་སྒོ་ཞིག་ཡིན་ཡང་། ང་ཚོས་ཐག་གཅོད་ཅི་བྱས་ཁྱད་གསོད་རེད། ཆུང་ས་ནས་ཁོ་མོའི་ས་གནས་སྤྱི་ཚོགས་དང་། ཆེ་ས་ནས་བོད་ཀྱི་སྤྱི་ཚོགས། ང་ཚོའི་གཞུང་དང་དཔོན་རིགས་ཚོ། ང་ཚོའི་མི་དམངས། ཐ་ན་ང་ཚོ་ཡོད་ཚད་ཀྱིས་ཁོ་མོ་ཕམ་བཅུག་པ་རེད། སྐྱོན་བརྗོད་བྱེད་མི་འོས་བའི་ཚོགས་སྡེ་གཅིག་པུ་ནི། བོད་ཀྱི་བུད་མེད་ལྷན་ཚོགས་རེད། ཁོང་ཚོའི་མགྱོགས་མྱུར་ལྡན་ཞིང་སེམས་ཁུར་བྱས་བའི་ཡ་ལན་ལ་བསྟོད་བསྔགས་བྱེད་འོས། ང་ཚོའི་སྤྱི་ཚོགས་ཀྱིས་གནད་དོན་འདི་ནང་ཁུལ་འདུམ་སྒྲིག་ལས་གནས་སྡོད་རྒྱལ་ཁྱབ་ཀྱི་ཁྲིམས་ཁར་མ་བསྐྱལ་བས། གཅར་རྡུང་ཐེབས་པའི་བུད་མེད་འདི་འདྲའི་རིགས་ཕམ་བཅུག་ཡོད། གནོད་ཐེབས་མི་སྣ་སྲུང་སྐྱོང་བྱེད་རྒྱུའི་ཚབ་ཏུ་ཉེས་ཅན་པ་སྲུང་སྐྱོང་བྱས་ཡོད། འདི་ནི་ལག་ལེན་ལྡན་པའི་ཁེ་དབང་རྡོག་རོལ་དང་ལམ་ལུགས་ཀྱི་ནོར་འཕྱུག་མིན་ནམ་ཅི་ཡིན།

བུད་མེད་ཀྱི་ནུས་སྟོབས་གོང་མཐོར་གཏོང་བའི་སྲིད་ཇུས།

༢༠༠༦་ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བུད་མེད་ཀྱི་ནུས་སྟོབས་གོང་མཐོར་གཏོང་བའི་སྡེ་ཚན་ཞིག་གསར་འཛུགས་བྱས་ཏེ། ཕོ་མོ་འདྲ་མཉམ་གྱི་གནད་དོན་དེ་གཞུང་གི་སྲིད་ཇུས་ཀྱི་ནང་དུ་བཅུག་པ་ནི། གནད་དོན་འདིའི་ཐད་ནས་མི་རིགས་ཤིག་གཉིད་ལས་སད་པའི་རྟགས་བསྟན་པ་རེད། བོད་ཀྱི་ལོ་རྒྱུས་ནང་ཆེས་ཐོག་མའི་བུད་མེད་ནུས་སྟོབས་གོང་མཐོར་གཏོང་བའི་སྲིད་ཇུས་ཡི་གེར་ཕབ་པར། ཟམ་གདོང་རིན་པོ་ཆེས་སྣེ་ཁྲིད་པའི་བཀའ་ཤག་ལ་བསྟོད་པའི་མཐེ་བོ་བསྒྲེངས་འོས། སྟབས་མ་ལེགས་པ་ཞིག་ལ། ༢༠༠༨་ལོའི་ཕྱི་ཟླ་༡༠་བའི་ཚེས་༡༤་ཉིན་ཡིག་ཐོག་ཏུ་ཕབ་པའི་སྲིད་ཇུས་ཏེ་འདི་འདྲའི་བློ་ངོར་མི་ཤོང་བའི་ཚིག་གིས་མགོ་བཙུགས་འདུག། ”བོད་དུ་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་། བོད་ཀྱི་ལོ་རྒྱུས་ཡོངས་རྫོགས་ཀྱི་ནང་དུ། ཕོ་མོ་འདྲ་མཉམ་མེད་པ་དང་། ཕོ་མཆོག་མོ་དམན་གྱི་བཙན་གནོན་བཤུ་གཞོག་གི་དཀའ་ངལ་འཕྲད་མྱོང་མེད། ” གནད་དོན་འདིར་བསམ་གཞིགས་བྱས་ཚེ། བོད་བཙན་པོའི་དུས་ནས་ལོ་ངོ་བཞི་བརྒྱའི་རིང་གི་དགའ་ལྡན་ཕོ་བྲང་སྲིད་དབང་། ༡༩༥༩་ལོར་བོད་གཞུང་བཙན་གནོན་བྱས་པའི་བར་དུ། གནས་རིམ་མཐོ་དམན་གང་དུའང་བུད་མེད་ཅིག་གིས་སྲིད་བསྐྱངས་བའི་ལོ་རྒྱུས་མེད། བརྗོད་དོན་འདི་ནི། བོད་ཀྱི་བུད་མེད་ཚོའི་ནུས་པ་གོང་མཐོར་དང་འདྲ་མཉམ་གཏོང་བར་དམིགས་པའི་ཡིག་ཆ་ཞིག་ལ་མཚོན་ན། བཀྲ་ཤིས་བའི་སྒོ་མོ་ཕྱེ་སྟངས་ཤིག་མ་རེད། སྲིད་ཇུས་དེར་དོན་ཚན་བརྒྱད་ཡོད་པའི་ནང་གི་ཆེས་གནད་ལ་འཁེལ་བའི་དོན་ཚན་གཉིས་ནི། དོན་ཚན་དང་པོ། བོད་མིའི་སྒྲིག་འཛུགས་ཀྱིས་ད་ལྟ་བརྩོན་པ་བསྐྱེད་མུས་ལྟར་བཙུན་མའི་དགེ་བཤེས་ཀྱི་མཚན་མཐོང་བཞེས་ཐུབ་པར་འབད་དགོས། དོན་ཚན་གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱིས་ནུས་པ་ཡོད་རྒུ་རྩལ་སྤྲུགས་ཀྱིས་བུད་མེད་གང་མང་ཞིག་བོད་པའི་གཞིས་ཆགས་ཁག་གི་གཞིས་མགོར་བསྐོ་ཐུབ་པར་སྐུལ་མ་བྱེད་དགོས། དོན་ཚན་འདི་གཉིས་ནི་གལ་འགངས་ཆེན་པོ་ཡིན་པས། ང་ཚོས་བོད་མིའི་སྒྲིག་འཛུགས་ཁ་དན་ཚིག་ལ་གནས་བའི་རེ་བ་བྱེད་ཀྱི་ཡོད།

རྩོད་རྙོག་ཅན་གྱི་དོན་ཚན་གཉིས་ཡོད་པ་ནི། དོན་ཚན་ལྔ་བ། བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་སྲིད་བྱུས་ནང་དུ་གསལ་བ་བཞིན།བུད་མེད་རྣམས་དམའ་རིམ་སློབ་གྲྭའི་དགེ་རྒན་དུ་བསྐོ་བར་འདམ་ཀ་ཆེ་བ་སྤྲོད་པའི་ཐབས་ཤེས་བྱེད་དགོས། དོན་ཚན་དྲུག་པ། བུད་མེད་རྣམས་ཨ་མ་ཡག་པོ་ཞིག་ཆགས་པར་ཟབ་སྦྱོང་སྤྲོད་དགོས། སྔ་ས་ནས་དམའ་རིམ་སློབ་གྲྭའི་དགེ་རྒན་རྣམས་ནི་བུད་མེད་ཡིན་པས་དེ་དོན་བྱེད་ཐུབ་ངེས་ཤིག་རེད། གལ་སྲིད། དོན་ཚན་ལྔ་བའི་ནང་དུ་བཀོད་པའི་དམིགས་པ་འཛིན་ས་དེར་བུད་མེད་ཀྱིས་འདང་གི་མེད་ན་དོན་སྙིང་ཆེས་ཆེར་ལྡན། དཔེར་ན། ང་ཚོས་གོང་དུ་བརྗོད་པ་ལྟར། ༢༠༠༩་ལོའི་གནས་བབས གཞིར་བཞག་ན། བོད་མིའི་སྒྲིག་འཛུགས་ཀྱི་ཐག་གཅོད་དབང་ཆ་ལྡན་པའི་གོ་ས་ཡོད་པའི་བུད་མེད་ཀྱི་གྲངས་ཀས་བརྒྱ་ཆ་༣་མ་གཏོགས་ཟིན་གྱི་མི་འདུག ཐག་གཅོད་ཀྱི་དབང་ཆ་ལྡན་པའི་ལས་ཁུངས་ཁག་གི་ནང་དུ་བུད་མེད་ཀྱི་གྲངས་ཀ་སྤར་ཐབས་བྱེད་པ་ནི་དགའ་བསུ་ཞུ་འོས་བ་ཞིག་རེད། དེའི་ཁར་བུད་མེད་རྣམས་ཨ་མ་ཡག་པོ་ཞིག་ཆགས་ཆེད་ཟབ་སྦྱོང་སྤྲོད་དགོས་ཞེས་པ་ནི། རྐང་བཙུགས་ཏེ་དབྱེ་བ་བཀར་བ་ཞིག་མིན་ཡང་། དེས་ལས་རིགས་གཞན་ཁག་གི་ནང་དུ་བུད་མེད་ཀྱི་ནུས་པ་སླེབས་པར་སྣང་མེད་བྱས་ཡོད། བུད་མེད་རྣམས་ཨ་མ་ཡག་པོ་དང་འཇོན་ནུས་ལྡན་པ་ཞིག་ཡོང་བར། ཁོང་ཚོའི་ཁྱོ་བོ་ཚོས་ཀྱང་བུ་ཕྲུག་སྐྱོང་གཉོར་དང་ནང་ལས་ཀྱི་ཐད་ནས་འདྲ་མཉམ་གྱི་འགན་ཞིག་ཁུར་དགོས་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཨ་ཕ་ཡག་པོ་ཞིག་ཆགས་པའི་ཟབ་སྦྱོང་ཞིག་སྤྲོད་དགོས་པར་ཨ་མ་མང་པོ་ཞིག་གིས་ཡིད་ཆེས་བྱེད་ཀྱི་རེད། བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཚན་ཁག་གིས་འདས་བའི་ལོ་ངོ་ཁ་ཤས་ནང་གལ་གནད་ཆེ་བའི་གོམ་སྟབས་སྤོས་སོང་། ཚན་ཁག་དེས་༢༠༡༠་ལོར་བཀོད་སྒྲིག་ཞུས་བའི་ཆེད་དོན་བགྲོ་གླེང་གཞིར་བཟུང་བུད་མེད་ནུས་སྟོབས་གོང་འཕེལ་གྱི་ལས་འཆར་ལག་དེབ་ཅིག་པར་བསྐྲུན་བྱས། ད་ལྟའི་བར་དུ་ལས་འཆར་ལག་དེབ་དེ་སྤྱི་ཚོགས་ནང་དུ་བཀྲམས་མེད་ཀྱང་། ང་ཚོས་བུད་མེད་ནུས་སྟོབས་གོང་འཕེལ་ཚན་ཁག་གིས་ལས་དོན་འདི་འདྲའི་རིགས་མང་པོ་གནང་དགོས་རེད་སྙམ་གྱི་ཡོད།༢༠༡༡་ལོར་བུད་མེད་ནུས་སྟོབས་གོང་འཕེལ་ཚན་ཁག་གིས་བཙན་བྱོལ་བོད་ཀྱི་བུད་མེད་ཚོའི་འཚོ་བར་སྤུས་ཚད་ཀྱི་ཉམས་ཞིབ་དང་། ཁོང་ཚོའི་དགོས་མཁོ་དང་དཀའ་ངལ་དག་ངོས་འཛིན་བྱེད་ཆེད་ཉམས་ཞིབ་པ་བསྐོས་ཡོད། ཉམས་ཞིབ་ཀྱི་རྙེད་དོན་ཁག་”ད་ལྟའི་རྒྱ་གར་ནང་གི་བོད་ཀྱི་བུད་མེད་ཚོའི་གནས་བབས”་ཞེས་པའི་མགོ་བརྗོད་འོག་སྙན་ཐོ་གདོན་རྒྱུ་རེད། སྙན་ཐོ་མི་འགྱངས་བར་ཕྱི་ལ་ཐོན་གྱི་རེད། སྙན་ཐོ་འདིས་ང་ཚོའི་སྤྱི་ཚོགས་ནང་དུ་ཕོ་མོ་འདྲ་མཉམ་མིན་པའི་དཀའ་རྙོག་མེད་དགོངས་བའི་ཐོག་མའི་ལྟ་སྟངས་ཀྱི་རྫུན་རྐུབ་བརྟོལ་བའི་གདེང་ཚོད་ཡོད། བུད་མེད་ནུས་སྟོབས་གོང་འཕེལ་གྱི་སྲིད་ཇུས་ལྟ་སྟངས་འདི་གཞིར་བཞག་ནས་བྲིས་ཡོད་ཚོད་འདུག་ཀྱང་། དོན་དངོས་ཐོག་འདིེས་བོད་ཀྱི་བུད་མེད་ཚོར་འཕྲད་བཞིན་པའི་ཆ་ཤས་ཤིག་གསལ་སྟོན་བྱས་ཡོད།

ཉམས་ཞིབ་ཀྱི་རྙེད་དོན་དག་གིས་སྲིད་ཇུས་ལ་གལ་འགངས་ཅན་གྱི་བསྐྱར་ཞིབ་དགོས་བའི་སྐུལ་མ་གཏོང་རེ་བྱེད་ཀྱི་ཡོད། མ་ཟད་སྲིད་སྐྱོང་བློ་བཟང་སེང་གེས་སྣེ་ཁྲིད་པའི་བཀའ་ཤག་གིས་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་སྡེ་ཁག་ཡར་རྒྱས་བཏང་སྟེ། ད་ལྟའི་དུས་ཀྱི་དགོས་མཁོ་དང་མཐུན་པ་ཞིག་བཟོ་བའི་རེ་བ་བྱེད་ཀྱི་ཡོད། སྡེ་ཁག་འདིར་ལས་བྱེད་གཅིག་དང་སྲིད་ཇུས་གཉོམ་པོ་ཁོ་ན་ཞིག་ཡོད་པ་ལས་བཙན་བྱོལ་སྤྱི་ཚོགས་ནང་གི་ཕོ་མོ་འདྲ་མཉམ་མེད་པའི་སྟོང་ཆ་དེ་སྐོང་མི་ཐུབ། ད་དུང་། ང་ཚོས་ཤེས་འདོད་ཆེ་བའི་གནད་དོན་ཞིག་ནི། ཅིའི་ཕྱིར་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ཚན་ཁག་ཏེ་དཔལ་འབྱོར་ལྷན་ཁང་འཛིན་སྐྱོང་འོག་བཞག་པ་རེད། ནང་སྲིད་ལྷན་ཁང་གིས་གཞིས་ཆགས་ཁག་གི་ལས་ཁུངས་རྣམས་ལ་ལྟ་རྟོག་བྱེད་ཀྱི་ཡོད་པས། སྡེ་ཚན་འདི་ནང་སྲིད་ཀྱི་ཁྱབ་ཁོངས་སུ་བཞག་ན། སྡེ་ཚན་འདིས་གཞིས་ཆགས་ཁག་ཏུ་ལས་འཆར་འདྲ་མིན་འདིང་བར་རོགས་ཕན་ཆེན་པོ་ཡོང་གི་མ་རེད་དམ། སྤྱི་ཚོགས་དང་སྒྲིག་འཛུགས་ནང་དུ་ཕོ་མོ་འདྲ་མཉམ་མིན་པའི་གནད་འགག་སེལ་བ་དང་། ཕོ་མོ་ཀུན་གྱིས་ང་ཚོའི་རེ་བ་དང་འགན་འཁུར་ཤེས་བར་ཕན་ཐོགས་ཡོང་ཆེད་ཆ་འཇོག་བྱེད་འོས་བའི་བུད་མེད་ནུས་སྟོབས་གོང་འཕེལ་གྱི་སྲིད་ཇུས་ཤིག་དགོས་རྒྱུ་གལ་ཆེན་རེད།ང་ཚོའི་སྤྱི་ཚོགས་དང་རྩ་དོན་ལ་མི་སེར་ཡོངས་ཀྱི་ནུས་པ་དང་ཆོད་སེམས་ཤིན་ཏུ་མཁོ། བསྐྱར་གསོ་བྱས་པའི་ནུས་བ་དང་རེ་བཟང་ཕུགས་བཅོལ་གྱི་སེམས་པའི་འཁྱེར་སོ་ཞིག་ལ་བརྟེན་ནས། བུད་མེད་གྲངས་ཀ་ལྡབ་གཉིས་ཀྱིས་དམའ་འབྲིང་སློབ་གྲྭའི་དགེ་རྒན་གྱི་ལས་ཀ་ཙམ་མིན་པར། སྤྱི་འཐུས། ལྷན་ཁང་ཁག་གི་དྲུང་ཆེ། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ། ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་དབུ་ཁྲིད་བཅས་ཀྱི་གོ་སར་སླེབས་ཐུབ། བོད་ཀྱི་བུད་མེད་ཚོས་རང་གི་རྨི་ལམ་ཆུང་མི་ཉན་པ་དང་། འགན་འཁུར་ལྕི་མི་ཉན་པ་ཧ་གོ་འགོ་ཚུགས་ཡོད། ང་ཚོས་གནམ་ལ་ལག་པས་རྩེབས་དུས་ལྕམ་ཁེབས་ལ་སླེབས་དགོས་དོན་མེད།

རྫོགས།

(བསྟན་འཛིན་དཔལ་སྐྱིད་ཀྱིས་དེ་སྔོན་རྡ་ས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཉམས་ཞིབ་ལས་བྱེད་ཀྱི་འགན་འཁུར་མྱོང་ཡོད། ད་སྐབས་ཨ་རིའི་དམངས་གཙོ་ཐེབས་རྩ་ཁང་དུ་ལས་འཆར་འགན་འཛིན་གྱི་ཕྱག་རོགས་གནང་མུས་སུ་ཡོད། བསྟན་འཛིན་བདེ་སྐྱེད་ཀྱིས་ནེའུ་ཡོག་བོད་ཀྱི་དོན་གཅོད་ཁང་དུ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་དམིགས་བསལ་ཕྱག་རོགས་པའི་ལས་ཀ་གཉེར་མྱོང་བ་དང་། ད་ཆ་ཨ་རིའི་ཀོ་ལིམ་བྷི་ཡའི་གཙུག་ལག་སློབ་གྲྭའི་སྒྱུ་རྩལ་སློབ་དཔོན་གྱི་འོས་མི་ཞིག་ཡིན།)


རྩོམ་འདིའི་ནང་མཆན་ 6 བཀོད་འདུག

6 Responses to ཕོ་མོ་འདྲ་མཉམ་མེད་པའི་སྲིད་ཇུས་ཀྱི་དཀའ་ངལ་སེལ་ཐབས་ཤིག(ཕྱི་མ)

  1. ཀླུ་སྨྱོན་ ནས།

    བོད་ཀྱི་བུད་མེད་ལེ་ལོ་ཅན་ཚོར་ཨ་རིའི་བུད་མེད་འོན་ལོང་གྲགས་ཅན་ཧེ་ལེན་ཁེ་ལེར་གྱི་མི་ཚེའི་གཏམ་རྒྱུད་ངོ་སྤྲོད་བྱེད་དགོས།

  2. སྦྲ་རིགས་ཐོགས་མེད་ ནས།

    མི་རིང་བར་ཀུན་བཟང་སྒྲོལ་རྡ་སར་ཡོང་རྒྱུ་རེད། མོ་ལ་བཙན་གཡེམ་བྱེད་མཁན་ཕོ་སར་གཉིས་ད་དུང་རྡ་སར་བསྡད་འདུག་ཟེར། ད་དུང་ཁོ་ཚོས་བཤད་ན་མོ་ནི་སྐབས་དེའི་གསོག་སྒར་སློབ་གླིང་གི་འདོད་ཆགས་ཆེ་ཤོས་ཀྱི་བུད་མེད་ཅིག་རེད་ཟེར། ཕོ་གསར་མང་བོ་དང་འགྲོགས་མྱོང་བར་བཤད། ད་དངོས་གནས་བསྟན་མོ་མང་བོ་མཐོང་རྒྱུ་རེད་ཡ་་་་་་་་་་་

  3. དཀར་སྲས་ ནས།

    ད་སྐབས་ཀྱི་གྲྭ་པ་དང་གྲྭ་ལོག་གི་མཚམས་ན་གནས་པ་འདི་ཚོ་བོད་ཀྱི་བུད་མེད་ལེ་ལོ་ཅན་ཚོའི་དོན་དུ་འཆི་མི་ཐུབ་པ་འདི་ཅི་ཡིན་ནམ

  4. ཕོ་མོ་འདྲ་མཉམ་གྱི་སྐད་ཆ་བཤད་པ་དང་མཉམ་དུ། ཕོའི་བྱ་བ་མཛད་ཚུལ་དང་མོའི་བྱ་བ་མཛད་ཚུལ་ཐ་དད་དུ་ཡོད་པ་ངེས་པར་ཤེས་དགོས། སྤྱིར་འཛམ་གླིང་འདིའི་ནང་ཕོ་མོ་འདྲ་མཉམ་ཞིག་ཡོང་ཐུབ་བམ་ཞེ་ན་དེ་ནི་རང་རང་ཚེ་སྔོན་ལས་ཀྱི་ཐག་བཅད་པའི་ལམ་ཞིག་ཡིན་པས་འདྲ་མཉམ་ཡོངས་ཐབས་མེད། འདྲ་མཉམ་མེད་ཙང་འདྲ་མཉམ་ཡོང་རེ་བྱས་པ་འདི་ཡང་དངོས་ཡོད་ཞིག་རེད།

  5. ཐེ་བོ་ཤེས་རབ་རྒྱ་མཚོ་ ནས།

    སྐར་ཁུང་རྩོམ་སྒྲིག་པ་ལགས། རྩོམ་ཡིག་འདི་བོད་ནང་བརྒྱུད་བསྐུར་གནང་ཆོག་པ་ཞུ

  6. སྐར་ཁུང་རྩོམ་སྒྲིག་པ་ ནས།

    ཐེ་བོ་ཤེས་རབ་རྒྱ་མཚོ་ལགས།

    དེ་ལྟར་གནང་རོགས།

    སྐར་ཁུང་རྩོམ་སྒྲིག་པས།

Write a Reply or Comment

Your email address will not be published. Required fields are marked *

*