“འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(སྔ་མ)


སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།

བཅར་འདྲི་ཞུ་ཡུལ། ཁི་ལེར་ཧེ་རས།
བཅར་འདྲི་ཞུ་མཁན། བདེ་ཆེན་སྤེན་པ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
ཁྱེད་ཀྱི་བརྩམས་ཆོས་གསར་ཤོས་“འཛམ་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”ཞེས་པ་དེ་འདྲ་ཞིག་རྩོམ་པའི་བསམ་བློ་དེ་གང་ནས་སླེབས་བྱུང་ངམ།
ལན།
༡༩༨༨ལོར་ངས་ཨོག་སི་ཧྥོར་ཌི་(Oxford)གཙུག་ལག་སློབ་གྲྭར་མི་རྒྱུད་རིག་པའི་ཞིབ་འཇུག་སྡེ་ཁག་ཏུ་འཆད་ཁྲིད་ཀྱི་ལས་ཀ་མགོ་བཙུགས་པ་དང་། ཐོག་དང་པོར་(PittRivers)པས་ཌི་གཙང་པོའི་འགྲེམས་སྟོན་ཁང་གི་དོ་དམ་པའི་ལས་ཀ་གཉེར་སྐབས་ནས་བརྩམས་ཆོས་འདི་འདྲ་ཞིག་རྩོམ་པའི་བསམ་བློ་འཁོར་བྱུང་། སྐབས་དེར། འགྲེམས་སྟོན་ཁང་དག་གིས་ཡོལ་བའི་རྒྱབ་ནས་ལས་ཀ་བྱེད་ཀྱི་ཡོད་པ་ལྟར། ང་ལ་གཡོ་བ་མེད་པའི་དགའ་མོས་ཡོད་པའི་འཛམ་གླིང་གི་ཆེས་གལ་ཆེ་བའི་མི་རྒྱུད་དཔྱད་རིག་དང་གནའ་ཤུལ་དངོས་རྫས་ཀྱི་འབྱུང་ཁུངས་བོད་དང་ཧི་མ་ལ་ཡའི་ཕྱོགས་ཀྱི་རིག་དངོས་གང་མང་ཞིག་མིག་གིས་ལོངས་སུ་སྤྱོད་པའི་གོ་སྐབས་ཁྱད་དུ་འཕགས་པ་ཞིག་རག་བྱུང་།

༡༩༩༨་བར་དུ། ངས་གཙོ་བོ་རྒྱ་གར་དང་ཧི་མ་ལ་ཡའི་རི་རྒྱུད་དུ་ཁྱབ་པའི་བོད་དང་བོད་བརྒྱུད་ནང་བསྟན། བོད་ཀྱི་རིག་གཞུང་བཅས་སློབ་སྦྱོང་བྱས་པ་ཡིན། ངས་སྦྱངས་བའི་ཤེས་བྱ་མང་དག་ཅིག་མི་མང་རྣམས་ཀྱིས་བཤད་པ་དང་། ང་རང་དངོས་སུ་ས་ཆ་དེ་གར་སོང་བ་ལས་ཐོབ་བྱུང་། ཨོག་སི་ཧྥོར་ཌི་ལ་སླེབས་རྗེས་ལས་འཆར་ཁ་ཤས་བརྒྱུད་ནས་ང་བོད་ལ་འཕྲད་པ་དང་། བོད་སྐོར་གོ་རྟོགས་ཀྱི་ཐད་ནས་ཉམས་མྱོང་གསར་པ་ཞིག་སྤྲད་བྱུང་། ངའི་བརྩམས་ཆོས་དང་པོའི་ནང་དོན་ཏེ། ༡༩༥༩་ལོའི་རྗེས་ཀྱི་བོད་པའི་རྟོག་འཆར་སྒྱུ་རྩལ་སྐོར་འབྲི་ཆེད། དུས་ཚོད་མང་པོ་བཏང་སྟེ། བོད་ཀྱི་སྒྱུ་རྩལ་བ་མང་པོར་བཅར་འདྲི་དང་། ཁོང་ཚོའི་བརྩམས་ཆོས་བཞེངས་སའི་ཡུལ་དངོས་སུ་བསྐྱོད་པ་ཡིན། འོན་ཀྱང་། ཨོག་སི་ཧྥོར་ཌི་ནས། ངས་བཅའ་དངོས་གང་ཞིག་ཐོག་མར་བཟོ་མཁན་དང་བེད་སྤྱོད་གཏོང་མཁན་དག་ལ་རྩ་ནས་འབྲེལ་མེད་པའི་འགྲེམས་སྟོན་ཁང་གི་དངོས་རྫས་མང་པོ་ཞིག་མཐོང་། དེར་བརྟེན། དང་ཐོག་ངས་པས་ཌི་གཙང་པོའི་འགྲེམས་སྟོན་ཁང་གིས་གསོག་འཇོག་བྱས་པའི་དངོས་རྫས་དག་གི་སྒང་ལ་ལས་ཀ་གཉེར།

དེ་ནས་ངའི་ཉམས་ཞིབ་ཀྱི་གཞི་རྒྱ་ཆེ་རུ་བཏང་སྟེ། དབྱིན་ཡུལ་དུ་ཡོད་པའི་འགྲེམས་སྟོན་ཁང་གཞན་པ་དག་ཀྱང་ཉམས་ཞིབ་ཀྱི་ཁྱབ་ཁོངས་སུ་བཅུག དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་གཅིག་པུར་བོད་ནས་ཁྱེར་ཡོང་བའི་བཅའ་དངོས་སྟོང་ཕྲག་མང་པོ་འདུག་པས། ང་ལྟ་བུའི་ཉམས་ཞིབ་པ་ཞིག་གིས་བཅའ་དངོས་འདི་འདྲ་ཞིག་ཡོད་མིན་མ་ཤེས་ན། བོད་མི་རྣམས་ཀྱིས་རྩ་ནས་ཧ་གོ་གི་མེད་པའི་ཚོར་སྣང་ཤུགས་ཆེར་བྱུང་། ངའི་གཞི་རྩའི་ཀུན་སློང་ནི། དངོས་རྫས་འདི་འདྲ་ཞིག་གནས་ཡོད་པ་གཞན་ལ་ཧ་གོ་འཇུག་པ་དང་། བོད་པ་གཙོས་བའི་མི་མང་རྣམས་ཀྱི་མིག་མདུན་དུ་བཤམ་འདོད་པ་ཡིན། བཅའ་དངོས་དག་མི་མང་གི་མཐོང་ཡུལ་དུ་བཤམས་རྒྱུ་ནི་པས་ཌི་འགྲེམས་སྟོན་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དམིགས་བྱ་གཙོ་བོ་ཞིག་ཡིན། དེར་བརྟེན། པས་ཌི་གཙང་པོའི་འགྲེམས་སྟོན་ཁང་དུ་གསོག་འཇོག་བྱས་པའི་བོད་དང་འབྲེལ་བའི་དངོས་རྫས་ཁག་“བོད་ཀྱི་པར་དེབ”ཅེས་པ་ཞིག་བཟོ་བསྐྲུན་གྱི་རྒྱུ་རུ་གྱུར། དྲ་རྒྱ་འདིའི་སྟེང་དུ་༡༩༢༠་ནས་༡༩༥༠་བར་གྱི་བོད་དང་འབྲེལ་བའི་པར་དྲུག་སྟོང་ཙམ་གསོག་འཇུག་བྱས་ཡོད་པས། ས་སྒང་འདིར་མི་མང་ཡོད་ཚད་ཀྱིས་མིག་གི་དགའ་སྟོན་ལ་རོལ་ཆོག

དེ་མིན་ངའི་དཔེ་དེབ་དེའི་རྒྱབ་ལྗོངས་སུ་བློ་རིག་དང་ཤེས་ཡོན་གྱི་དམིགས་བྱའང་བཟུང་ཡོད། ངས་ཉིན་ལྟར། ཨོག་སི་ཧྥོར་ཌི་ནས་སློབ་ཕྲུག་ཚོར། འགྲེམས་སྟོན་ཁང་དག་གི་ལོ་རྒྱུས་དང་། ཤུལ་དངོས་དང་གསོག་འཇོག་ཁག མི་སེར་སྤེལ་བའི་དུས་དང་ད་ལྟའི་དུས་སུ་འགྲེམས་སྟོན་ཁང་དག་ཆབ་སྲིད་ཀྱི་ངོ་བོར་ཇི་ལྟར་བེད་སྤྱོད་བྱེད་ཀྱི་ཡོད་མེད། དེའི་མཚོན་དོན་སྐོར་གྱི་ཁྱབ་རྒྱ་ཆེ་བའི་གླེང་སློང་བཅས་ཀྱི་སྐོར་སློབ་ཁྲིད་བྱེད་ཀྱི་ཡོད། ངས་ཨ་ཧྥེ་རི་ཁ་དང་། རྒྱ་གར། ཨ་རིའི་གདོད་མའི་སྤྱི་ཚོགས་བཅས་ཀྱིས་ཤུལ་དངོས་འདི་དག་ལ་བཟུང་བའི་ལྟ་སྟངས་ཏེ་བོད་ཀྱི་ཤུལ་དངོས་དག་ལའང་སྦྱར་འདོད་འདུག། གང་ལེགས་ཤེ་ན། དེ་འདྲའི་རིག་པའི་གཞུང་ལུགས་ཤིག་བཀོལ་བ་དེས་དུས་རབས་ཉི་ཤུ་བ་དང་ཉི་ཤུ་རྩ་གཅིག་གི་བོད་ཀྱི་ཆབ་སྲིད་གནས་བབ་ཉམས་ཞིབ་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་གི་རེད་སྙམ་གྱི་ཡོད།

དཔེ་དེབ་ཀྱི་འགོར། ངས་འགྲེམས་སྟོན་ཁང་དག་དཔེ་རུ་སྦྱར་ནས། འགྲེམས་སྟོན་ཁང་དག་དང་དེའི་ནང་གི་ཤུལ་དངོས་དག་གིས་ཀྱང་བོད་ཀྱི་གཞན་གྱི་དབང་བསྒྱུར་གྱི་ཉམས་མྱོང་དག་མཚོན་པར་བྱས་ཡོད། གསར་འགོད་པ་ཨེ་སེ་བྷལ་ཧར་ཌོན་(Isabel Hilton)གྱི་དཔེ་ཆའི་ནང་དུ་ལུང་འདི་འདྲ་ཞིག་ཡོད། “དུས་རབས་ཉི་ཤུ་བའི་ནང་དུ་བོད་ཀྱི་ཤུལ་དངོས་མང་དག་ཅིག་གཏོར་བཅོམ་དང་ཕྱིར་འདྲེན་བྱས་པར་ཐུན་མོ
ང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད།” ངས་ཁོ་མོའི་ལྟ་ཚུལ་ལ་མོས་མཐུན་བྱེད་ཀྱི་ཡོད། ངས་བྲིས་བའི་དཔེ་དེབ་ཀྱིས་ཉམས་ཉེས་སུ་ཕྱིན་པའི་ལོ་རྒྱུས་ཤིག་ཡིག་ཚགས་སུ་ཉར་ཡོད་སྙམ་གྱི་ཡོད། རྒྱུ་མཚན་གང་ལེགས་ཤེ་ན། ༡༩༠༣་ནས་༡༩༠༤་བར་ལ་དབྱིན་ཇིའི་ཡང་ཧ་སི་པན་ཌིས་(Young Husband)སྣེ་ཁྲིད་པའི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས། བོད་ཀྱི་ཤུལ་དངོས་མང་པོ་ཞིག་ཕྱིར་འདྲེན་བྱས་འདུག ༡༩༥༠་ནས་བཟུང་དབང་བསྒྱུར་བྱེད་མཁན་གྱི་རྒྱལ་ཁབ་མི་འདྲ་བ་ཞིག་གིས་དེ་མཚུངས་ཀྱི་བྱ་སྤྱོད་སྤེལ་ཡོད། དུས་རབས་བཅུ་དགུ་བའི་ནང་དུ་བཅའ་དངོས་མང་དག་ཅིག་གཞན་ལག་ཏུ་ཤོར་བའི་བྱང་ཨ་རིའི་གདོད་མིའི་སྤྱི་ཚོགས་དང་། གཞན་དབང་བསྒྱུར་འོག་ཏུ་ཡོད་པའི་ཨ་ཧྥེ་རི་ཁ་ལྟ་བུར་བསྡུར་ན། ངས་བོད་ཀྱི་གནས་བབ་ནི་རྒྱུན་ལྡན་མ་ཡིན་པ་དང་། གནད་དོན་དམིགས་བསལ་བ་ཞིག་རེད་སྙམ་གྱི་ཡོད། ཉེ་བའི་ལོ་ངོ་བཅུ་ཕྲག་ཁ་ཤས་ཀྱི་རིང་། ཤུལ་དངོས་དག་གཞན་ལག་ཏུ་ཤོར་བའི་གོང་ཞུས་ས་ཁུལ་དག་གི་གནས་བབས་ལ་འཛམ་གླིང་གང་སར་གྲོས་བསྡུར། གླེང་སློང་། ལས་འགུལ་གང་མང་སྤེལ་ཡོད་ཀྱང་། བོད་ཀྱི་གནས་བབས་ལ་སེམས་ཁུར་བྱེད་མཁན་བྱུང་མེད། འོན་ཀྱང་། གནད་དོན་དམིགས་བསལ་བ་ཞིག་ནི་(འཛམ་གླིང་ཡང་རྩེ་ནས་བྱུང་བའི་ནོར་བུ།)ཞེས་བའི་འགྲེམས་སྟོན་དེ་ནི་གོང་ཞུས་ཀྱི་དཔེ་གཅིག་ཡིན། དེ་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྣེ་འཁྲིད་པའི་ལས་འགུལ་སྤེལ་སའི་སྡིངས་ཆ་ལྟ་བུ་ཞིག་ཆགས་པས། ངས་དཔེ་དེབ་ཀྱི་ནང་དུ་བཀོད་ཡོད།

ཀུན་སློང་ཆེ་ཤོས་གཞན་ཞིག་ནི། ང་རང་ལོ་བཅོ་བརྒྱད་སྐབས་སུ་མ་སུ་རིར་ཡོད་པའི་བོད་ཀྱི་སྐྱབས་བཅོལ་བའི་གཞིས་ཆགས་སུ་བྱ་བ་སྒྲུབ་སྐབས། སོ་སོར་སློབ་སྦྱོང་དང་ཉམས་མྱོང་མང་པོ་ཞིག་རག་པའི་བཀའ་དྲིན་གསབ་པའི་ཆེད་དུ་ཡིན། དཔེ་དེབ་འདི་བོད་པའི་སྤྱི་ཚོགས་བརྒལ་ཏེ། བོད་ནང་དུ་ཅི་ཞིག་བྱུང་ཡོད་མེད་མི་ཤེས་མཁན་གྱི་མི་ཚོའི་ལག་ཏུ་སླེབས་ཐུབ་པའི་གདེང་ཚོད་ཡོད་པས། ཉམས་ཞིབ་ཀྱི་གཞི་རྩ་མ་འཕྱུག་པའི་དཔེ་དེབ་ཅིག་པར་བསྐྲུན་བྱེད་རྒྱུ་ནི་ངའི་འགན་རེད། འདི་ནི་གཞན་སེམས་འགུག་ཐུབ་པའི་བསམ་བློ་དང་། མི་མང་ཚོས་དགག་སྒྲུབ་བྱེད་ཡུལ་ཞིག་ཀྱང་ཆགས་པའི་རེ་བ་བྱེད་ཀྱི་ཡོད།

དྲི་བ།
དཔེ་དེབ་ཀྱི་ཕྱེད་ཀ་ནི་དབང་བསྒྱུར་མཁན་དག་གིས་ཡོད་ཚད་གཏིང་ནས་བསྔོག་འདོན་བྱས་པའི་ཆ་ཤས་ངོ་མཚར་ཅན་ཞིག་རེད། ང་ཁྱེད་ཀྱི་པས་ཌི་གཙང་པོའི་འགྲེམས་སྟོན་ཁང་གི་ལས་འགན་ཤེས་མཁན་དང་། ཁྱེད་ཀྱིས་དེ་སྔོན་པར་བསྐྲུན་བྱས་པའི་བརྩམས་ཆོས་(ལྷ་ས་མཐོང་བ)་ཞེས་པར་རྒྱུས་མངའ་ཡོད་མཁན་ཞིག་གི་ངོས་ནས་བལྟས་ན། དཔེ་དེབ་ཀྱི་ཆ་ཤས་འདི་ནུས་ཤུགས་ཆེན་པོ་ཞིག་རེད་སྙམ་པའི་མཚར་སྣང་དེ་སྐྱེས་མ་སོང་། ཁྱེད་ཀྱིས་རྒྱ་ཆེ་ས་ནས་བོད་འདི་ཕྱི་ཕྱོགས་ལ་སྒོ་བརྒྱབ་པའི་དུས་སྐབས་སུ། དུས་རྒྱུན་བོད་ནས་ཡོང་བའི་ཆོས་ཀྱི་མཆོད་རྫས་དག་གིས་བོད་ཀྱི་ས་ཆའི་ཚོར་བ་སྟེར་བ་དང་། དེ་རིམ་བཞིན་བོད་ཀྱི་སྒྱུ་རྩལ་ཆགས་པ་རེད་ཅེས་བརྗོད་འདུག། ཁྱེད་ཀྱི་དཔེ་དེབ་ནང་དུ་གསལ་ཁ་བཏོན་པ་ལྟར། བོད་པ་ཚོར་མཚོན་ན། བྱིན་རླབས་ཅན་གྱི་མཆོད་རྫས་དག་འགྲེམས་སྟོན་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད་སྙམ། ངའི་ཤེས་འདོད་ཆེ་བའི་གནད་དོན་ཞིག་ནི། ད་ལྟའི་དུས་སུ། ཁྱེད་ཀྱི་ལྟ་ཚུལ་ལྟར་ན། འགྲེམས་སྟོན་ཁང་དག་གིས་བོད་ཀྱི་བྱིན་རླབས་ཅན་གྱི་མཆོད་རྫས་དག་ལ་ཚོར་བ་རྣོན་པོ་བྱེད་ཀྱི་འདུག་གམ། བོད་དང་འབྲེལ་བའི་དངོས་རྫས་ཅི་ཞིག་ཡིན་ཀྱང་འགྲེམས་སྟོན་བྱེད་ཀྱི་འདུག

ལན།
བྱིན་རླབས་ཅན་གྱི་སྐུ་འདྲ་དག་ལ་ཆ་འཇོག་བྱེད་ཕྱོགས་ཀྱི་ཐད་ནས། འགྲེམས་སྟོན་ཁང་ཁག་ཅིག་གིས་འགྲེམས་སྟོན་ཁང་གཞན་ཁག་ལས་ཕྱག་ལས་ཡག་པོ་སྒྲུབ་པར་བརྩོན་ལེན་བྱེད་ཀྱི་འདུག དཔེར་ན། ཨ་རིའི་ནེ་ཝར་ཁི་(Newark Museum)འགྲེམས་སྟོན་ཁང་དུ་བོད་ཀྱི་བཟོ་བཀོད་ཇི་བཞིན་བཟོས་བའི་ལྷ་ཁང་ཞིག་ཡོད་པ་དེར་བོད་ཀྱི་བླ་མ་ཞིག་གིས་རབ་གནས་བྱས་ཡོད། ལེ་ཝིལ་པོལ་(LiverPool)་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་གསར་བ་བྱས་པའི་ནང་དུ། མཆོད་ཁྲི་གཅིག། ལྷ་ཁང་གཅིག་བཅས་འདུག ལོགས་སུ་བཀར་བའི་ས་ཆ་དེས་དངོས་རྫས་ཀྱི་བྱིན་རླབས་རང་བཞིན་གལ་ཆེན་བརྩིས་འདུག ནེའུ་ཡོག་གྲོང་ཁྱེར་གྱི་རོས་བྷེན་(Rubin)་འགྲེམས་སྟོན་ཁང་དུའང་དེ་མཚུངས་ཀྱི་ལྷ་ཁང་ཞིག་འདུག འགྲེམས་སྟོན་ཁང་འདི་དག་ནི་རིག་གཞུང་གི་རིན་ཐང་ལ་ཚོར་བ་རྣོ་བའི་ལྟ་སྟངས་འཛིན་པར་ཐབས་ཤེས་བྱེད་མཁན་དང་། བོད་ཀྱི་བཅའ་དངོས་འགྲེམས་སྟོན་དང་འགྲེལ་བརྗོད་བྱེད་པའི་ཐབས་ལམ་ཡང་ཚུལ་དང་ལྡན་པ་ཞིག་སྟོན་ཐབས་བྱེད་མཁན་དག་རེད།

སྤྱིའི་ཆ་ནས་འཛམ་གླིང་གང་སར་ཡོད་པའི་འགྲེམས་སྟོན་ཁང་རིགས་འདྲ་མིན་གྱི་ནང་དུ། འགྲེམས་སྟོན་དངོས་རྫས་དག་ཡོང་སའི་སྤྱི་ཚོགས་ཀྱི་རིན་ཐང་ལ་ཚོར་བ་རྣོན་པོའི་སྒོ་ནས་གཟབ་གཟབ་ཀྱིས་བསམ་གཞིགས་བྱེད་ཀྱི་ཡོད། ལྷག་པར་ཏུ་མི་རྒྱུད་དཔྱད་རིག་གི་འགྲེམས་སྟོན་ཁང་དག་གི་ནང་དུ་སྣང་ཚུལ་འདི་ཤུགས་ཆེན་པོ་ཡོད། འདི་ནི་༡༩༨༠་ལོ་ནས་བཟུང་མི་རྒྱུད་དཔྱད་རིག་དང་དེའི་ལམ་ལུགས་ནི་དབང་བསྒྱུར་བ་རེད་ཅེས་པའི་སྐྱོན་བརྗོད་ཤུགས་ཆེན་སླེབས་པ་དང་མཉམ་དུ་ཁ་ཕྱོགས་འདི་འདྲ་ཞིག་གི་ཕྱོགས་སུ་གོམ་པ་སྤོས་བ་རེད། དེར་བརྟེན། གནད་དོན་འདིེར་དཀའ་ངལ་མང་དག་ཅིག་ཡོད། བདག་དང་པས་ཌི་གཙང་པོའི་འགྲེམས་སྟོན་ཁང་གི་འགན་འཛིན་གཉིས་ཀྱིས་(དེང་སང་གི་མི་དཔྱད་རིག་པ་)ཞེས་པའི་དུས་དེབ་སྟེང་དུ་མི་རིགས་རྣམ་བཤད་ཀྱི་འགྲེམས་སྟོན་ཁང་དག་གི་མ་འོངས་བ་ཐག་གཅོད་བྱེད་སྤྱད་ཀྱི་འཕེལ་ཕྱོགས་ཆེ་ཁག་རྣམས་གླེང་སློང་བྱས་ཡོད། འཕེལ་ཕྱོགས་དེ་དག་གི་ནང་ནས་གཅིག་ནི། དབང་བསྒྱུར་བའི་གྲུབ་ཆ་དག་གི་ཁ་བསྔོགས་ཤིང་། འགྲེམས་སྟོན་ཁང་གི་སྒོ་ཐེམ་ཡངས་པོར་བྱས་ཏེ། འགྲེམས་སྟོན་ཁང་གི་དངོས་རྫས་དག་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་དང་། ད་ལྟའི་དུས་ཀྱི་སྤྱི་ཚོགས་ཀྱི་ཕྱི་དབྱིབས་དང་མཐུན་པའི་རྣམ་པ་ཞིག་བཞེངས་རྒྱུ་དེ་རེད། འདི་ནི་ལས་འགན་མི་འདྲ་བ་ཞིག་ཡིན་སྲིད།

རྒྱུ་མཚན་ཅིའི་ཕྱིར་ཞེ་ན། ནམ་རྒྱུན་འགྲེམས་སྟོན་ཁང་དག་གིས་གསོག་འཇོག་བྱས་པའི་བཅའ་དངོས་དག་འགྲེམས་སྟོན་ཁང་གི་སྒོ་ཐེམ་དུ་ཡོད་པའི་སྤྱི་ཚོགས་ཀྱི་བློ་ཁ་དང་འཚམ་་གྱི་མེད། ད་ལྟ་གསོག་འཇོག་བྱས་པའི་དངོས་རྫས་དེ་དག་དང་འབྲེལ་ཡོད་ཀྱི་མི་ཚོའི་བསམ་བློ་དང་རིན་ཐང་དབར་འགལ་བ་མེད་པ་ཞིག་བཟོ་བའི་ཁ་ཕྱོགས་འཚོལ་གྱི་འདུག འོན་ཀྱང་། བོད་དང་འབྲེལ་བའི་དངོས་རྫས་དག་གི་ཐད་ནས་རྩོལ་བ་དེ་མང་པོ་བྱུང་མེད་ཅེས་བརྗོད་མི་ཆོག་པ་མེད་ཀྱང་། ཧོ་མས་མན་(Homiman)་འགྲེམས་སྟོན་ཁང་གིས་འགྲེམས་སྟོན་ཁང་གི་བྱེད་སྒོ་དག་ལོན་སྒྲོན་དུ་རྟེན་གཞི་བྱས་པའི་བོད་པའི་སྤྱི་ཚོགས་ལ་སླེབས་ཐབས་ཀྱི་ལས་འཆར་ཞིག་གི་སྒོ་མོ་ཕྱེས་ཡོད་ལ། པས་ཌི་གཙང་པོའི་འགྲེམས་སྟོན་ཁང་གི་ངོས་ནས་བོད་ཀྱི་པར་དེབ་བཟོས་ཏེ། ང་ཚོ་དང་ཐག་ཉེ་རིང་ཀུན་དུ་ཡོད་པའི་ཀློག་པ་པོ་རྣམས་ཀྱི་ལོངས་སྤྱོད་ཀྱི་བགོ་སྐལ་དུ་བསྟར་ཡོད། ཆོས་ཀྱི་ཆོ་ག་ཕྱག་ལེན་གྱི་ཡོ་ཆས་དང་འབྲེལ་བའི་སྐོར་ལ་ངས་རྒྱུན་རིང་པོ་ཞིག་ནས་བཟུང་བསམ་གཞིགས་བྱེད་མགོ་བཙུགས་པ་ཡིན། གང་ལགས་ཤེ་ན། བོད་ཀྱི་སྒྱུ་རྩལ་གྱི་ཆ་ཤས་ཤིག་ནི་གཞི་རྩའི་ཐོག་ནས་ཆོས་ཀྱི་དམིགས་བྱ་བྱ་དང་འབྲེལ་ནས་བཟོས་འདུག དངོས་ཡོད་གནས་ཚུལ་ཐོག ངའི་བརྩམས་ཆོས་ཀྱིས་དབྱིན་ཇིའི་བརྡ་ཆད་སྟེ།

བོད་ཀྱི་སྒྱུ་རྩལ་གྱི་མགོ་འཛུགས་ས་དང་། དེ་གང་འདྲ་ཞིག་ལ་གོ་དགོས་མིན་གྱི་ཐད་ནས་རྩད་གཅོད་བྱས་ཡོད། ང་ལ་བསམ་བློ་འདི་འདྲ་ཞིག་འཁོར་དུས་ནི་ང་རང་ལོ་ཉི་ཤུ་ཅན་གྱི་སློབ་ཕྲུག་ཡིན་པའི་སྐབས་ཡིན། སྐབས་དེར་བོད་ཀྱི་ཕུལ་དུ་བྱུང་བའི་ལོ་རྒྱུས་སྨྲ་བ་བཀྲ་ཤིས་ཚེ་རིང་གིས་རྡ་ས་ནས་ང་ལ་སྐད་ཆ་འདི་འདྲ་ཞིག་བཤད་མྱོང་། (ཁྱེད་ཚོ་ཕྱི་གླིང་བ་རྣམས་བོད་ཀྱི་ཆོས་ལུགས་གཅིག་པུར་ཤི་འཐམ་རོ་འཐམ་བྱེད་པ་ལས། བོད་ཀྱི་མི་ཆོས་རིག་གནས་ལ་དོ་སྣང་མི་འདུག ཁྱེད་ཚོས་ནུབ་ཕྱོགས་སུ་བསྒྲུབས་དང་སྒྲུབ་བཞིན་པའི་བརྩམས་ཆོས། འགྲེམས་སྟོན། གློག་བརྙན་བཅས་སུ་བོད་ཀྱི་མི་ཆོས་རིག་གནས་མཐོང་རྒྱུ་མེད་པར། ཆོས་ཀྱི་སྐོར་རྐྱང་རྐྱང་རེད།) ཅེས་གསུངས། ལོ་ངོ་མང་པོའི་རྗེས་སུ་རང་ཉིད་འགྲེམས་སྟོན་ཁང་གི་དོ་དམ་པ་ཞིག་ཆགས་སྐབས། ངས་ལོ་རྒྱུས་སྨྲ་བ་ཁོང་གི་གསུང་དེ་འགྲེམས་སྟོན་ཁང་དང་འབྲེལ་བའི་ཐོག་ནས་བདེན་པ་ཡིན་མིན་བརྟག་པའི་གོ་སྐབས་བྱུང་། ཧོ་མིས་མན་དང་པས་ཌི་གཙང་པོའི་འགྲེམས་སྟོན་ཁང་ལྟ་བུའི་འགྲེམས་སྟོན་ཁང་དམིགས་སུ་བཀར་བ་ཁག་ཅིག་ཕར་ཕུད་པའི་སྤྱིའི་ཆ་ནས་ཁོང་གི་གསུང་དེ་ལ་བདེན་ཁ་སྟེར་དགོས་བྱུང་།

འགྲེམས་སྟོན་ཁང་འདི་གཉིས་ནི་མི་རྒྱུད་དཔྱད་རིག་གི་འགྲེམས་སྟོན་ཁང་གཉིས་ཡིན་པས། མི་སེར་དཀྱུས་མ་རྣམས་ཀྱི་ཉིན་རེའི་འཚོ་བའི་དགོས་མཁོའི་ཤུལ་རྫས་རྣམས་གསོག་འཇོག་བྱས་ཡོད། ༡༩༠༣་ནས་༡༩༠༤་བར་གྱི་ཡང་ཧ་སི་པན་ཌིས་བོད་ལ་མྱུལ་ཞིབ་བྱས་པའི་སྡེ་ཚན་གྱི་ནང་དུ་ངས་ཐོག་མརདཔེ་དེབ་ཅིག་གི་ནང་དུ། ཁོང་གི་དམག་དོན་མྱུལ་ཞིབ་སྐབས་སུ་བོད་ཀྱི་དངོས་རྫས་མང་པོ་ཞིག་ཕྱི་ལ་རྐུ་འཁྱེར་བྱས་པ་གཞིར་བཞག་ཐོག་བོད་ཀྱི་སྒྱུ་རྩལ་ཞེས་པའི་སྡེ་ཚན་ཞིག་གསར་དུ་བྱུང་པ་བཀོད་་ཡོད། དངོས་རྫས་དེ་དག་གནའ་དངོས་འགྲེམ་སྟོན་ཁང་དང་། སྒྱུ་རྩལ་གྱི་ཁྲོམ་ར་སླེབས་པའི་བརྒྱུད་རིམ་ཁྲོད་ནས་དམག་དོན་མྱུལ་ཞིབ་མཇུག་སྒྲིལ་ཡོད། བརྒྱུད་རིམ་འདི་ལ་བསྟེན་ནས་དབྱིན་ཇིའི་དབང་བསྒྱུར་བའི་གཞུང་ཞབས་དང་། དམག་མི། གནའ་དངོས་འགྲེམས་སྟོན་ཁང་གི་དོ་དམ་ཁག་ཅིག་གི་ཁྲོད་དུ་རྒྱུས་ཉམས་ཅན་གྱི་རིག་གཞུང་གསར་བ་འདི་བྱུང་བ་དང་། ཆེས་ཐོག་མར་གནའ་དངོས་འགྲེམས་སྟོན་ཁང་དག་གི་ནང་དུ་བོད་བརྒྱུད་ནང་བསྟན་གྱི་ཆོ་ག་ཕྱག་ལེན་གྱི་ཡོ་ཆས་རྣམས་སྒྱུ་རྩལ་ཞིག་གི་ངོ་བོར་བཀུར་བ་རེད། སྐབས་ཤིག་ང་ལ་བོད་ནས་འཁྱེར་ཡོང་བའི་གནའ་དངོས་ཨ་སྒོར་༣་གྱི་རིན་ཐང་ཅན་ཞིག་བསྟན་བྱུང་།

ཁོ་མོ་ཉམས་ཞིབ་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ང་ལ་ཤུགས་རྐྱེན་ཆེས་ཆེར་ཐེབས་མཁན་ནི་ང་རང་མཐོ་སློབ་འགྲིམས་སྐབས་ཀྱི་སློབ་ཁྲིད་བྱེད་མཁན་རྣམས་དང་། ངས་དཔེ་དེབ་གསར་བ་འདིའི་ནང་དུ་རྩོལ་བ་བྱས་ནས་བྲིས་བའི་ནང་དོན་གྱི་ཆ་དང་མཚུངས་པའི་དཔེ་དེབ་ཁག་རེད། དཔེར་ན། པར་ཐ་མས་ཏིར་(Parth Mitters) གྱི་ཡོ་རོབ་པ་ཚོས་རྒྱ་གར་གྱི་སྒྱུ་རྩལ་ལ་ལྟ་སྟངས་བཀོད་པའི་བརྩམས་ཆོས་“སྐུར་བ་ཆེས་ཆེར་བཏབ་པའི་བདུད”་ལྟ་བུ་རེད། དེའི་ནང་གི་གནད་དོན་མང་པོ་ཞིག་བོད་པའི་སྒྱུ་རྩལ་གྱི་ལས་དབང་དང་འདྲ་བའི་ཆ་མང་ཡང་། རྒྱུ་རྐྱེན་གང་མང་ཞིག་གི་རྐྱེན་པས། བོད་ཀྱི་གནད་དོན་ནི་ཅུང་རྙོག་འཛིང་ཆེ་བ་ཞིག་རེད། བོད་པ་ཚོར་རང་གི་དངོས་རྫས་རྣམས་ལ་སྟངས་འཛིན་བྱེད་དབང་དང་འཇུག་སྒོ་དཀོན། བོད་པ་ཚོས་རང་གི་དངོས་རྫས་དང་འབྲེལ་བའི་བརྗོད་འདོད་པའི་གཏམ་རྒྱུད་ཅིག་བཤད་ཐུབ་ཀྱི་མེད། མདོར་བསྡུས་ན། ང་ལས་བོད་མི་ཞིག་གིས་གཏམ་རྒྱུད་དེ་བརྗོད་ན་ལེགས་པ་ཡོད་ཀྱང་། གནས་སྐབས་སུ་ངས་ངོས་ནས་སྦས་སྐུང་བྱས་པའི་ལོ་རྒྱུས་ཤིག་པར་བསྐྲུན་མ་བྱས་པའི་ངོ་མཚར་ཆེ་བའི་འདྲ་པར་ཁག ཐུན་མོང་མ་ཡིན་པའི་དངོས་རྫས་ཁག་ཅིག་གི་གསང་བ་གཏོལ་བ་དང་།རང་ཉིད་ཀྱི་བསམ་ཚུལ་བཀོད་དེ་གཞན་པ་ཚོས་རང་ལུགས་ཀྱིས་འཚོལ་ཞིབ་བྱེད་དུ་འཇུག་པའི་ལེགས་སྐྱེས་ཤིག་འབུལ་རྒྱུ་ཁོ་ན་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 4 བཀོད་འདུག

4 Responses to “འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(སྔ་མ)

  1. ཀླུ་སྨྱོན་ ནས།

    བོད་པ་ཚོ་གནའ་རྫས་ལ་བྱིན་རླབས་ཞུ་བ་འམ་ཡང་ན་གནའ་རྫས་བཙོངས་ནས་རིན་པ་རྩི་རྒྱུ་མ་གཏོགས། གནའ་རྫས་རང་གི་སྟེང་ན་ཡོད་པའི་ལོ་རྒྱུས་ཀྱི་རིན་ཐང་ལ་རྟོག་ཞིབ་བྱེད་དགོས་ཟེར་ན་ཁྲེལ་དགོད་བྱས་ནས་ཁ་ནང་གི་སོ་ཚང་མ་ཟླ་བ་དང་མིག་དམར་གྱི་ཕྱོགས་སུ་གཏོར་གི་རེད།

  2. ནམ་མཁའ་ ནས།

    དེང་སང་ལྷག་པར་དུ་བོད་པ་ཚོང་པ་ཚོས་དགོན་སྡེ་སོགས་ནས་གནའ་རྫས་རྐུས་ཏེ་རྒྱ་ནང་སོགས་སུ་བཙོང་གི་ཡོད།ཁོང་ཚོ་དགོས་བ་སྒོར་མོ་མ་གཏོགས་དངོས་རྫས་ལོ་རྒྱུས་ཅན་དགོས་ཀྱི་མེད།དེ་ཤེས་ཀྱི་མེད།

  3. བསྟན་པ་ ནས།

    གཅིག
    དབྱིན་ཡུལ་གྱི་འགྲེམས་སྟོན་ཁང་དག་ན་ཡོད་པའི་བོད་ཀྱི་ཐང་ཀ་དང་འདྲ་སྐུ། གནའ་རྫས་སོགས་ཚུད་པའི་དངོས་རིགས་འདི་དག་སུ་ཞིག་གིས་བོད་ནས་དབོར་བ་ཡིན་ནམ། ཇི་ལྟར་དབོར་བ་ཡིན་ནམ། དབོར་མཁན་དེ་ལ་ཆོག་མཆན་སྤྲོད་མཁན་སུ་ཡིན་ནམ།

    གཉིས།
    གནས་རྫས་འདི་དག་བོད་ནས་དབོར་བ་རེད་དམ། ཡང་ན་རྐུས་བ་རེད། ཡང་ན་སྐུ་དྲག་ཚོས་དབྱིན་ཇིའི་མི་དཔོན་དང་ཚོང་དཔོན། གྲོགས་པོ་ཚོར་ལེགས་སྐྱེས་སུ་སྤྲད་པ་རྐྱང་རེད་དམ། འདི་དག་བོད་ཀྱི་དགོན་པ་གང་དག་ནས་འཁྱེར་འདུག་གམ། གནད་དོན་འདི་དག་ཚང་མར་ཞིབ་འཇུག་བྱེད་རྒྱུ་འདུག

  4. ན་བུན་ ནས།

    ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་གནའ་མི་ཚོའི་ལྷ་རྟེན་ཆོས་གསུམ་རྐུ་འཁྱེར་ལྐོག་འཚོང་བྱས་ནའང་མི་སྐྱོན་མོད། མི་རིགས་ཤིག་ཚོང་རྫས་བྱེད་པ་འདི་ངོ་མ་འཇིགས་རུང་བ་ཞིག་མ་ཡིན་ནམ།

Write a Reply or Comment

Your email address will not be published. Required fields are marked *

*