ཅིའི་ཕྱིར་སི་ནོལ་ཌེན་དཔའ་རྒོལ་ཞིག་རེད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་འཇོན་ ཁེ་སིས་སྒྲེས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རང་ལོ་ ༢༩ ཡིན་པ་ཨ་རིའི་བདེ་སྲུང་ལས་ཁུངས་(NSA) ཀྱི་གསང་བ་བརྟོལ་མཁན་སི་ནོལ་ཌེན་(Edward Snowden) ཧོང་ཀོང་དུ། རང་ཉིད་ཀྱི་ཕྱིས་འབྱུང་ཅི་ཡིན་མ་ངེས་པར་ལྷག་ཡོད་པ་དེ། ཁོང་རྒྱལ་ཚོང་པ་ཞིག་རེད་དམ་ཡང་ན་དཔའ་རྒོད་ཅིག་རེད་དམ། ཁོང་དཔའ་བོ་ཞིག་རེད། (ངའི་ལས་རོགས་ཊོོ་བྷེན་ Jeffrey Toobin ང་དང་བསམ་ཚུལ་མི་མཐུན།) ཨ་རི་བ་དང་འཛམ་གླིང་མི་མང་ལ་ཨ་རིའི་གཞུང་གིས་གསང་མྱུལ་བྱེད་བཞིན་པའི་མཐིལ་བརྟོལ་པའི་ཐད་ནས་ཁོས་སོ་སོའི་གཞུང་ལ་ཡིད་ཆེས་ཀྱིས་བཟུང་པའི་ཆོད་སེམས་ལས་ལྷག་མང་ཚོགས་ལ་ཕུལ་བའི་ཞབས་འདེགས་ཤིག་ཏུ་གྱུར་ཡོད། དེ་སྔའི་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་བྱེད་ཟུར་པ་ཨེལ་སི་བྷག་(Daniel Ellsberg ) གིས་པན་ཊ་གྷོན་ཡིག་ཆ་(Pentagon Papers) ཕྱིར་བསྒྲགས་བྱས་པ་དང་། ཨེ་ཛི་རལ་(Israel ) གྱི་རྡུལ་མཚོན་ཆེད་ལས་པ་ཝ་ནུ་ནུ་(MordechaiVanunu) ཡིས་ཨེ་ཛི་རལ་གྱི་དྲག་མཚོན་ལས་གཞིའི་གསང་བ་ཕྱིར་བཏོན་སོགས་དང་འདྲ་བར། སི་ནོལ་ཌེན་གྱིས་གཅིག་ནས་ཁོ་རང་གི་རྒྱལ་ཁབ་ཀྱི་བདེ་སྲུང་ལ་དུས་གཏན་གྱི་གནོད་འཚེ་རུ་མི་འགྱུར་པ་དང་། གཉིས་ནས་མང་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས་པའི་གནས་ཚུལ་གལ་ཆེན་པོ་དེའི་མཐིལ་བརྟོལ་པ་རེད།

ཨ་རིའི་དབང་འཛིན་པའི་སྒྲོམ་གཞིའི་ནང་ལོག་ཏུ་སྲིད་འཛིན་ཨོ་བྷ་མ་དང་བརྒྱུད་ལམ་ནང་གི་དེའི་ཤོག་གཏོགས་པ་ཁག་ཅིག་གིས་གནད་དོན་དེར་ལངས་ཕྱོགས་མ་འདྲ་ཞིག་གི་ཐོག་ནས་བལྟ་ངེས་ཡིན་པར་ཐེ་ཚོམ་མེད། སི་ནོལ་ཌེན་གྱིས་དབྱིན་ཇིའི་གྷར་ཌེན་(Guardian) གསར་ཁང་ལ། ང་ལ་“མ་ལེགས་པ་” ཅི་གང་ཡང་འབྱུང་གི་མ་རེད་ཅེས་། ཁོ་ཕལ་ཆེར་བདེ་འཚམ་ཡིན་པར་བརྗོད་ཡོད། སི་ནོལ་ཌེན་ཧོང་ཀོང་དུ་བྲོས་བྱོལ་ལ་ཕྱིན་པར་ཨ་རིའི་གཞུང་གིས་ཁོ་ཕྱིར་རྩིས་སྤྲོད་བྱ་དགོས་པ་བཟོ་སྲིད་པའི་སྔོན་རྩིས་བརྒྱབ་ཡོད་ངེས་རེད། ཨ་རིའི་བདེ་སྲུང་ལས་ཁུངས་(National Security Agency) ཀྱིས་སྔ་ས་ནས་ཁོང་གི་གྱོད་དོན་ཨ་རིའི་ཁྲིམས་བཤེར་ཁང་ལ་ཞུ་གཏུགས་བྱས་ཡོད་ལ། ཨ་རིའི་གསང་བའི་ལས་ཁུངས་ཀྱི་འགོ་གཙོ་ཁི་ལཱ་པར་(James Clapper) གྱིས་སི་ནོལ་ཌེན་གྱི་གསང་བ་མཐིལ་བརྟོལ་དེས་ང་ཚོའི་གསང་བའི་ལས་ཁུངས་ཀྱི་ནུས་སྟོབས་ལ་ “གཏོར་བརླག་ཚབས་ཆེན་”བཟོས་ཡོད་ཅེས་བརྗོད་འདུག

ངོ་གདོང་གི་རིན་ཐང་ལ་མ་བལྟས་གོང་ང་ཚོས་མཐིལ་བརྟོལ་གསང་བ་འདིའི་ཁོངས་སུ་ག་རེ་འདུས་མེད་པ་དེ་ཤེས་པར་བྱ། གསང་བརྟོལ་འདིས་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་སྤྱིའི་ལམ་ལུགས་སམ་དེས་དམིགས་འབེན་དུ་བཟུང་པའི་ཚོགས་སྡེའམ་སྒེར་བ། དེ་བཞིན་གསང་བའི་ལས་ཁུངས་ཀྱི་མི་སྣའི་དཔང་ཡིག་སོགས་གང་ཡང་གསལ་མེད། འདིར་ཨ་རིའི་དམག་དོན་འཆར་གཞིའི་བརྗོད་བྱའམ། ཡང་ན་ཨ་རིའི་གཞུང་དང་ཕྱི་འབྲེལ་མི་སྣའི་བར་གྱི་སྐད་ཆ་སོགས་གང་ཡང་མེད། གནས་ཚུལ་འདི་དང་ཐོག་ཕྱིར་བསྒྲགས་བྱེད་མཁན་གསར་འགོད་པ་གྷི་ལེན་(Glenn Greenwald) ཡིས་དམིགས་འདོན་བྱས་པ་ལྟར་ན། “ རྗོ། ཞོགས་པ་བདེ་ལེགས། ” དེ་རིང་གི་འདི་ནི་ཝེ་ཀེ་ལེ་ཀི་(Wikileaks) ཡི་གསང་བའི་ཡིག་ཆ་ནང་བཞིན་མ་རེད། “༼སི་ནོལ་ཌེན་༽ ཡིག་ཆ་ཚང་མར་ཞིབ་ཚགས་ཀྱིས་ལྟ་རྒྱུར་ཟླ་བ་མང་པོ་བཏང་འདུག་”། “ཁོས་གནས་ཚུལ་དེ་དག་གང་བྱུང་དྲ་ལམ་དུ་ཡང་བཏང་མི་འདུག་”ཅེས་བརྗོད་འདུག

འོ་ན་མཐིལ་བརྟོལ་་གསང་བ་དེས་ང་ཚོར་ག་རེ་བསྟན་ཡོད་དམ་ཟེར་ན། དང་པོ། ཨ་རིའི་གཞུང་གིས་ཁྲིམས་ཁང་གང་རུང་གི་ཆོག་མཆན་མེད་པར་དྲག་སྤྱོད་པ་དང་འབྲེལ་བ་གང་ཡང་མེད་པའི་ཨ་རི་བ་ས་ཡ་བཅུ་ཕྲག་མང་པོའམ་ས་ཡ་བརྒྱ་ཕྲག་མང་པོའི་ཁ་པར་ནང་གི་གནས་ཚུལ་ལ་དུས་རྒྱུན་ལྐོག་ལྟ་བྱེད་ཀྱི་ཡོད་པ་གསལ་བོར་བསྟན་ཡོད། གལ་སྲིད་མི་མང་གིས་ཀང་གྷི་རེ་སི་(Congress) ལ་དུས་ལྟར་ཁ་པར་ཁེ་ལས་སྡེ་ཚན་ཝི་རེ་ཛོན་(Verison) དང་ཨེ་ཊེ་(A.T.& T.) ལྟ་བུ་དག་གིས་གསང་བའི་ལས་ཁུངས་ལ་གནས་ཚུལ་བསྡུ་རུབ་ཐད་རོགས་འདེགས་བྱེད་དུ་བཅུགས་པ་ཡིན་ན། ཨ་རའི་བདེ་སྲུང་ལས་ཁུངས་ཀྱིས་ཐོག་མར་ཁྲིམས་ཁང་གི་ཆོག་མཆན་ཐོབ་པར་བྱས་ཏེ་ལས་དོན་སྤེལ་ཚེ་དེ་ནི་ཁྲིམས་མཐུན་གྱི་གསང་མྱུལ་ལས་དོན་ཞིག་དང་རྒྱལ་ཁབ་ལ་ཕན་རླབས་འབྱུང་ངེས།

གསང་བ་ཕྱིར་བརྟོལ་གྱི་གནད་དོན་གཉིས་པ་ནི། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་ལུང་པ་གཞན་གྱི་ཡུལ་མི་དམིགས་འབེན་དུ་བཟུང་སྟེ། ཨ་རིར་རྟེན་གཞི་བྱས་པའམ་ཨ་རིས་ཐོན་སྐྱེད་བྱས་པའི་དྲ་གནས་ངོ་དེབ་(Facebook)དང་གྷོ་གྷལ(Google)། ཡ་ཧོ(Yahoo)། མེ་ཁུརོ་སོ་ཧྥིཊ(Microsoft)། སི་ཁེབ་(Skpe) སོགས་བེད་སྤྱོད་གཏོང་མཁན་འབོར་ཆེན་གྱི་གནས་ཚུལ་ལ་གསང་མྱུལ་བྱེད་ཀྱི་ཡོད་པ་དང་། འདི་ནི་ཏག་ཏག་མངོན་གསལ་མ་ཡིན་པའི་མག་མུག་ཅིག་ཏུ་གནས་ཡོད་ཀྱང་། གསལ་བོ་ཞིག་ལ་ལུང་པ་གཞན་གྱི་དམག་དང་གཞུང་གི་མི་སྣེ། མང་ཚོགས་དཀྱུས་མ་བཅས་ཀྱི་ཁྲོད་དུ་ཨ་རི་བར་འབྲེལ་བ་བྱེད་མཁན་ཚོའི་བརྒྱུད་ལམ་ལ་ཞིབ་བཤེར་དང་སྟངས་འཛིན་བྱེད་པ་དང་། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་ཨ་རིའི་སྐོར་གྱི་དྲ་ཐོག་གི་གནས་ཚུལ་ལ་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་པ་མ་ཟད་དོགས་གཞི་ཅན་དང་ཉེན་འཚབ་ཅན་གྱི་རིགས་གཙང་བཟོ་དང་མཐའ་ན་གཏན་འགོག་བྱེད་ཀྱི་ཡོད།

དོན་དངོས་ཐོག་ཨ་རིས་ཁོ་ཚོའི་ངོ་དེབ་དང་གྷོ་གྷལ་ལ་ཐོ་འགོད་བྱེད་མཁན་ཚོའི་གནས་ཚུལ་བརྒྱུད་ལུང་པ་གཞན་དུ་ཡོད་པའི་ཁ་ཆེ་འཇིགས་སྐུལ་བ་ཚོར་རྟོགས་ཞིབ་བྱེད་ཀྱི་ཡོད་ཀྱང་། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་ཁ་ཆེ་འཇིགས་སྐུལ་བའི་ཤུལ་ལམ་འཚོ་རྒྱུ་དེ་ལས་སླ་བོ་ཞིག་ག་ལ་ཡིན། འཆར་གཞི་ལྡན་པའི་འཇིགས་སྐུལ་བ་སྔ་མོ་ནས་ཤུགས་ཆེར་ཁྱབ་བརྡལ་དུ་ཕྱིན་ཡོད་སྟབས་གསང་མྱུལ་སྟངས་འཛིན་བྱ་རྒྱུ་ཡང་ཁག་པོ་ཆགས་ཡོད། འོན་ཀྱང་། པ་ཀི་སི་ཐན་གྱི་ཨབ་བྷོ་ཊ་བྷེ་ཌི་(Abbottabad) ནང་གི་བྷེན་ལཱ་ཌན་གྱི་སྡོད་གནས་དེ་ཁ་པར་དང་དྲ་ལམ་མེད་ན་བྱ་ཐབས་གང་ཡང་མེད་ངེས།

གསར་འགོད་པ་གྷི་ལེན་དང་གྷར་ཌེན་(Guadian) ལ་གསར་ཁང་ལ་བརྗོད་པའི་སི་ནོལ་ཌེན་གྱིས་བརྟོལ་བའི་གསང་བ་གཞན་ཞིག་ནི། ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་ཨོར་ཝེ་ལེན་(Orwellian) མིང་ཐོག་ནས་གནས་ཚུལ་བསྡུ་རུབ་བྱས་པའི་གསང་པ་ “མཐའ་ཡས་གསང་བ་(Boundless Informant)” ཟེར་པ་དེ་རེད། དེ་ནི་སི་ནོལ་ཌེན་གྱི་འགོ་ཁྲིད་ཟུར་པ་ཚོས་འཛམ་གླིང་ས་ཕྱོགས་གང་སའི་གནས་ཚུལ་བསྡུས་པ་དག་ཉར་ཚགས་ཀྱི་འཆར་འགོད་ཅིག་རེད། ལས་གཞི་དེ་བརྒྱུད་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་ཚང་མར་སྔོག་བཤེར་བྱེད་ཐུབ། གྷར་ཌེན་གྱིས་བཀོད་པ་ལྟར་ན་༢༠༡༣ ཟླ་ ༣ གཅིག་པུའི་ནང་། འཛམ་གླིང་ཁྱོན་ཡོངས་ཀྱི་གནས་ཚུལ་ཡིག་ཆ་རིགས་ཐེར་འབུམ་ ༩༧ ཙམ་གློག་ཀླད་བརྒྱུད་བསྡུ་རུབ་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་ཐེར་འབུམ་ ༣ ཨ་རིར་རྟེན་གཞི་བྱས་པའི་དྲ་གནས་དག་ལས་བསྡུ་རུབ་བྱས་ཡོད་པ་རེད།

ཨ་རིའི་བདེ་སྲུང་ལས་ཁུངས་ཀྱིས་དྲ་གནས་གསང་མྱུལ་དམིགས་འབེན་དུ་འཛིན་ཡུལ་གཙོ་བོ་ཨེ་རན་ལ་མཚོན་ན་གོང་གི་གྲངས་འབོར་ལས་ཐེར་འབུམ་ ༡༤ ་བསྡུ་རུབ་བྱས་ཡོད་པ་དང་། པ་ཀི་སི་ཐན་ལ་མཚོན་ན་ཐེར་འབུམ་ ༡༣ ལྷག་ཆགས་ཡོད། འོན་ཀྱང་། ཇོར་ཌན་དང་རྒྱ་གར། ཨེ་ཇིབ། ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཚོས་སོ་སོ་གྲངས་ཐོ་དེའི་ནང་ཚད་མཐོ་བོར་བསླེབས་ཡོད་པར་ཅུང་ཡ་མཚན་སྐྱེ་སྲིད། སི་ནོལ་ཌེན་གྱིས་ “ང་ཚོས་གང་སར་ཡོད་ཚད་ལ་གསང་མྱུལ་བྱེད་ཀྱི་ཡོད་”ཅེས་དང་། ཡང་ “ང་ཚོ་(ཨ་རི)་སོ་སོ་དང་རྒྱལ་ཁབ་གཞན་དག་བར་མ་འདྲ་བ་བཟོ་རྒྱུར་དགའ་བོ་ཡོད། ང་ཚོའི་དྲ་ལམ་གསང་མྱུལ་ཕལ་ཆེར་འཛལ་གླིང་རྒྱལ་ཁབ་ཚང་མའི་ནང་ཡོད། ཡིན་ནའང་ང་ཚོ་རྒྱལ་ཁབ་དེ་དག་ཚང་མའི་མཉམ་དུ་དམག་འཁྲུག་མེད་”ཅེས་གྷར་ཌེན་གསང་ཤོག་སྟེང་བརྗོད་ཡོད།

ཨ་རི་བ་མང་ཆེ་བའི་དོ་འཁུར་བྱ་ཡུལ་ནི། ཨ་རིའི་ཡུལ་མིར་གསང་མྱུལ་བྱེད་ཀྱི་ཡོད་པ་དེ་ཡིན་པ་སི་ནོལ་ཌེན་གྱི་གསང་བརྟོལ་གྱིས་ཤུགས་ཆེར་བསྟན་ཡོད། དགུ་གཅིག་གཅིག་དོན་རྐྱེན་བྱུང་པ་ནས་ཕྱི་ཕྱོགས་གསང་བ་ཞིབ་བཤེར་ཁྲིམས་གཞི་(Foreign Intelligence Surveillance Act Court ) དང་མཉམ་དུ་ཨ་རིའི་གསང་བའི་ལས་དོན་རྒྱ་ཁྱབ་ཏུ་གཏོང་རྒྱུར་ཤུགས་གནོན་བརྒྱབ་ཡོད། འགྲོ་སྟངས་ལྟར་ན། ཕྱི་ཕྱོགས་གསང་བ་ཞིབ་བཤེར་ཁྲིམས་གཞི་ནི་འབྲེལ་ཡོད་སྡེ་ཚན་ཁག་ནས་ཁྲིམས་མཐུན་དབང་ཚད་དང་ཀང་གྷི་རེ་སི་གསང་པའི་ལས་དོན་ཚོགས་ཆུང་བཅས་ཀྱི་ཆོག་མཆན་འོག ཁོང་ཚོའི་ལས་དོན་ལ་རྟོགས་ཞིབ་བྱེད་ཀྱི་ཡོད་ལ། དེས་ལྐོག་ནས་གསང་མྱུལ་བྱ་རྒྱུ་མ་ཡིན་པར་ཁྲིམས་མཐུན་གྱི་ངོ་བོར་ཞིབ་བཤེར་བྱེད་རྒྱུ་དེ་ཡིན། གང་ལྟར་ཁོ་ཚོའི་གསང་མྱུལ་དེ་ཁྲིམས་འགལ་དང་གསང་པའི་ངོ་བོར་གྱུར།
དེ་ནི་ཕྱོགས་གཅིག་ནས་བློ་སྟོབས་ཀྱིས་ཕོངས་པ་དང་འཇིགས་སྐུལ་བའི་གནད་དོན་ཆེ་རིགས་ལ་ལག་པ་འཆིང་རྒྱུའི་ཆོད་སེམས་མེད་པས་རེད་ལ། གནས་ཚུལ་གྱིས་ཕོངས་པའི་ཕྱིར་མངོན་ཞིག་ཀྱང་ཆགས་ཡོད། ཟླ་གཉིས་ཙམ་གྱི་གོང་དུ་གྲོས་ཚོགས་གོང་མའི་ཚོགས་རར། ཨོ་རེ་གྷོན་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་རོན་(Ron Wyden) གྱིས་(གསང་པའི་ལས་ཁུངས་ཀྱི་ལས་དོན་ལ་ཐེར་འདོད་བྱེད་མཁན་གྲོས་ཚོགས་འཐུས་མི་འགའི་གཅིག་ཡིན)་ཨ་རིའི་གསང་པའི་ལས་ཁུངས་ཀྱི་འགོ་གཙོ་ཁི་ལཱ་པར་ལ་ “བདེ་སྲུང་ལས་ཁུངས་ཀྱིས་ཨ་རི་བ་ས་ཡ་མང་པོའམ་ས་ཡ་བརྒྱ་ཕྲག་མང་པོའི་གནས་ཚུལ་གང་རུང་བསྡུས་ཡོད་དམ། ”ཞེས་དྲིས་པར་ཁི་ལཱ་པར་གྱིས་ “མེད་”ཅེས་ལན་འདེབས་བྱས་ཡོད་ལ། ལན་འདེབས་དེ་དང་ལྷན་དུ་ “ཆེད་དུ་མིན་”ཞེས་བརྗོད་འདུག ཚོགས་རའི་སྐབས་གཞན་ཞིག་ཏུ་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་འགོ་གཙོ་དམག་དཔོན་ཀའེ་ཐི་(Keith Alexander) ཡིས་ཐེངས་ ༡༤ ཨ་རིའི་ནང་གི་གློག་འཕྲིན་དང་དྲ་གནས་གཞན་དག་ལ་སྟངས་འཛིན་བྱེད་རྒྱུའི་ལག་རྩལ་ནུས་པ་དེ་བདེ་སྲུང་ལས་ཁུངས་ལ་མེད་ཅེས་བདེ་སྲུང་ལས་ཁུངས་ཀྱིས་གསང་མྱུལ་བྱེད་ཀྱི་ཡོད་པར་ངོས་ལེན་བྱས་མེད།

སི་ནོལ་ཌེན་བཀའ་དྲིན་ཆེ། ཁོང་གིས་གྷར་ཌེན་དང་ཝ་ཤིན་ཊོན་པོ་སི་(Washington Post) ལ་གང་བརྗོད་པ་དེ། ད་ང་ཚོས་བདེན་པའི་དཔང་རྟགས་མང་དུ་གཏོང་རྒྱུའི་རྒྱུ་རྐྱེན་ཞིག་ཏུ་གྱུར་ཡོད། སི་ནོལ་ཌེན་གྱི་ཚིག་ཏུ་ “བདེ་སྲུང་ལས་ཁུངས་ཀྱིས་ཧ་ལམ་ཡོད་ཚད་ལ་སྟངས་འཛིན་བྱེད་ནུས་པའི་འཕྲུལ་ཆས་བཙུགས་ཡོད། ནུས་པ་ལྡན་པའི་གསང་མྱུལ་འཕྲུལ་ཆས་འདིས་ཆེད་དུ་དམིགས་འབེན་ལ་མ་བཟུང་ཡང་འགྲོ་བ་མིའི་བརྒྱུད་ལམ་གཞི་རྒྱ་ཆེན་པོ་དེ་ཉིད་རང་སྟོབས་ཀྱིས་ཁྱུར་མིད་གཏོང་ཐུབ། གལ་སྲིད་ངས་ཁྱེད་རང་གི་གློག་འཕྲིན་ནམ་ཁྱེད་ཀྱི་བཟའ་ཟླའི་ཁ་པར་སྔོག་འདོད་ན། ངས་སྟངས་འཛིན་འཕྲུལ་ཆས་བེད་སྤྱོད་བྱ་རྒྱུ་དེ་རེད། སྟངས་འཛིན་འཕྲུལ་ཆས་དེ་བརྒྱུད་ང་ལ་ཁྱེད་ཀྱི་གློག་འཕྲིན་དང་གསང་ཚིག ཁ་པར་ནང་གི་ཡིག་ཆ། དངུལ་ཁང་གི་ཡིག་ཆ་སོགས་རག་ཐུབ་”ཅེས་བཀོད་ཡོད།
ཁི་ལཱ་པར་དང་ཀའེ་ཐི་གཉིས་ཀྱིས་ཆེད་དུ་རྫུན་བཤད་པ་རེད་དམ། གལ་སྲིད་རྫུན་བཤད་པ་ཡིན་ན། སི་ནོལ་ཌེན་ངེས་པར་དུ་ཨ་རིར་ཕྱིར་སྤྲོད་ཀྱིས་ཁྲིམས་རར་འགྲོ་དགོས། བརྒྱུད་རིམ་དེ་ནི་གསང་བའི་འགོ་གཙོ་གཉིས་ཀྱིས་ཀང་གྷི་རེ་སི་ལོག་ལམ་དུ་ཁྲིད་པའི་ཉེས་ཆད་ཕོག་པའི་ལམ་ཁ་ཉག་ཅིག་ཡིན། ངས་བལྟས་ན་ཁྱེད་ཀྱིས་སི་ནོལ་ཌེན་ནི་ང་ཚོ་འཚོ་ཡུལ་འཛམ་གླིང་འདིའི་ཉེན་འཚབ་རང་བཞིན་ལ་ཤེས་རྟོགས་ཆ་ཚང་མེད་པའི་ན་གཞོན་རང་ག་བ་ཞིག་ཡིན་པར་རྩོད་གླེང་བྱ་ཆོག་ཀྱང་། ཁྱེད་ཀྱིས་ཁོང་གི་ཀུན་སློང་ཅི་ཡིན་དྲིས་ཏེ་ཁོང་ལ་དམངས་ཀྱི་བདེ་སྡུག་འཚོལ་མཁན་ཞིག་གམ་གླེན་པ་ཞིག་ཏུ་འབོད་ཤེས་པར་བྱ་དགོས། ངས་ལྟ་ཚུལ་ལ་ཁོང་ཧོང་ཀོང་དུ་བྲོས་བྱོལ་བྱས་པ་ནི་དེ་འདྲའི་སྤྱང་གྲུང་འཛོམས་པ་ཞིག་མ་རེད་དྲན། གང་ལྟར་ཁོང་ནི་མགོ་ཡང་པོ་ཞིག་མིན་པར། ཁོང་ནི་སུན་པོ་དང་ཁོང་ཁྲོ་སློང་མཁན་གྱི་སེམས་ཅན་ཞིག་སྟེ། རྣམ་དཔྱོད་ཅན་གྱི་མི་ཞིག་ཏུ་སྣང་། ཁོས་གྷི་ལེན་ལ་ “ལས་དོན་འདི་འདྲ་བྱེད་མཁན་གྱི་སྤྱི་ཚོགས་ཤིག་ཏུ་ང་འདུག་འདོད་མེད། ངས་ག་རེ་བྱེད་པ་དང་ག་རེ་བཤད་པ་ཡོད་ཚད་ཕབ་ལེན་བྱེད་འགྲོ་བའི་ཁོར་ཡུག་ཅིག་གི་ནང་ང་གནས་འདོད་མེད། དེ་ནི་ངས་རྒྱབ་སྐྱོར་བྱེད་པའམ་དེའི་འོག་ཏུ་གནས་རྒྱུའི་འདུན་པ་ཞིག་མ་རེད་”ཅེས་བརྗོད་ཡོད།

དེར་བརྟེན་སི་ནོལ་ཌེན་གྱི་ནག་ཉེས་ངོ་མ་ཅི་ཡིན་ནམ། ཨེལ་སི་བྷག་དང་ཝ་ནུ་ནུ། མན་ནེན་(Bradley Manning) སོགས་ནང་བཞིན། ཁོང་གིས་དབང་འཛིན་པ་ཚོས་གསང་རྒྱར་ཉར་བའི་བགྲོ་གླེང་བྱ་འོས་པའི་ལས་དོན་རིགས་ཕྱིར་བཀྲམས་པ་རེད། དེ་ནི་རང་དབང་གི་སྤྱི་ཚོགས་ཁྲོད་ཀྱི་གསང་རྒྱ་གཏོར་མཁན་དག་གི་རིན་ཐང་ལྡན་པའི་ལས་དོན་ཞིག་དང་། འདི་ནི་རྒྱུ་རྐྱེན་རེ་རེའི་གནད་དོན་ཐད་ནས་ཕན་གནོད་གྱི་ལྕི་ཡང་འཇལ་དགོས་ལ། གསང་བརྟོལ་དེས་ཁོ་ཚོར་གནོད་འཚབ་ཆེན་པོ་ཡོད་པ་རེད། དཔེ་མཚོན་འགའ་རེའི་ཐད་ནས་རྒྱལ་ཁབ་ཀྱི་ཁེ་ཕན་ངེས་པར་དུ་གཙིགས་ཆེན་དུ་བརྩི་དགོས་ཀྱང་། འདིར་ཁྱོན་ཡོངས་ནས་སི་ནོལ་ཌེན་གྱི་བྱེད་སྟངས་འགྲིག་ཡོད་པ་གསལ་བོ་ཆགས་ཡོད།

ངའི་ཚིག་མཐའ་མ་དེ་ཨེལ་སི་བྷག་ལ་འཇོག་གི་ཡིན། ཁོས་པན་ཊ་གོན་( Pentagon-ཨ་རི། ) གྱིས་སྔ་མོ་ནས་ཝེ་ཊི་ནམ་(Vietnam) ནང་གི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཐབས་མེད་པ་ཤེས་ཡོད་པའི་གནས་ཚུལ་འཛམ་གླིང་ལ་ཕྱིར་བསྒྲགས་བྱས་པ་དེར། དམར་ཤོག་པ་དང་རྒྱལ་ཚོང་པ་ཞེས་པའི་འགྲེལ་བརྗོད་རིགས་བྱུང་པ་རེད། “སི་ནོལ་ཌེན་གྱིས་བསྒྲུབས་པ་དེ་ཁོས་གང་བྱས་པ་དེ་རེད། རྒྱུ་མཚན་ནི་ཁོང་གིས་ཨ་རིའི་བདེ་སྲུང་ལས་ཁུངས་ཀྱི་གསང་མྱུལ་ལས་གཞི་ག་རེའི་ཆེད་དུ་ཡིན་པ་ངོས་འཛིན་ཐུབ་པ་སྟེ། ཉེན་འཚབ་ཅན་དང་ཁྲིམས་མཐུན་མ་ཡིན་པ། ཨ་རི་བ་དང་ལུང་པ་གཞན་གྱི་ཡུལ་མི་ཚོའི་སྒེར་གྱི་གསང་བར་ཀློག་འཛུལ་རྐུ་འཁྱེར་བྱེད་བཞིན་པའི་དབང་བསྒྱུར་དེས། ང་ཚོའི(ཨ་རི)་བདེ་སྲུང་ལ་མཐུན་སྦྱོར་བྱེད་པ་ཞིག་མ་རེད། དེ་ལས་ཟློག་སྟེ་ང་ཚོས་སྲུང་སྐྱོབ་བྱེད་བཞིན་པའི་རང་དབང་འདི་ཉིད་ཉེན་ཁའི་གནས་སུ་འདེད་ཀྱི་ཡོད་པ་རེད། ”

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ཅིའི་ཕྱིར་སི་ནོལ་ཌེན་དཔའ་རྒོལ་ཞིག་རེད།

  1. སི་ནོལ་ཌེན་ནི་གླེན་པ་དྲང་རྐྱང་ཞིག་རེད། ཐ་ན་ཁོས་གསང་བའི་ལས་ཁུངས་ཟེར་བའི་དོན་དག་དེ་ཡང་ཤེས་མི་འདུག གསང་བ་ནི་ཨ་རི་ཙམ་མ་ཟད། རྒྱལ་ཁབ་ཚང་མར་ཡོངས་ཁྱབ་ཀྱིས་ཡོད། དེ་ནི་རྒྱལ་ཁབ་ཅིག་ལ་ཧ་ཅང་དགོས་ངེས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན། ལྷག་པར་དུ་ཨ་རི་ལྟ་བུ་ལ་ཕྱོགས་ཡོངས་ནས་དགོས་ངེས་ཤིག་ཡིན།
    སི་ནོལ་ཌེན་གྱིས་རྒྱ་ནག་ལྟ་བུའི་གསང་བའི་ལས་ཁུངས་ཀྱི་ཚབས་ཆེའི་གནས་ཚུལ་དག་ཤེས་ཀྱི་མེད་པ་འདྲ། ང་ནི་ཨ་རིའི་གསང་བ་ལ་ཧ་མི་ལས་པར། རང་གི་རྒྱལ་ཁོངས་ཨ་རིའི་དྲིན་ལས་རང་ལ་མི་ཞིག་གི་བཟོ་ལྟ་བྱུང་བ་དེ་ཁོ་ཡིས་དྲན་མ་ཐུབ་པ་དེར་ཧང་སངས་སོང་། དངོས་གནས་རྒྱལ་ཁབ་ཀྱི་ངོ་ལོག་པའམ་རྒྱལ་ཁབ་ཀྱི་རྐུན་མ་ཟེར་ན་ཁོ་ལྟ་བུ་རེད།

  2. འདི་ངོ་མ་ཡག་གི བཀའ་དྲིན་ཆེ།

Write a Reply or Comment

Your email address will not be published. Required fields are marked *

*