“འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(བར་མ)

སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།
བཅར་འདྲི་ཞུ་ཡུལ། ཁི་ལེར་ཧེ་རས།
བཅར་འདྲི་ཞུ་མཁན། བདེ་ཆེན་སྤེན་པ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
ཁྱེད་ཀྱིས་དཔེ་དེབ་ཀྱི་སྡེ་ཚན་ལྔ་བ་དང་དྲུག་པའི་ནང་དུ་འདི་ལྟར་འཁོད་འདུག རྡ་སར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དང་ལྷ་སར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་གཉིས་ཀ་སོ་སོའི་རང་ལུགས་མ་འདྲ་བའི་ཐོག་ནས་སེམས་སུ་ཆབ་སྲིད་ཀྱི་ལྟ་གྲུབ་མ་འདྲ་བས་ཀུན་ནས་བསླངས་བ་དང་ལས་ལ་བཅུག་པ་ཞིག་རེད་ཅེས་གསལ་སྟོན་བྱས་འདུག རྡ་སའི་འགྲེམས་སྟོན་ཁང་ནི་བཙན་འཛུལ་གྱི་ཆབ་སྲིད་ཀྱིས་བཏུམས་པ་དང་། ལྷ་སའི་འགྲེམས་སྟོན་ཁང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་བཅིངས་འགྲོལ་གྱི་སྐད་ཆ་བཤད་ཀྱི་འདུག དེ་གཉིས་ཀྱི་ཡོད་ཚད་འགལ་བ་ལྟག་སྤྲོད་རེད། ང་རྡ་སར་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་འགྲོ་མྱོང་མེད་ཀྱང་། ༢༠༠༨་ལོའི་ཕྱི་ཟླ་༥་བའི་ནང་པེ་ཅིང་དུ་བསྒྲུབས་པའི་འགྲེམས་སྟོན་(རྒྱ་ནག་གི་བོད། འདས་དང་ད་ལྟ།)ལ་བལྟས་བ་དྲན་གྱི་འདུག རྒྱ་ནག་གིས་བོད་ཀྱི་སྣང་བརྙན་སྟོན་པའི་སྐབས་སུ་རིག་གནས་གསར་བརྗེ་ཆེན་མོའི་དུས་སྐབས་སུ་འགག་ནས་བསྡད་ཡོད་པ་ཚོར་བྱུང་། འགྲེམས་སྟོན་གྱི་འདྲ་པར་མཐའ་མ་ནི་བོད་མི་ཞིག་གིས་ལག་ཏུ་མོ་ཙེ་ཏུང་གི་འདྲ་པར་ཞིག་བཟུང་ནས་རུ་སྒྲིག་གཏོང་བཞིན་པ་ཞིག་རེད།

ལན།
ཁྱེད་རང་རྡ་སའི་བོད་ཀྱི་འགྲེམས་སྟོན་ཁང་དུ་ལྟ་སྐོར་ལ་མ་སོང་བ་གནད་འགག་ཞིག་མ་རེད། གང་ལགས་ཤེ་ན། དེས་བོད་མི་སྐྱབས་བཅོལ་བ་ཚོས་ཡག་ཤོས་ཤེས་བའི་གནས་ཚུལ་ཞིག་བརྗོད་ཀྱི་འདུག ངས་དཔེ དེབ་ནང་དུ་འདི་ལྟར་བཀོད་ཡོད། བོད་ཀྱི་འགྲེམས་སྟོན་ཁང་ནི་བཙན་བྱོལ་བོད་གཞུང་གིས་ཕྱི་མི་ཡུལ་སྐོར་བ་ཚོའི་སེམས་ཁུར་དང་རྒྱབ་སྐྱོར་སློང་ཆེད་དུ་བཙུགས་པ་རེད། དེ་ནི་ཨེ་སི་རལ་(Israel)་དུ་ཡོད་པའི་ཡ་རྡི་བ་ཤེམ་(Yad Vashem)་འགྲེམས་སྟོན་ཁང་དང་དང་གཅིག་པ་རེད། དམིགས་ས་གཙོ་བོ་ཕྱི་མི་རེད།༢༠༠༨་ལོར་ངས་དཔེ་དེབ་མཇུག་སྒྲིལ་བ་རེད། དཔེ་དེབ་ཀྱི་མཇུག་བསྡུ་བའི་གཏམ་གྱི་ནང་དུ་ལོ་དེར་པེ་ཅིང་ལ་དྲིལ་བསྒྲགས་ཀྱི་འགྲེམས་སྟོན་ཞིག་བསྒྲུབས་པའི་སྐོར་བྲིས་ཡོད། དེ་ནི་ཁྱེད་ཀྱི་མཐོང་བའི་འགྲེམས་སྟོན་དེ་ཡིན་ཤག་རེད། ལོ་དེ་ནི་གོང་དཀར་རྒྱ་མཚོ་བེས་ནེ་སེས་བྷེན་ནེལ་(VeniceBiennale)་དུ་བརྩམས་ཆོས་འགྲེམས་སྟོན་བྱེད་མཁན་གྱི་བོད་མི་དང་ཤོས་ཆགས་པའི་ལོ་ཡིན། སྐབས་དེ་ག་རང་ལ་པེ་ཅིང་དུ་འགྲེམས་སྟོན་ཞིག་བྱས་སོང་། དེ་ནི་ངས་དཔེ་དེབ་ནང་དུ་གླེང་སློང་བྱེད་བཞིན་པ་དག་གི་རྒྱབ་རྟེན་ལྟ་བུ་ཆགས་སོང་།

དེ་འདྲའི་འགྲེམས་སྟོན་ཁག་ནི་ད་དུང་ཡིན་ནའང་། པེ་ཅིང་གིས་སྟངས་འཛིན་བྱས་ཏེ། བོད་པ་རྣམས་འདས་བ་དང་གདོད་མའི་སྒྲོམ་གཞི་ཞིག་གི་ནང་དུ་འཇུག་གི་ཡོད། དེ་མཚུངས་ཀྱི་ཐབས་ལམ་ཞིག་གསར་འཛུགས་བྱེད་མཁན་ནི་དབྱིན་ཇི་རེད། ༡༩༥༠་ལོ་ནས་བཟུང་། རྒྱ་ནག་དམར་ཤོག་ཚོགས་པས་ཐབས་ལམ་དེ་བེད་སྤྱོད་ཤུགས་ཆེར་བཏང་ཡོད། ཐ་ན། ཁ་སང་དེ་རིང་གི་དུས་ཚོད་ལའང་།ལྷ་ས་དང་པེ་ཅིང་གཉིས་ཀར་ཡོད་པའི་འགྲེམས་སྟོན་ཁང་དག་གི་ནང་དུ་བོད་པ་མཚོན་སྟངས་ནི། ནང་དོན་དང་ཕྱི་དབྱིབས་གཉིས་ཆ་ནས་རིག་གཞུང་གི་གསར་བརྗེ་བ་ཞིག་རེད། དཔེར་ན། པོ་ཏ་ལའི་ཞོལ་གྱི་ཐོག་བརྩེགས་དག་གི་ནང་དུ་ཡོད་པའི་འགྲེམས་སྟོན་དག་ཀྱང་འདི་འདྲ་རེད། འགྲེམས་སྟོན་དངོས་རྫས་ཀྱི་ནང་དུ། རིག་གནས་གསར་བརྗེ་ཆེན་པའི་སྔོན་དང་སྐབས་སུ་བྱུང་བའི་འདྲ་པར་མང་དག་ཅིག་འདུག དེ་ནི་འགྲེམས་སྟོན་བྱས་པའི་འཐབ་རྩོད་ཀྱི་རྣམ་པ་ཞིག་འདྲ་བོ་འདུག རྩ་བའི་ཆ་ནས། ལྷ་སར་མཁོ་བའི་དེང་དུས་བོད་ཀྱི་སྒྱུ་རྩལ་ནི། བོད་ཀྱི་ཕ་མེས་ཡང་མེས་ཚོ་ཁས་ལེན་གོང་བཀུར་མི་བྱེད་པ་དང་། བོད་ཀྱི་འདས་བའི་ལོ་རྒྱུས་ལ་དམའ་འབེབས་བྱེད་སྤྱད་ཙམ་རེད། ངས་པེ་ཅིང་གི་འགྲེམས་སྟོན་དག་ནི་རྩ་བའི་ཆ་ནས་ལྷ་སར་འཚམས་གཟིགས་བྱེད་མཁན་གྱི་གཞུང་ཚབ་དང་ཕྱི་རྒྱལ་གསར་འགོད་པ་དག་ལ་དམིགས་པ་ཞིག་རེད་དྲན་གྱི་ཡོད། དེར་བརྟེན། དེ་ནི་རིག་གཞུང་གི་ཕྱི་འབྲེལ་སྲིད་བྱུས་ཤིག་གམ་དྲིལ་བསྒྲགས་ཤིག་རེད། རྩ་བ་ཆ་ནས་འགྲེམས་སྟོན་དེ་ནི་༢༠༠༨་ལོར་རྒྱལ་སྤྱིའི་གསར་ལམ་ཁག་གིས་བོད་སྐད་སྤྱོད་སའི་བོད་ཀྱི་ས་ཁུལ་ཁག་གི་སྐོར་ལ་གང་བཤད་པ་རྣམས་ཀྱི་ཁ་འགོག་པ་དང་། ས་གནས་སུ་འབྱུང་བཞིན་པའི་ཡར་ལངས་ཀྱི་དོན་རྐྱེན་དག་ཕྱི་མི་ཚོས་སེམས་ངོགས་ནས་གསུབས་ཐུབ་བྱས་པ་ཞིག་རེད། མ་ཟད། དེ་དམིགས་ས་ཞིག་ནི། བོད་ལ་ཡར་རྒྱས་དགོས་པ་དང་། བོད་དང་བོད་མི་རྣམས་གདོད་མའི་གནས་བབས་ལ་ཡོད་པའི་སྐབས་སུ། རྒྱ་ནག་གིས་མོའོ་ཡི་རིང་ལུགས་བརྒྱུད་ནས་བོད་དེང་རབས་ཅན་དུ་བསྒྱུར་བ་ཞིག་མཚོན་ཐབས་བྱེད་ཀྱི་ཡོད་པ་གསལ་བོ་རེད།

སྤྱིར་བཏང་ངས་དཔེ་དེབ་འདི་ཆབ་སྲིད་ཀྱི་སྐོར་མིན་རབས་བཤད་ཀྱི་ཡོད། ང་ནི་སྲིད་དོན་ཚན་རིག་པ་ཞིག་མིན།འགྲེམས་སྟོན་ཁང་དག་ནི་ཆབ་སྲིད་ཀྱི་ཆེད་དུ་མིན་པ་ཨ་ཅང་ཅང་། འོན་ཀྱང་། འགྲེམས་སྟོན་ཁང་དག་གི་མཐུན་རྐྱེན་སྤྱོར་མཁན་དང་འགན་འཛིན་རྣམས་ཀྱིས་ཆབ་སྲིད་ངོ་བོར་བེད་སྤྱོད་གཏོང་བའི་ཐག་གཅོད་བྱས་ན། ཆབ་སྲིད་ཤུགས་ཆེ་སའི་གནས་ཤིག་ཆགས་ཀྱི་རེད། ངས་བལྟས་ན། ༢༠༠༨་ལོར་པེ་ཅིང་དུ་བཀོད་སྒྲིག་བྱས་པའི་འགྲེམས་སྟོན་ནི་སྲིད་དོན་ཀྱི་ཆེད་དུ་བཀོལ་བ་ཞིག་རེད།

དྲི་བ།
གལ་ཏེ། རྡ་ས་དང་པེ་ཅིང་གཉིས་ཀས་འགྲེམས་སྟོན་ཁང་དག་ཆབ་སྲིད་ཀྱི་བརྡ་དམིགས་བསལ་བ་ཞིག་སྤྲོད་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པའི་དབང་དུ་བཏང་ན། དེང་དུས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཁག་ནི་བོད་པ་ཚོའི་ཕྱི་ནང་གསང་གསུམ་མཚོན་སའི་གནས་ཤིག་ཆགས་ཀྱི་རེད་སྙམ་གྱི་ཡོད་དམ།

ལན།
ངས་བལྟས་ན། འདི་ནི་མི་མང་པོ་ཞིག་གིས་སེམས་སུ་འཁོར་གྱིིན་པ་ཞིག་རེད་སྙམ་གྱི་ཡོད། བོད་ཀྱི་སྒྱུ་རྩལ་བ་ཚོས་བཞེངས་བའི་དེང་རབས་བོད་ཀྱི་སྒྱུ་རྩལ་ནི་ཁྱེད་ཀྱིས་བོད་ཀྱི་རིག་གཞུང་གི་སྣ་ཚོགས་རང་བཞིན་དང་འཕྲུག་ཉམས་མཐོང་སའི་བརྒྱུད་ལམ་ལྟ་བུ་ཞིག་རེད། དེ་ཡང་རྒྱ་མིའི་དབང་བསྒྱུར་འོག་ཏུ་ཡོད་པའི་བོད་སྐད་བཀོལ་ཡུལ་གཅིག་པུ་ཙམ་མིན་པར། ཕྱི་སྡོད་བོད་མི་ཚོ་ཡང་དེ་མཚུངས་རེད། འདི་ནི་ང་དང་སྒྱུ་རྩལ་བ་དག ད་དུང་སྒྱུ་རྩལ་ལ་བལྟ་མཁན་གྱི་བོད་མི་ཚང་མར་གལ་ཆེན་པོ་ཆགས་ཡོད། འོན་ཀྱང་། བོད་པ་ཚོས་འཕྲུག་ཉམས་ཅན་གྱི་རིག་གཞུང་གི་འཚོ་བ་ཞིག་བསྐྲུན་པ་ཁོ་ན་མིན་པར། དྲ་རྒྱའི་ཕྱི་ནང་གཉིས་ཆར་ཁྱབ་པའི་གླུ་གཞས། གློག་བརྙན། བྲིས་རྩོམ་རིགས་འདྲ་མིན་བཅས་ཡོད། དེའི་ཁར་ད་ལྟའི་ཆབ་སྲིད་ཀྱི་གནས་བབ་ལ་གླེང་སློང་བྱེད་དཀའ་བའི་གནད་དོན་མང་པོ་ཞིག་ཀྱང་ཡོད། སྒྱུ་རྩལ་ནི་འགྲེམས་སྟོན་ཁང་དང་མི་མང་འཛོམས་སར་ཁྱབ་ཐུབ་པའི་རྐྱེན་གྱིས་ངས་དེང་རབས་བོད་ཀྱི་རི་མོའི་སྒྱུ་རྩལ་སྐོར་དཔྱད་ཞིབ་བྱས་པ་ཡིན། དཔེ་དེབ་ཀྱི་མགོ་མཇུག་བར་གསུམ་གྱི་གླེང་གཞི་ནི། འགྲེམས་སྟོན་ཁང་ནི་སྒྲིག་འཛུགས་ཤིག་ཡིན་པའི་བསམ་བློ་དང་། འགྲེམས་སྟོན་ཁང་དུ་སྟོན་གྱིན་པའི་བོད་ཀྱི་དཀའ་རྙོག་ཁག་ཡིན།

དེར་བརྟེན། ངས་དཔེ་དེབ་ཀྱི་བརྗོད་སྙིང་དུ་དེང་དུས་ཀྱི་རི་མོའི་སྒྱུ་རྩལ་བརྩམས་ཆོས་(བོད་ཀྱི་རྩོམ་རིག་དང་གླུ་གཞས་ཕུད)་བདམས་དོན་ནི། ཁོང་ཚོ་འགྲེམས་སྟོན་ཁང་དུ་མི་ཚོའི་མཐོང་ཡུལ་དུ་བཤམས་པའི་ཐོགས་རེག་ཅན་གྱི་དངོས་རྫས་ཤ་སྟག་ཡིན་པས་རེད། འགྲེམས་སྟོན་ཁང་དག་གིས་སྒྱུ་རྩལ་བ་ཚོར་ད་ལྟའི་བོད་ནང་གི་འཕྲུག་ཉམས་ཅན་གྱི་བྱུང་པ་དག་ཕྱི་ལ་སྟོན་པར་མཐུན་འགྱུར་རོགས་རམ་བྱེད་ཀྱི་ཡོད། བོད་ཀྱི་རིག་གཞུང་ཐོན་རྫས་ལ་གཞིགས་ན། བརྩམས་ཆོས་འདི་དག་ནི་དེང་རབས་ཅན་ནམ་དེང་རབས་ཅན་ཕྱི་མིའི་ཁོངས་སུ་གཏོགས་ཀྱི་ཡོད། ངས་དཔེ་དེབ་དང་པོ་འབྲི་སྐབས་སུ་འདི་ནི་ངས་དོ་སྣང་སྤྲད་ས་ཞིག་ཡིན། འོན་ཀྱང་། ༡༩༩༩་ལོར་ངས་དཔེ་དེབ་ཀློག་པོ་པོའི་མིག་དུ་བཀྲམས་པ་ནས་བཟུང་། བོད་ཀྱི་དེང་རི་མོིའི་སྒྱུ་རྩལ་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་རེད། ད་ལྟའི་དུས་སུ། ཁྱེད་ཀྱིས་བོད་མིའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་དག་ལོན་སྒྲོན། ཝེ་ནེ་སི། ནེའུ་ཡོག ཐ་ན་པེ་ཅིང་ནས་ཀྱང་ལྟ་ཐུབ། ཕྱོགས་གཅིག་ནས་འདི་ནི་དོན་བཟང་ཞིག་ཡིན་ཡང་། ལམ་ལྷོངས་བྱུང་བའི་གནད་འགག་འདི་དང་འབྲེལ་བའི་དཀའ་ངལ་ཡང་རེ་ཟུང་ཡོད། དཔེར་ན། སྒྱུ་རྩལ་བརྩམས་ཆོས་འདི་བོད་ས་རང་ལ་མེད་པར། ཅིའི་ཕྱིར་གཞན་ཡུལ་དུ་ཁྱབ་བརྡལ་ཕྱིན་པ་རེད།

བོད་དུ་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཁང་དང་། དེ་མིན་སྒྱུ་རྩལ་བརྩམས་ཆོས་དག་གཞི་གཅིག་ཏུ་སྤུངས་སའི་གནས་མེད་པ་མིན་ཡང་། ད་ལྟའི་དུས་སུ། ལྷ་ས་དང་རྡ་ས་གཉིས་ཆར་ནེའུ་ཡོག་ཏུ་ཡོད་པ་ནང་བཞིན་གྱི་རི་མོའི་སྒྱུ་རྩལ་ལ་དབྱིངས་ཞུགས་པའི་ལྟད་མོ་བ་ཧ་ཅང་ཉུང་བ་དང་། ཕྱོགས་གཅིག་ནས་རྡ་ས་དང་ལྷ་ས་གཉིས་ཆར་སྒྱུ་རྩལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གཞི་རྩའི་སྒྲིག་འཛུགས་ཤིག་མེད་པས་རེད།ད་ལྟ་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སྒྱུ་རྩལ་སློབ་སྦྱོང་བྱེད་ཐུབ་ཀྱང་། པེ་ཅིང་ངམ་ལོན་སྒྲོན་དུ་མཐོང་རྒྱུ་ཡོད་པའི་སྒྱུ་རྩལ་དུས་དེབ་དང་། སྒྱུ་རྩལ་དཔྱད་ཞིབ་པ། འགྲེམས་སྟོན་མང་པོ་ཞིག་མེད། ངས་ལྷ་སའི་སྒྱུ་རྩལ་བ་མང་པོ་དང་མཉམ་དུ་ཁ་བརྡ་བྱས་པ་ཡིན། ཁོང་ཚོས་ཆེས་བསྒྲུབ་འདོད་པའི་དོན་དག་ཞིག་ནི། སྒྱུ་རྩལ་གྱི་སྐོར་ལ་བལྟ་ཀློག་དང་བསམ་གཞིགས་བྱེད་མཁན་གྱི་བོད་མི་གཞན་པ་གང་མང་ཞིག་དང་མཉམ་དུ་འབྲེལ་འདྲིས་བྱེད་རྒྱུ་དེ་རེད། ངས་བལྟས་ན། བོད་པར་སྒྱུ་རྩལ་ལ་དང་དོད་བྱེད་ཐུབ་མཁན་གྱི་སྤྱི་ཚོགས་ཤིག་ཡོད་ཀྱང་། དེ་ནི་ཆུང་ཆུང་དང་། གནས་སྐབས་སུ་གཉིད་སད་མི་འདུག སྒྱུ་རྩལ་ལས་རིགས་ཁག་ལ་སྒྲོམ་གཞིའི་ཐོག་ནས་རྒྱབ་སྐྱོར་བྱེད་མ་ཐུབ་ན། ལྷ་ས་ནས་བྲིས་བའི་རི་མོའི་སྒྱུ་རྩལ་བརྩམས་ཆོས་དག་བོད་ནས་འཛམ་གླིང་གང་སར་ཡོད་པའི་འགྲེམས་སྟོན་ཁང་དག་གི་ནང་དུ་ཁྱབ་ཀྱི་རེད། ཡིན་ནའང་། ལྷ་སར་ཡོད་པའི་བོད་མི་རི་མོ་སྒྱུ་རྩལ་བ་ཚོས་སེམས་སུ། གལ་ཏེ། བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཤིག་སན་ཧྥི་རན་སེ་སི་ཁོ་(San Francisco)་ལ་འགྲེམས་སྟོན་བྱས་ན། ཆེས་མ་མཐའ་ཡང་ཨ་རིར་ཡོད་པའི་ཕྱི་གྱར་བོད་རིགས་སྤུན་ཟླ་ཞིག་གིས་མཐོང་གི་ཡོད་པ་ཚོར་གྱི་འདུག

དྲི་བ།
སྡེ་ཚན་བདུན་པའི་ནང་དུ། ཁྱེད་ཀྱིས་དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་མགོ་འཛུགས་ས་ནི་༡༩༨༠་ཡིན་ལ། དེ་ནི་སྐབས་དེར་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་སྣང་བརྙན་དེ་རྒྱ་ནག་གི་སྒྱུ་རྩལ་ཚོས་དབང་བསྒྱུར་ནས་ཡོད་པར་ཐད་ཀར་བཏབ་པའི་ཡ་ལན་ཞིག་རེད་ཅེས་གླེང་འདུག ངས་གནད་དོན་འདི་དོན་དང་ལྡན་པ་ཞིག་མཐོང་བྱུང་། ངས་ཞིབ་འཇུག་སློབ་མའི་ཆེད་རྩོམ་གྱི་ནང་དུ། རྒྱ་མི་གློག་བརྙན་བཟོ་སྐྲུན་མཁན་དང་རྩོམ་པ་པོ་རྣམས་ཀྱི་བོད་དང་འབྲེལ་བའི་རིག་གཞུང་བརྩམས་ཆོས་དག་ལ་ཉམས་ཞིབ་བྱས་པ་ཡིན། དཔེར་ན། གློག་བརྙན་(རྟ་རྐུན)ཞེས་པའི་ནང་དུ་དངོས་ཡོད་ཐོག་བོད་ཀྱི་སྐད་སྒྲ་ཞིག་གོ་རྒྱུ་མི་འདུག་ལ། གློག་བརྙན་གླེང་སློང་གི་མགོ་མཇུག་བར་གསུམ་དུ་བོད་པ་ཞིག་མི་འདུག འདི་ལྟར། “མངར་ཇ་མཐུན་ཚོགས་”ལྟ་བུ་ཞིག་ཚུགས་པ་ནི་དོན་སྙིང་ལྡན་པའི་འཕེལ་ཕྱོགས་ཤིག་མ་རེད་དམ། ཁྱེད་ཀྱིས་དུས་སྐབས་དེ་ནི་རྟུལ་ཕོད་ཀྱི་དུས་ཤིག་ལ་ངོས་འཛིན་གྱི་ཡོད་དམ།

ལན།
རེད། དེའི་སྐོར་ངའི་དཔེ་དེབ་དང་པོའི་ནང་དུ་བྲིས་ཡོད། དེ་ནི་ངོ་མཚར་ལྡན་པ་ཞིག དེ་ནི་གསར་བརྗེ་དང་རྟུལ་ཕོད་ཀྱི་རང་བཞིན་ལྡན་པའི་དོན་དག་བློ་ངོར་མི་ཤོང་བ་ཞིག ད་ལྟའི་དུས་དང་བསྡུར་ན། ༡༩༨༠་གྱ་གྲངས་ཀྱི་ལྷ་སའི་རིག་གཞུང་ནི་ཧ་ཅང་ལྷིང་འཇགས་ལྡན་པ་ཞིག་ཡིན་ཡང་། གལ་ཏེ། ཁྱེད་རང་སྒྱུ་རྩལ་བ་ཞིག་བྱ་འདོད་ན། ཡིན་གཅིག་མིན་གཉིས་རྒྱ་རིགས་སྒྱུ་རྩལ་བའི་མཐུན་ཚོགས་ཀྱི་ཚོགས་མིར་ཞུགས་དགོས། ༡༩༨༠་གྱ་གྲངས་ནང་བོད་ནང་གི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཁྱབ་ཁོངས་ཀྱི་མགོ་མཇུག་བར་གསུམ་དུ་ཧན་སྲོས་ལེ་(Han Shuli)་ལྟ་བུའི་རྒྱ་རིགས་ཤུགས་རྐྱེན་ཅན་དག་གིས་སྟངས་འཛིན་བྱས་ཡོད། དངོས་འབྲེལ་བྱས་ན། དཔེ་དེབ་འདིའི་ནང་དུ། ངས་འདས་སོང་གི་ཕྱོགས་སུ་གོམ་པ་ཅུང་བརྒྱབས་ནས་སྐབས་དེའི་གནས་སྟངས་ལ་ཁ་གསབ་ཅུང་བྱས་ཡོད། གང་ལགས་ཤེ་ན། ངའི་དཔེ་དེབ་དང་པོའི་ནང་དུ་ཧན་སྲོས་ལེ་ཡི་སྐོར་ཉུང་ཉུང་ལས་བཀོད་མེད། ངས་ཧན་སྲོས་ལེ་མི་སྒེར་དང་། ཁོང་དང་མཉམ་དུ་སློབ་སྦྱོང་གནང་མྱོང་མཁན་གྱི་གོང་དཀར་རྒྱ་མཚོ་དང་དགའ་བདེ་ལྟ་སོགས་ལ་བཅར་འདྲི་བྱས་ཡོད། ཁོང་ཚོ་ཚང་མར་ཧན་སྲོས་ལེ་ཡིས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་ངས་དཔེ་དེབ་དང་པོའི་ནང་དུ་བཀོད་ཐུབ་མི་འདུག

ངའི་དཔེ་དེབ་གསར་བའི་ནང་དུ། ༡༩༨༠་ནང་དུ་ལྷ་སར་རྒྱ་མིའི་སྒྱུ་རྩལ་བ་རྣམས་ཡོད་པ་ནི་ཕྱོགས་ཁ་ཤས་ཤིག་ནས་བརྒྱུད་སྐུལ་ཆེན་པོ་ཐེབས་ཡོད། དཔེར་ན། ཧན་སྲོས་ལེ་ནི་ཐོག་དང་པོར་སྟོན་པའི་སྐུ་གཙབ་རལ་དུ་བཏང་སྟེ། དེང་དུས་རི་མོའི་རྣམ་པ་ཞིག་བཞེངས་བ་རེད། དེ་ནས་བོད་ཀྱི་སྒྱུ་རྩལ་བ་རྣམས་ཁོང་གི་རྗེས་སུ་འབྲངས་བ་རེད། ཡིན་ནའང་། དཔེ་དེབ་ཀྱི་སྡེ་ཚན་བདུན་པའི་ནང་དུ་རྒྱ་ནག་གི་སྒྱུ་རྩལ་མང་པོ་ཞིག་ལྷ་སར་ཡོད་པ་དེ་བཟང་ངན་གྱི་ཆ་གཉིས་ཡོད་པ་བཀོད་ཡོད། སྐབས་དེར་བོད་ཀྱི་སྒྱུ་རྩལ་བ་རྣམས་གྲངས་ཉུང་ཤས་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ཁག་གི་ནང་དུ་བདམས་མེད་པའི་རྐྱེན་གྱིས་མངར་ཇ་ཁང་གི་མཐུན་ཚོགས་བཙུགས་པ་རེད། དེ་ནི་རྒྱ་མི་ཚོས་དབང་བསྒྱུར་བྱས་བའི་སྒྱུ་རྩལ་འཇིག་རྟེན་ལ་སྤྲད་པའི་ཡ་ལན་ཞིག་ཡིན། འདི་ནི་བཟང་ཕྱོགས་ཀྱི་དོན་དག་ཞིག་རེད། མཐུན་ཚོགས་འདི་བརྒྱུད་ནས་སྒྱུ་རྩལ་བ་ཚོས་བོད་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས་མང་པོ་ཞིག་བཞེངས་ཐུབ་པ་དང་། ཆེས་ཐོག་མའི་ལས་འཆར་གྱི་གྲས་སུ་བོད་ཀྱི་དེང་དུས་རི་མོའི་སྒྱུ་རྩལ་བརྩམས་ཆོས་སྤེལ་རྒྱུ་དེ་རེད། གོམ་སྟབས་དེ་ནི་རྒྱ་མི་ཚོས་སྟངས་འཛིན་བྱས་པའི་སྒྱུ་རྩལ་གྱི་ཁྱབ་ཁོངས་དང་རྒྱབ་འགལ་བྱས་པའི་བློ་སྤོབས་ཀྱིས་ཁེངས་བའི་འཕེལ་ཕྱོགས་ཤིག་རེད། དེ་ནི་བོད་པ་ཚོས་ཇི་ལྟར་སྒྱུ་རྩལ་བེད་སྤྱོད་ཀྱིས་རང་ཉིད་རང་གིས་ངོས་འཛིན་ཐབས་དང་། མཛེས་དཔྱོད་རྣམ་པའི་ཐོག་ནས་བོད་པ་ཚོ་ནི་རྒྱ་ནག་དང་ཁ་ཁ ་ཡིན་པའི་དབྱེ་བ་བྱེད་སྤྱད་ཀྱི་གོམ་སྟབས་ཆེན་མོ་ཞིག་རེད།

བོད་ཀྱི་སྒྱུ་རྩལ་བ་ཚོས་ད་དུང་ཡིན་ན་ཡང་། ཞིབ་བཤེར་བ་ཚོས་གོ་བ་ལོག་སྒྲུབ་བྱེད་མི་ཐུབ་པ་དང་། ལས་སླ་བོས་གོ་དོན་རྟོགས་དཀའ་བའི་འཆར་སྣང་གི་བརྩམས་ཆོས་རྣམས་ལ་ནུབ་ཕྱོགས་དེང་རབས་རིང་ལུགས་ཀྱི་གསེད་བཀྲོལ་དཀའ་བའི་བརྡ་ཆད་རེ་ཟུང་བེད་སྤྱོད་ཀྱིས་འགྲེལ་བརྗོད་བྱེད་དགོས་ཀྱི་ཡོད། སྒྱུ་རྩལ་བ་ཞིག་གི་མཐར་ཐུག་གི་འདོད་པ་ནི་རང་གི་བརྩམས་ཆོས་རྣམས་འགྲེམས་སྟོན་བྱེད་རྒྱུ་དེ་ཡིན་པས། གལ་ཏེ། ཁོང་ཚོས་བརྩམས་ཆོས་རྣམས་ཀྱིས་རྦ་གསང་མེད་པར་ཆབ་སྲིད་ཀྱི་གནད་དོན་ཞིག་བསྟན་ན། ཁོང་ཚོས་བརྩམས་ཆོས་རྣམས་ནམ་ཡང་འགྲེམས་སྟོན་གྱི་ར་བར་སླེབས་མི་ཐུབ་པ་གསལ་བོ་རེད། ཁོང་ཚོས་དང་པོ་མངར་ཇ་ཁང་དུ་འགྲེམས་སྟོན་དང་། དེ་ནས་བོད་རིགས་གཞོན་སྐྱེས་ཚོར་བསྟན། ཁོང་ཚོའི་བརྩམས་ཆོས་དག་གི་རྣམ་པ་དང་ཉམས་ནི་སྐབས་དེའི་ཛ་དྲག་གི་གནས་བབ་ཀྱི་མཚོན་དོན་ཤ་སྟག་རེད། ལོ་རབས་བརྒྱད་ཅུ་བའི་མཇུག་ཏུ་ལྷ་སར་བོད་མི་ཚོས་རྒྱ་གཞུང་གི་སྲིད་དབང་ལ་ངོ་རྒོལ་དང་ཡར་ལངས་རིམ་པ་བྱས་ཡོད། དེར་བརྟེན། སྐབས་དེའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་ཁག་གི་ནང་དུ་ཕྱོགས་གཅིག་ནས་གཟབ་གཟབ་ཀྱིས་སྲིད་གཞུང་གི་སྒྱུ་རྩལ་སྡེ་ཁག་གི་དཔོན་རིགས་ཚོའི་བློ་ཁ་མི་དཀྲུགས་ཐབས་དང་། ཡང་ཕྱོགས་གཞན་ཞིག་ནས་བོད་རང་བཙན་གྱི་མངོན་འདོད་བསྟན་པ་གཞི་གཅིག་ཏུ་མཐོང་རྒྱུ་འདུག

དྲི་བ།
དེ་དང་འབྲེལ་ཡོད་ཀྱི་གནད་དོན་ཞིག་གི་ཐད་ནས། ངའི་སེམས་ཁུར་བྱེད་ས་ཞིག་ནི། བོད་ཀྱི་སྒྱུ་རྩལ་བ་ཚོས་སྒྱུ་རྩལ་བརྩམས་ཆོས་སྤེལ་སྐབས། བོད་མི་རྣམས་ཀྱིས་བརྩམས་ཆོས་དེ་དག་ལ་མཉམ་འཇོག་བྱེད་ཀྱི་མི་འདུག མ་ཟད། ངས་ཤེས་ཚོད་ལྟར་ན། བོད་མི་རྣམས་ཀྱིས་བརྩམས་ཆོས་དེ་དག་ལ་དགག་སྒྲུབ་དང་བསྐྱར་ཞིབ་ཀྱང་འབྲི་གི་མི་འདུག བོད་ལ་བོད་ཀྱི་སྒྱུ་རྩལ་དཔྱད་ཞིབ་པ་སུ་འདུག་གམ། ངས་ཉེ་ཆར་བོད་ཀྱི་སྙན་ངག་པ་དང་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱིས་བོད་ཀྱི་སྒྱུ་རྩལ་སྐོར་གླེང་སློང་བྱས་བ་གཅིག་པུ་མཐོང་བྱུང་། ཁྱེད་ཀྱིས་བལྟས་ན། བོད་ཀྱི་སྒྱུ་རྩལ་ལ་བོད་མི་མང་གིས་མཉམ་ཞུགས་བྱེད་དགོས་ཀྱི་འདུག་སྙམ་གྱི་ཡོད་དམ།

ལན།
ངས་བསམ་པར། གལ་ཏེ་བོད་རང་སྐྱོང་ལྗོངས་དང་ལྷ་ས་གཉིས་ས་གནས་མི་འདྲ་བ་དང་། མི་མང་གིས་དུས་དེབ་གསར་བ་དེ་འདྲ་འདོན་མགོ་འཛུགས་ཐུབ་ན། གནས་བབ་འདྲ་གི་མ་རེད། ལྷ་སར་རྩོམ་རིག་དུས་དེབ་མེད་པ་མ་རེད། ཡིན་ནའང་། ངས་ཤེས་ཚོད་ལྟར་ན། ལྷ་སར་སྒྱུ་རྩལ་ལ་དམིགས་པའི་དུས་དེབ་གཅིག་ཀྱང་མི་འདུག ངས་བོད་ཀྱི་སྐོར་ལ་བསམ་བློ་གཏོང་སྐབས། ངས་ཉམས་ཞིབ་ཀྱི་ལས་ཀ་མང་ཤོས་བྱེད་གནས་རྒྱ་གར་དང་བསྡུར་ནས་བསམ་ཞིབ་བྱེད་ཀྱི་ཡོད། དེང་དུས་སྒྱུ་རྩལ་གྱི་ལོ་རྒྱུས་ལ་ཉམས་ཞིབ་བྱས་ན། ད་ལྟའི་དུས་སུ་རྒྱ་གར་གྱི་སྒྱུ་རྩལ་རིག་གཞུང་གི་ཚོང་བྲིན་པོ་ཞེ་བོ་ཡོད་པའི་རྒྱུ་མཚན་གཅིག་ནི། རྒྱ་གར་གྱི་སྒྱུ་རྩལ་ལ་ལོ་ངོ་བརྒྱ་ལྷག་གི་རྨང་གཞིའི་འཛུགས་སྐྲུན་ཡོད་པས་རེད། ༡༩༤༧་ལོའི་སྔོན་དུ། རྒྱ་གར་ལ་མ་མཐའ་ཡང་སྒྱུ་རྩལ་གྱི་དུས་དེབ་གཉིས་ནས་གསུམ་བར་འདུག རྒྱ་གར་གྱི་ཆབ་སྲིད་མི་སྣ་གལ་ཆེན་ཞིག་ཀྱང་སྒྱུ་རྩལ་བ་ཞིག་རེད། རྒྱ་གར་ལ་རང་བཙན་མ་ཐོབ་པའི་སྔོན་ནས་སྒྱུ་རྩལ་གྱི་སྐོར་ལ་དཔྱད་བརྗོད་སྤེལ་མཁན་གྱི་ཤེས་ལྡན་པ་མང་པོ་ཡོད། སྟབས་མ་ལེགས་པ་ཞིག་ལ། བོད་ལ་དེ་འདྲའི་སྒྱུ་རྩལ་གྱི་སྒྲོམ་གཞི་ཞིག་མེད། གང་ལེགས་ཤེ་ན། བོད་པ་ཚོར་སྒྱུ་རྩལ་ལས་རིགས་ལ་རོགས་རམ་བྱེད་མཁན་གྱི་བོད་པ་རང་གི་སྒྱུ་རྩལ་སློབ་གླིང་འཛུགས་སྐྲུན་བྱེད་པའི་ནུས་པ་མེད་པས། མཐའ་མར་བོད་ཀྱི་སྒྱུ་རྩལ་གྱི་འཇིག་རྟེན་དུ་ཅི་ཞིག་བྱུང་པ་རེད་ཅེ་ན། ཕྱི་མི་ཚོང་པ་རྣམས་ལྷ་སར་ཡོང་བའི་སྐབས་སུ་ཁོང་ཚོའི་མཁོ་འདོན་བྱེད་ཐུབ་པ་ནི། སྒོར་མོ། ལག་ལེན་གྱི་ཐབས་ཇུས། འབྲེལ་ལམ་ཙམ་རེད།

༢༠༠༣་ལོར་དགེ་འདུན་ཆོས་འཕེལ་གྱིི་རི་མོ་བའི་ཚོགས་པ་(མངར་ཇའི་ཁང་པའི་མཐུན་ཚོགས་ནང་བཞིན་གལ་ཆེན་རེད།)་གསར་འཛུགས་བྱས་སྐབས། ཁོང་ཚོས་ལྷ་སའི་ནང་ཁུལ་དུ་འབྲེལ་ལམ་འཛུགས་ཐུབ་ཀྱང་། གལ་ཏེ། ཕྱི་ཕྱོགས་ལ་འབྲེལ་ལམ་འཛུགས་དགོས་བྱུང་ན། ཨ་རི་གཙོས་བའི་འཛམ་གླིང་ས་ཁུལ་གཞན་དང་། ཧོང་ཀོང་གཙོས་བའི་རྒྱ་ནག་གི་ས་ཁུལ་གཞན་ཁག་ནས་ཡོང་བའི་ཕྱི་མི་དག་མེད་ན་ཧ་ཅང་ཁག་པོ་རེད། དེར་བརྟེན། ཕྱི་མི་ཚོས་སྒྱུ་རྩལ་བ་རྣམས་ལ་དཔལ་འབྱོར་གྱི་ཐོག་ནས་མཐུན་རྐྱེན་སྦྱོར་ཐུབ་ཀྱི་ཡོད། སྒྱུ་རྩལ་བརྩམས་ཆོས་དག་བོད་ནས་ཕྱི་ལ་ཕྱི་མི་ཞིག་གིས་འཁྱེར་འགྲོ་གི་ཡོད་ཀྱང་། དེས་ཁོང་ཚོར་ཁྱད་པར་ཆེན་པོ་ཞིག་བཟོ་གི་ཡོད། ལྷ་ས་ལྟ་བུའི་ས་ཆར་སྒྱུ་རྩལ་གྱི་རྨང་གཞིའི་འཛུགས་སྐྲུན་ཆེད་དུ་འགྲོ་གྲོན་མང་པོ་གཏོང་པ་དང་། འགྲེམས་སྟོན་ཁང་མང་པོ་བཙུགས་ཏེ་སྒྱུ་རྩལ་གྱི་སྣང་བརྙན་ཞིག་བཞེངས་བ། སྒྱུ་རྩལ་གྱི་མཐུན་ཚོགས་འཛུགས་པ། སྒྱུ་རྩལ་དཔྱད་ཞིབ་པ་སྐྱེད་བསྲིང་བྱེད་དགོས། འདི་ནི་ངེས་པར་དུ་འབྱུང་དགོས་པའི་གནད་དོན་ཞིག་རེད། དེ་འདྲ་ཞིག་ཡོང་བར་ཆ་རྐྱེན་གཉིས་ཚང་དགོས། གཅིག་ནི་ཆབ་སྲིད་ཀྱི་ཐོག་ནས་ཁོར་ཡུག་བརྟན་བརླིང་ཡིན་པ་དང་། གཉིས་པ་ནི་དངུལ་གྱི་འགྲོ་གྲོན་རེད། དེ་འདྲའི་ཆ་རྐྱེན་དག་འཛོམས་ན། གསར་གཏོད་ཀྱི་ནུས་བ་དག་རིག་པའི་འགོངས་ཀྱི་མ་རེད།

ཁྱེད་ཀྱི་དྲི་བར་ལན་གདབ་ན། ངས་དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་སྐོར་ལ་དཔྱད་གླེང་སྤེལ་མཁན་གྱི་མི་ཁ་ཤས་ཤིག་གཙོར་འཛིན་བྱེད་ཀྱི་ཡིན། ངོས་འཛིན་ཐོབ་པའི་རྩོམ་པ་པོ་དང་ལས་འགུལ་བ་འཇམ་དབྱངས་ནོར་བུས་དེང་རབས་བོད་ཀྱི་སྒྱུ་རྩལ་གྱི་འཕེལ་རྒྱས་སྐོར་ལ་“མེ་ཏོག་པདྨའི་ནང་གི་འདྲུད་འཐེན་འཁོར་ལོ”ཞེས་པའི་དཔྱད་བརྗོད་ཅིག་སྤེལ་ཡོད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གི་འགན་འཛིན་བཀྲ་ཤིས་ཚེ་རིང་གིས་འདས་བའི་ལོ་ངོ་སུམ་ཅུའི་རིང་ལ། རྒྱུ་ཆ་འཚོལ་སྒྲུབ་དང་། འགྲེམས་སྟོན་བཀོད་སྒྲིག་སོགས་སྤྱིའི་ཆ་ནས་བོད་ཀྱི་སྒྱུ་རྩལ་བ་རྣམས་ལ་རོགས་རམ་གནང་ཡོད། ཁོང་གི་བརྩམས་ཆོས་མང་ཆེ་བ་ད་ལྟའི་བོད་ཀྱི་སྒྱུ་རྩལ་གྱི་སྐོར་མིན་ཡང་། ཁོང་ནི་སྒྱུ་རྩལ་བ་གོང་དཀར་རྒྱ་མཚོ་དང་། འབག་བཟོ་མ་པད་དཀར་ལྟ་བུར་རྒྱབ་རྟེན་བྱེད་མཁན་གཙོ་བོ་ཞིག་ཆགས་ཡོད་པ་མ་ཟད། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གིས་༡༩༩༠་ནས་བཟུང་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་བྱས་ཡོད། གཡང་སྒྲོན་དོན་གྲུབ་ཀྱིས་ལྷ་སའི་སྒྱུ་རྩལ་ཁྱབ་ཁོངས་ཀྱི་སྒྱུ་རྩལ་བ་གཙོ་བོ་དགའ་བདེ་ཚེ་རིང་གི་སྐོར་ལ་རྩོམ་ཡིག་ཅིག་སྤེལ་འདུག ཉེ་ཆར་རང་བསྟན་འཛིན་རིག་གྲོལ་གྱིས་ལོན་སྒྲོན་གྱི་རོ་སེ་(Rossi)་འགྲེམས་སྟོན་ཁང་དུ་བརྩམས་ཆོས་འགྲེམས་སྟོན་བྱས་པའི་སྐོར་ལ་རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་རྩོམ་ཡིག་ཅིག་སྤེལ་འདུག

ལྷག་དཀར་ཉིན་ཐོའི་ནང་དུའང་བོད་ཀྱི་སྒྱུ་རྩལ་སྐོར་གླེང་སློང་བྱས་པ་ཁག་ཅིག་འདུག དེའི་ཁར་འདས་བའི་བགྲང་བྱ་བཅུ་ཕྲག་ཁ་ཤས་རིང་ལ། སྒྱུ་རྩལ་བ་རང་ངོས་ནས་བོད་ཀྱི་སྒྱུ་རྩལ་གྱི་འཕེལ་རིམ་སྐོར་ལ་དཔྱད་བརྗོད་སྤེལ་མཁན་ཁག་ཅིག་ཡོད་པའི་ཁྲོད་ཀྱི་གཅིག་ནི་ཚེ་དབང་བཀྲ་ཤིས་ཡིན། ཁོང་གིས་ད་ལྟ་ནོར་ཝེའི་རྒྱལ་ས་ཨོ་སི་ལོར་འབུམ་རམས་པའི་མཚན་གནས་ཐོག་སློབ་གཉེར་བྱེད་ཀྱི་ཡོད། དགའ་བདེས་ཀྱང་དེང་རབས་ཀྱི་བོད་ཀྱི་སྒྱུ་རྩལ་སྐོར་ལ་དཔེ་དེབ་ཅིག་བྲི་རྩིས་བྱེད་ཀྱི་འདུག བོད་ཀྱི་དེང་རབས་སྒྱུ་རྩལ་སྐོར་ལ་བསམ་གཞིགས་བྱེད་མཁན་གྱི་བོད་མི་ཉུང་ཡང་། དེང་རབས་བོད་ཀྱི་སྒྱུ་རྩལ་སྐོར་ལ་དཔྱད་ཞིབ་བྱེད་མཁན་གྱི་མི་སྡེ་གལ་ཆེན་གྱི་གྱི་གྲས་སུ་བོད་ཀྱི་ཤེས་ལྡན་མི་སྣའི་སྣེ་ཁྲིད་མཁན་འཇམ་དབྱངས་ནོར་བུ་དང་། ཚེ་རིང་ཤཱཀྱ། བཀྲ་ཤིས་ཚེ་རིང་བཅས་ཡོད་ཀྱང་། གཙོ་བོ་བརྗོད་གཞི་འདིའི་ཐོག་ལ་རྩོིམ་ཡིག་སྤེལ་ཏེ། ལས་དོན་འདི་ཡར་སྐྱེད་བྱེད་མིན་ནི་བོད་ཀྱི་མི་རབས་གསར་བ་ཚོར་རག་ལས་ཡོད།
མུ་འགོད།

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to “འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(བར་མ)

  1. ནམ་མཁའ་ ནས།

    འདྲ་པར་འདིའི་སྟེང་གི་སྐྱེ་བ་དེའི་མགོ་ཡི་ཞྭ་མོ་དེ་རྒྱ་ནག་གི་རྒྱལ་བོ་ཁྰང་ཤུའི་དང་དེའི་ཡས་མས་སྐབས་ཀྱི་ཞྭ་མོའི་རིགས་ཞིག་ལོས་ཡིན་སྙམ།

  2. ཀླུ་སྨྱོན་ ནས།

    མང་པོ་མི་ཤེས། ང་ནི་རྒྱ་མི་རི་མོ་བ་ཧན་ཧྲུའུ་ལིས་བྲིས་པའི་རི་མོ་དག་ལ་ཧ་ཅང་དགའ། ཁོའི་བརྩམས་ཆོས་མང་པོ་ཞིག་ང་ཆུང་དུས་ནས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་དུས་དེབ་ཀྱི་རྒྱབ་ཤའི་ངོས་སུ་མཐོང་རྒྱུ་འདུག

Write a Reply or Comment

Your email address will not be published. Required fields are marked *

*