“འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(མཐའ་མ)

སྐར་ཁུང་རྩོམ་སྒྲིག་ཚོགས་ཆུང་གིས།
བཅར་འདྲི་ཞུ་ཡུལ། ཁི་ལེར་ཧེ་རས།
བཅར་འདྲི་ཞུ་མཁན། བདེ་ཆེན་སྤེན་པ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

དྲི་བ།
ཁྱེད་ཀྱི་ལྷ་ས་ནི་བོད་ཀྱི་རི་མོའི་སྒྱུ་རྩལ་གྱི་ལྟེ་བ་ཡིན་པའི་ངོས་འཛིན་བྱེད་དོན་ཅི། ཁམས་དང་ཨ་མདོའི་ཕྱོགས་ནས་སྒྱུ་རྩལ་གྱི་མྱུ་གུ་འབུས་ཀྱི་འདུག་གམ། དེ་ལ་མཐོང་བྱའི་སྒྱུ་རྩལ་དང་ཡི་གེའི་སྒྱུ་རྩལ། ཆབ་སྲིད་ཀྱི་གནས་བབ་བཅས་ལ་འབྲེལ་བ་ཡོད་དམ། ཉེ་དུས་ཀྱི་དེང་རབས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཆེ་ཁག་དག་པེ་ཅིང་དུ་བསྒྲུབས་པས་གནས་བབ་ལ་འགྱུར་བ་འགྲོ་གི་འདུག་གམ།

ལན།
ངས་བསམ་པར་དེང་རབས་བོད་ཀྱི་སྒྱུ་རྩལ་ནི་རྒྱ་གར། ཨ་རི། རྒྱ་ནག་གི་སྲིད་འཛིན་ས་ཁུངས་ཀྱི་བོད་སྐད་བཤད་སའི་ས་གནས་ཁག་ཏུ་བོད་ཀྱི་སྒྱུ་རྩལ་བ་རྣམས་ཀྱིས་ག་ས་གང་དུ་སྤེལ་གྱི་འདུག་ཅེས་ལབ་ན་ཕལ་ཆེར་སྐྱོན་མི་འདུག། ང་རང་དངོས་སུ་ས་དེར་འགྲོ་མ་མྱོང་ཡང་། ཨོ་སི་ཌི་ལི་ཡའི་སློབ་མ་ཞིག་གིས་འབུམ་རམས་པའི་དམ་འབུལ་ཆེད་རྩོམ་བླ་བྲང་ཁུལ་གྱི་སྒྱུ་རྩལ་སྐོར་ལ་བྲིས་ཡོད་སྐད་འདུག རི་མོ་སྒྱུ་རྩལ་བ་དག་གིས་གཙོ་བོ་ཐང་གའི་སྲོལ་རྒྱུན་ཐོག་བརྩམས་ཆོས་སྤེལ་གྱི་འདུག དེར་བརྟེན། དེ་ནི་ང་ཚོས་ཅི་ཞིག་གླེང་གི་ཡོད་མེད་ལ་ཐུག་ཡོད།

སྒྱུ་རྩལ་གྱི་ལོ་རྒྱུས་སྨྲ་བ་སུ་ཞིག་ཡིན་རུང་། ཁོང་ཚོས་གཙིགས་ཆེར་འཛིན་པའི་གནད་དོན་ཞིག་ནི་ལྷ་ས་ལྟ་བུའི་སྒྱུ་རྩལ་གྱི་གཞི་མ་དང་སྲོལ་འབྱེད་ཀྱི་ཤིང་རྟ་དག་འདུས་ས་རེད། དེ་ནི་ཕྱོགས་གཅིག་ནས་དཔལ་འབྱོར་དང་། ཕྱོགས་གཞན་ཞིག་ནས་རྨང་གཞིའི་འཛུགས་སྐྲུན་དང་འབྲེལ་བ་ཡོད་པ་ཞིག་རེད། ༡༩༨༠་ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སྡེ་ཁག་བཙུགས་པ་ནས་བཟུང་། ལྷ་སར་སྒྱུ་རྩལ་སློབ་གཉེར་བྱེད་ཐུབ་པར་གྱུར་བ་རེད། ཁམས་དང་ཨ་མདོའི་གནས་བབ་ལོགས་ཀ་རེད། དུས་རྒྱུན་གྲོང་ཁྱེར་གྱི་ཁོར་ཡུག་དུ་སྒྱུ་རྩལ་སློབ་གླིང་དང་། བསམ་བློ་གསར་བ་ཅན་གྱི་གཞོན་སྐྱེས་ཚོ་འཛོམས་ཀྱི་ཡོད་པ་ནི་དངོས་གནས་རེད། ད་ལྟའི་དུས་སུ། བོད་ཀྱི་སྒྱུ་རྩལ་ལས་འགུལ་གྱི་སྣེ་ཁྲིད་མཁན་གྱི་སྒྱུ་རྩལ་བ་མང་ཆེ་ཤོས་ལ་པེ་ཅིང་ནས་སྦྱོང་བརྡར་ཐོབ་ཡོད། སྒྱུ་རྩལ་བ་ཞིག་ཡིན་ན། ས་གནས་གཅིག་ནས་གཅིག་ཏུ་སྤོ་བའི་ནུས་པ་ལྡན་དགོས་ལ། ཁོང་ཚོ་ནི་སྒྱུ་རྩལ་གྱི་ལས་འགུལ་འདྲ་མིན་འབྱུང་ཡུལ་དུ་འདུས་ཀྱི་རེད།

དེ་མིན་སྒྱུ་རྩལ་ལས་གྲྭ་བཟོ་དགོས་པ་དང་། ས་སྟོང་ངེས་ཅན་ཞིག་ཏུ་འགྲེམས་སྟོན་བྱེད་དགོས་པའི་སྒྱུ་རྩལ་བརྩམས་ཆོས་ཀྱི་ཕྱིའི་རང་བཞིན་ལ་རག་ལས་ཡོད། དེ་ནི་ཨ་མདོའི་ཕྱོགས་སུ་འབྱུང་བཞིན་པའི་རྩོམ་རིག་སྒྱུ་རྩལ་གྱི་སྣང་ཚུལ་དང་མི་འདྲ་བར། ས་སྟོང་ཆེན་པོ་དང་ཡོ་བྱད་ཁག་ངེས་ཅན་ཞིག་ཚང་དགོས་ཀྱི་ཡོད། དེར་བརྟེན། སྒྱུ་རྩལ་ལས་རིགས་ཀྱི་མདུན་གྲལ་བ་རྣམས་ལྷ་ས་ལྟ་བུའི་ས་ཁུལ་དུ་ཡོད་པ་ནི། ལྷ་སའི་ཐོན་ཁུངས་དང་སྤྱི་ཚོགས་ལ་བརྟེན་ནས་བྱུང་བ་རེད།

ད་ལྟའི་བོད་ཀྱི་སྒྱུ་རྩལ་བརྩམས་ཆོས་དག་པེ་ཅིང་དང་ཧོང་ཀོང་(སྒྱུ་རྩལ་གྱི་ཚོང་ལས་གང་ལ་གང་འཚམས་ཀྱིས་བྲིན་པོ་ཡོད།) ལྟ་བུའི་ས་ཆར་སྐད་གྲགས་ཆེན་པོ་ཆགས་ཀྱི་ཡོད་པར་ང་ཧང་སངས་ཀྱི་མི་འདུག ལོ་རབས་བརྒྱད་ཅུ་བར་ཕྱིར་ཅིག་བལྟས་ན། སྐབས་དེའི་རྒྱ་རིགས་སྒྱུ་རྩལ་བ་དག་གི་བརྩམས་ཆོས་ནི་(རྟ་རྐུན)་ལྟ་བུའི་གློག་བརྙན་ལྟར་རྙོག་འཛིང་ལྡན་པ་ཞིག་ཡིན། སྒྱུ་རྩལ་བ་དེ་ཚོས། པེ་ཅིང་དང་ཧྲང་ཧེ་ལ་ཁ་བྲལ་ནས་བོད་དུ་ཕྱིན་ཏེ། བོད་ཀྱི་འབྲོག་པ་རྣམས་རི་མོར་འགོད་མཁན་རྣམས་གལ་ཆེན་དུ་བརྩི་བཞིན་ཡོད། དེ་ནི་ཁོང་ཚོའི་དུས་རབས་ཀྱི་གནས་བབས་ཤིག་རེད། བོད་པའི་རྣམ་པ་སྟོན་ཕྱོགས་ཀྱི་ཐད་ནས་ཁོང་ཚོའི་བརྩམས་ཆོས་རྣམས་ནི་ཤུགས་རྐྱེན་ཆེན་པོ་དེ་འདྲ་མ་རེད། འོན་ཀྱང་། ད་ལྟའི་དུས་སུ་བོད་པ་རང་ཉིད་ཀྱིས་སྒྱུ་རྩལ་བ་ཞིག་གི་ངོ་བོའི་ཐོག་ནས་བརྩམས་ཆོས་ཅི་ཞིག་སྤེལ་གྱི་ཡོད་མེད་ལ་དང་དོད་བྱེད་མཁན་གྱི་རྒྱ་རིགས་གཞོན་སྐྱེས་ཚོགས་སྡེ་ཞིག་ཡོད། ཁོང་ཚོ་ནི་བོད་དང་བོད་མིའི་ཁྱད་གཤིས་ཀྱིས་ཡ་མཚན་སྐྱེ་བཅུག་ཡོད། ང་ལྷ་སར་ཡོད་སྐབས། རྒྱ་རིགས་གཞོན་སྐྱེས་སྒྱུ་རྩལ་བ་དང་གློག་བརྙན་བཟོ་མཁན་འདྲ་མིན་ཞིག་ལ་ཐུག་བྱུང་། བོད་ཀྱི་ས་ཆ་དང་། བོད་མི་རང་ཉིད་ཀྱིས་ལས་ཅི་ཞིག་སྒྲུབ་ཀྱི་ཡོད་མེད་ལ་སྤྲོ་སྣང་ཤིན་ཏུ་འཕེལ་འདུག

དྲི་བ།
ངས་འདིར་བརྗོད་འདོད་པ་ཞིག་ནི། ཁྱེད་ཀྱི་བརྩམས་ཆོས་སྔོན་མ་སྟེ། བོད་ཀྱི་པར་དེབ་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཝེ་པོ་ཡི་ངོས་སུ་རྒྱུན་དུ་མཐོང་རྒྱུ་འདུག འདྲ་པར་དེ་དག་དྲ་རྒྱའི་ཀློངས་སུ་བཞག་ནས་ལོ་ཤས་ལས་སོང་མེད་ཀྱང་། བོད་དང་རྒྱ་ནག་ནང་དུ་ཡོད་པའི་བོད་པ་ཚོས་འདྲ་པར་དེ་དག་གཅིག་གིས་གཅིག་ལ་བསྐུར་བའམ་སོ་སོའི་ཟིན་བྲིས་ཀྱི་སྟེང་དུ་འགོད་ཀྱི་འདུག། ཁྱེད་ཀྱིས་བལྟས་ན། བོད་པ་ཚོས་༡༩༢༠་ནས་ ༡༩༥༠་དབར་གྱི་འདྲ་པར་འདི་དག་ལ་དང་དོད་ཆེན་པོ་བྱེད་པའི་རྒྱུ་མཚན་ཅི་ཞིག་ལ་ཐུག་འདུག བོད་པ་ཚོས་དབྱིན་ཇིས་བོད་ཀྱི་འདས་བའི་ལོ་རྒྱུས་སྟོན་སྟངས་ལ་མཉེས་པོ་བྱེད་ཀྱི་ཡོད་པ་འདྲ།

ལན།
རེད། ཐོག་མར་ང་གནས་ཚུལ་དེ་གོ་བར་ཧ་ཅང་དགའ་བོ་བྱུང་། ངས་འདྲ་པར་དེ་དག་ཝེ་བོ་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་སྟེང་ཁྱབ་ཡོད་པ་ཤེས་ཀྱི་མེད། རྒྱ་ནག་ནང་དུ་བོད་ཀྱི་པར་དེབ་ལ་བལྟ་ཐུབ་པ་ཧ་གོ་བས་དགའ་བོ་བྱུང་། “བོད། དུས་ཀྱི་བང་རིམ་དུ་ཟུག་པ།”་ཞེས་པའི་དཔེ་དེབ་ཀྱི་སྔོན་འགྲོའི་གཏམ་དུ་༧གོང་ས་མཆོག་གིས་སྐད་ཆ་གནད་འགག་ཅན་ཞིག་གསུངས་ཡོད། “༡༩༥༠་ལོའི་སྔོན་དུ་བླངས་བའི་འདྲ་པར་དག་ཧ་ཅང་གལ་ཆེན་རེད། གང་ལེགས་ཤེ་ན། འདྲ་པར་དེ་དག་གིས་བོད་རྒྱལ་ཁབ་བོད་མི་ཚོས་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱིན་པ་ཞིག་སྟོན་གྱི་ཡོད། བོད་པ་ཚོ་ནང་ཆོས་ཀྱི་གཞུང་ལུགས་དང་། བོད་ཀྱི་མགོ་ཁྲིད། བོད་གཞུང་བཅས་ཀྱི་འོག་ཏུ་འཚོ་བ་སྐྱེལ་གྱི་ཡོད་པ་མཚོན་ཐུབ་ཀྱི་ཡོད། ”

ངའི་དཔེ་དེབ་ཀྱི་ནང་དུའང་འདྲ་བར་འདི་དག་མི་གཞན་གྱིས་ཇི་ལྟར་བེད་སྤྱོད་བཏང་ཡོད་མེད་སྐོར་བྲིས་ཡོད། དཔེར་ན། རྒྱ་ནག་གཞུང་གིས་འདྲ་པར་འདི་དག་དྲ་རྒྱའི་སྟེང་དུ་ཡར་འཇུག་བྱས་ཏེ། བོད་ཀྱི་སྐོར་ལེགས་པོ་ཞིག་སྟོན་གྱི་མེད་པ་དེ་གཅིག་རེད། ང་དམིགས་བསལ་གྱིས་དགའ་བ་སྐྱེ་དགོས་པ་ཞིག་ནི། བོད་པ་ཚོས་༡༩༥༠་ལོའི་སྔོན་གྱི་འདྲ་པར་འདི་དག་གཅིག་གིས་གཅིག་ལ་བསྐུར་ཏེ། ལོ་རྒྱུས་དང་ཕྱིར་དྲན་གྱི་སྣང་ཚུལ་ལེགས་པོ་ཞིག་བཞེངས་བསྐྲུན་བྱེད་ཀྱིན་པ་དེ་རེད། འོན་ཀྱང་། འདྲ་པར་མང་དག་ཅིག་དབྱིན་ཇིའི་དབང་བསྒྱུར་མཁན་གྱི་མི་མང་གཞུང་ཞབས་པ་དང་། དམག་སྤྱི་ཁག་གཅིག་གིས་བརྒྱབ་པ་རེད། ཕྱོགས་གཅིག་ནས་དབྱིན་ཇིིའི་དབང་བསྒྱུར་བ་དག་གི་སྣང་བརྙན་དེ་གཡའ་ཞུགས་པ་ཞིག་ལ་ངོས་འཛིན་ཀྱི་ཡོད་ཀྱང་། ད་ལྟའི་བོད་ཀྱི་གནས་བབས་ལ་ལན་ལེགས་པོ་ཞིག་སྤྲོད་ཀྱི་ཡོད་པ་ཡག་པོ་རེད། ༡༩༥༠་ལོ་ནས་བོད་ལ་གནས་ཚུལ་ཅི་བྱུང་གི་གནད་དོན་ལ་གཞིགས་ཚེ། འདྲ་པར་འདི་དག་ནི་ཧ་ཅང་རིན་ཐང་ཆེན་པོ་རེད།

ང་ཚོས་མི་སུ་དང་གང་ཡང་རུང་བས་བལྟ་ཐུབ་པའི་ཆ་འཕྲིན་གྱི་དངོས་རྫས་མང་དག་ཅིག་དྲ་རྒྱར་འཇུག་ཐུབ་པར་དངོས་གནས་དགའ་བོ་བྱུང་། དབྱིན་ཇིས་བོད་འགྲེལ་བའི་འདྲ་པར་དག་ལ་དགའ་མོས་ཆེན་པོ་བྱེད་པའི་རྒྱུ་མཚན་ནི་འགྲེལ་བཤད་བྱེད་མཁན་རྒྱ་ནག་མིན་པས་རེད། ཡིན་ནའང་། ངས་སེམས་སུ་ས་སྒང་འདིར་ཡོད་པའི་རིག་གཞུང་ཇི་འདྲ་ཞིག་ཡིན་ཡང་།འདས་སོང་གི་ལོ་ཟླ་ལ་ཕྱིར་དྲན་བྱེད་པར་དགའ་སྣང་ངེས་ཅན་ཞིག་ཡོད་རྒྱུ་རེད། འདྲ་པར་དང་གློག་བརྙན་རྙིང་པ་དག་ལ་བལྟ་རྒྱུར་སྤྲོ་སྣང་ཡོད། འོན་ཀྱང་། ངའི་དོ་སྣང་བྱེད་ཡུལ་ཞིག་ནི། རྒྱ་གཞུང་གིས་འདྲ་པར་གཅིག་པ་བེད་སྤྱོད་ཀྱིས་ལྡོག་ཕྱོགས་ཀྱི་སྒྲུང་ཞིག་བཤད་ཀྱི་འདུག ཉེ་བའི་ཆར་རྒྱ་གཞུང་གིས་རྩ་འཛུགས་བྱས་པའི་དྲ་རྒྱ་ཁག་གི་སྟེང་དུ་དབྱིན་ཇིའི་དབང་བསྒྱུར་དུས་རབས་ཀྱི་འདྲ་པར་མང་དག་ཅིག་བཞག་སྟེ། བོད་ནི་ནམ་ཡང་རང་བཙན་རྒྱལ་ཁབ་ཞིག་མིན་པ་དང་། དེ་མཚུངས་ཀྱི་དྲིལ་བསྒྲགས་རིགས་འདྲ་མིན་གྱི་སྒྲུབ་བྱེད་དུ་བཀོལ་གྱིན་འདུག གནད་དོན་འདིའི་རིགས་རྙོག་འཛིང་ཆེ་ཡང་། ཡ་མཚན་ཆེན་པོ་ཞིག་རེད།

དྲི་བ།
ངས་དཔེ་དེབ་འདིར་དངོས་ཡོད་ཐོག་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་ནི། དེའི་ཀློག་བདེ་བ་དང་འཇུག་བདེ་བའི་རང་བཞིན་དེ་རེད། ངས་དཔེ་དེབ་འདི་རང་གི་གྲོགས་པོ་དང་གཉེན་ཉེ་ཚོར་ལག་རྟགས་སུ་སྤྲོད་པར་ཐེ་ཚོམ་མེད། གཙོ་བོ་དབྱིན་ཇི་བོད་ནང་དུ་ཡོད་སྐབས་དང་། ཁུང་ཙིའི་ཀླད་རུས། བ་རན་ཧ་སི་ཌིང་གི་གཡག་སོགས་ཀྱི་ལོ་རྒྱུས་ཐུང་ངུ་ཞིག་ཡིན་པ་ཀློག་རིན་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དཔེ་དེབ་ཉམས་ཞིབ་དཔེ་དེབ་ཀྱི་ཁྱབ་ཁོངས་སུ་པར་བསྐྲུན་བྱས་པ་ཕུད་པའི་དམིགས་ཡུལ་གཞན་ཅི་ཞིག་ཡོད། ཁྱེད་ཀྱིས་དཔེ་དེབ་འདི་འབྲི་སྐབས་ཀློག་པ་པོའི་སྡེ་ཁག་གང་འདྲ་ཞིག་སེམས་སུ་བཟུང་ཡོད།
ལན།
ཤེས་རིག་གི་ཉམས་ཞིབ་ཁྱབ་ཁོངས་སུ་དཔར་བའི་དཔེ་དེབ་དག་འཇུག་བདེ་བོ་ཡོད་པའི་ཚད་དེ་ཧ་ལམ་རྒྱུན་ལྡན་མིན་པ་ཞིག་ཡིན་ཡང་། དཔེ་དེབ་དེ་འཇུག་བདེ་བ་ཡོད་པའི་རྒྱུ་མཚན་ནི་ཤེ་ཁ་གྷོ་(Chicago)་གཙུག་ལག་སློབ་གྲྭའི་པར་སྐྲུན་སྡེ་ཁག་གི་རྩོམ་སྒྲིག་པ་ཨ་ལན་ཐོ་མ་སི་(AlanThomas)་དང་དེབ་ཕྲེང་རྩོམ་སྒྲིག་པ་སྒྲོན་ལོ་པེ་རྫི་(Don Lopez)་གཉིས་ཀྱིས་ང་ལ་དཔེ་དེབ་དེ་བོད་དང་། འགྲེམས་སྟོན་ཁང་། པར་དང་སྒྱུ་རྩལ་ལ་དང་བ་ཡོད་པའི་མི་སུ་ཞིག་ཡིན་རུང་འཇུག་བདེ་བོ་ཞིག་འབྲི་བའི་སྐུལ་མ་བྱས་པ་ལས་བྱུང་བ་རེད།

གཙུག་ལག་སློབ་གཉེར་ཁང་དག་ལ་ཡོད་པའི་ངའི་ལས་རོགས་ཁ་ཤས་ཤིག་གིས་ཁོང་ཚོས་དཔེ་དེབ་ཅིག་བྲིས་ཚེ་ཀློག་པ་པོའི་ཁྱབ་ཁོངས་ངེས་ཅན་ཞིག་ལ་དམིགས་ནས་འབྲི་གི་ཡོད་ཅེས་ལབ་སྲིད། ངའི་བསམ་པར་བོད་ནི་འབུམ་རམས་པ་དག་གི་ཉམས་ཞིབ་ཀྱི་བརྗོད་གཞི་གལ་ཆེན་ཞིག་མིན་པས། ངས་དཔེ་དེབ་འབྲི་སྐབས་ཀློག་པ་པོའི་རྒྱ་ཆེན་པོ་ཞིག་སེམས་སུ་ཉར་བ་ཡིན། ངས་དཔེ་དེབ་འདི་བོད་པ་དང་། གོང་དུ་ཞུས་བའི་མི་རིགས་དག་གིས་བཀླག་པའི་རེ་བ་བྱེད་ཀྱི་ཡོད། ངས་བསམ་པར་དཔེ་དེབ་འདི་ནི་བདག་གིས་བཀླགས་པའི་གཞུང་ལུགས་དང་། ཨོག་སི་ཧྥོར་ཌི་ནས་སློབ་ཁྲིད་བྱས་པའི་ཤེིས་བྱ་ལ་བརྟེན་ནས་བྲིས་པ་ཡིན་ཡང་། ཚད་གཞི་འདི་དག་གི་རྒྱ་ལས་བརྒལ་ཡོད།

དྲི་བ།
འཛམ་གླིང་ཡང་རྩེའི་འགྲེམས་སྟོན་ཁང་ཞེས་བའི་དཔེ་དེབ་ཀྱི་བརྗོད་བྱ་ཁོ་ན་མིན་པར་དེབ་གཟུགས་ཀྱང་ཧ་ཅང་ཡིད་དུ་འོང་བ་ཞིག་འདུག དཔེ་དེབ་ཀྱི་མཛེས་སྤུས་ཐད་ནས་བསམ་གཞིགས་དང་ནན་ཏན་བྱས་ཡོད་ཁོ་ཐག་རེད། དཔེར་ན། དཔེ་དེབ་ཀྱི་ཕྱི་རུ་ཚོན་ཁྲ་དམར་པོ་དང་། ནང་ལོགས་སེར་ཐིག་གིས་བརྒྱན་འདུག ཐ་ན་སྡེ་ཚན་གྱི་མགོ་བརྗོད་ཀྱང་བོད་ལུགས་ཀྱི་ཕྱི་སྒྲོམ་གྱིས་སྤུད་འདུག ཁྱེད་ཀྱིས་བརྩམས་ཆོས་ཀྱི་ནང་དོན་གལ་ཆེར་བརྩིས་ཡོད་དམ། ཡང་ན་དཔེ་དེབ་ཀྱི་མཛེས་སྤུས་ལ་དོ་སྣང་མང་བ་བྱས་ཡོད།
ལན།
དཔེ་དེབ་ཀྱི་མཛེས་སྤུས་ཐད་ནས་ངས་ནུས་པ་བཏོན་ཡོད་ཅེས་ལབ་ཐུབ་ཀྱི་མེད། ཤེ་ཁ་སྒོ་གཙུག་ལག་སློབ་གྲྭའི་པར་སྐྲུན་ཚན་པས་ཕྱག་ལས་ཡ་མེད་ཅིག་གནང་བྱུང་། རྒྱུན་དུ་ཉམས་ཞིབ་པ་རྣམས་ཀྱིས་བྲིེས་བའི་དཔེ་དེབ་ཀྱི་རྒྱུ་སྤུས་དེ་ཙམ་ལེགས་རྒྱུ་མེད་པས། ཁོང་ཚོ་བཀའ་དྲིན་ཆེན་པོ་ཡིན། དཔེ་དེབ་ཇུས་འགོད་ནི་ཤེ་ཁ་གྷོ་གཙུག་ལག་སློབ་གྲྭའི་ཇུས་འགོད་པ་དག་གི་བཀའ་དྲིན་ཉག་ཅིག་ཡིན། ང་ཁོང་ཚོར་ཐུག་མ་མྱོང་ལ། ཐ་ན་ཐད་ཀར་གླེང་མོལ་ཡང་བྱེད་མྱོང་མེད། ངས་དཔེ་དེབ་མདུན་ཤོག་གི་པར་འགོད་སྟངས་ཀྱིས་ཇུས་ཁོ་ན་བཏོན་པ་ཡིན། དེ་ཡང་བོད་དུ་བསྐྱོད་མྱོང་བའི་ཡང་ཧ་སི་པན་སྒྲའི་ཕྱག་རོགས་རུ་དཔོན་ཨོ་ཁོ་ནོར་(O’Connor)གྱི་སྐད་ཆ་ཞིག་དང་འབྲེལ་བ་དམ་ཟབ་ཡོད། ཁོང་གིས་བོད་མི་ཡོད་ཚད་ཇི་ལྟར་འགྲེམས་སྟོན་ཁང་ཞིག་གི་ནང་དུ་འཇོག་དགོས་པའི་བསམ་ཚུལ་བཏོན་འདུག མདུན་ཤོག་ཀྱི་པར་དེར་ང་ལ་དེ་མཚུངས་ཀྱི་ཚོར་བ་ཞིག་སླེབས་བྱུང་། གང་ལེགས་ཤེ་ན། པར་དེ་ནི་དུས་རབས་བཅུ་དགུ་བའི་པར་ལེན་ཁང་ཞིག་ཏུ་བོད་མི་གཉིས་ཀྲོང་ངེར་ལངས་ནས་བརྒྱབས་པ་ཞིག་རེད། ང་ལ་མཚོན་ན་པར་རིས་དེ་དག་སྤུས་ཚད་ལྡན་པའི་སྒོ་ནས་པར་སྐྲུན་བྱས་པ་ཏེ་གལ་ཆེན་པོ་ཡིན། དེའི་ནང་གི་པར་རིས་མང་དག་ཅིག་ད་ཕན་པར་བསྐྲུན་བྱས་མེད། དེ་སྔོན་མཐོང་ཡུལ་དུ་མེད་པའི་ཡིག་ཚགས་ཀྱི་འདྲ་པར་མང་པོ་ཞིག་ཀློག་པ་པོ་དག་གི་སྤྱན་སྔར་བསྟར་ཐུབ་པ་ནི་དགའ་བ་སྒོམ་དགོས་བའི་དོན་ཞིག་རེད།

དྲི་བ།
ཁྱེད་ཀྱི་ལས་འཆར་རམ་བརྩམས་ཆོས་རྗེས་མ་དེ་ཅི་ཞིག་ཡིན།
ལན།
ངའི་དཔེ་དེབ་རྗེས་མ་དེ་བོད་དང་བོད་ཀྱི་འདྲ་པར་སྐོར་ཡིན། ང་ལ་རྒྱུ་ཆ་མང་པོ་ཡོད་ལ། ལས་ཀའང་མང་པོ་ཞིག་ལྷག་བསྡད་ཡོད། འཛམ་གླིང་གི་ས་ཕྱོགས་གཞན་པ་ཕུད། འདིར་དབྱིན་ཇིའི་ལུང་པ་གཅིག་པུའི་ནང་དུ་བོད་དང་འབྲེལ་བའི་འདྲ་པར་སྟོང་ཕྲག་མང་པོ་ཡིག་ཚགས་ཀྱི་ནང་དུ་ཡོད། དེ་མིན། ང་ལ་ད་ལྟ་གཞི་ནས་མྱུག་གསར་འབུས་བཞིན་པའི་དེང་རབས་རི་མོའི་སྒྱུ་རྩལ་གྱི་སྐོར་ལ་དེབ་ཅིག་བྲི་བའི་དམིགས་འདུན་ཡོད། ད་ལྟ་བོད་ལ་ཕུལ་་དུ་བྱུང་བའི་སྒྱུ་རྩལ་བ་དང་བརྩམས་ཆོས་མང་པོ་འདུག

རྫོགས།

(ཁི་ལེར་ཧ་རས་སི་ནི་ཨོག་སི་ཧྥོ་ཌི་གཙུག་ལག་སློབ་གཉེར་ཁང་(University of Oxford)གི་མི་རྒྱུད་རིག་པ་དང་འགྲེམས་སྟོན་ཁང་གི་མི་རིགས་རྣམ་བཤད་སློབ་གླིང་གི་ཉེ་བའི་སློབ་དཔོན་དང་། པིས་ཌི་འགྲེམས་སྟོན་ཁང་གི་གླིང་ཆེན་ཨེ་ཤ་ཡའི་རིག་དངོས་གསོག་འཇོག་སྡེ་ཁག་གི་དོ་དམ་པ་ཡིན། ད་དུང་ཨོག་སི་ཧྥོར་ཌིའི་ལ་གྷ་ལེན་མཐོ་སློབ་ཀྱི་དམིགས་བསལ་སློབ་གཉེར་བ་ཡིན། ཁོ་མོའི་བརྩམས་ཆོས་ལ། “པར་རིས་ནང་གི་བོད། ༡༩༥༩་ལོའི་རྗེས་ཀྱི་བོད་པའི་རི་མོ།”ཞེས་པ་དང་། ཉེ་བའི་ཆར་“འཛམ་གླིང་ཡང་རྩེའི་འགྲེམས་སྟོན་ཁང་། སྒྱུ་རྩལ་དང་སྲིད་དོན། བོད་ཀྱི་མཚོན་དོན།”ཞེས་པ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད། ད་དུང་། ཁོ་མོ་ནི་ཞིབ་འཇུག་རྨང་གཞིར་བཟུང་བའི་“བོད་ཀྱི་པར་དེབ།༡༩༢༠་ནས་༡༩༥༠་བར་དུ་དབྱིན་ཇི་བ་ཚོས་དབུས་གཙང་ཁུལ་དུ་བླངས་བའི་འདྲ་པར།”ཞེས་པའི་དྲ་ཚིགས་དེ་བཟོ་མཁན་ཡང་ཡིན། དྲ་ཚིགས་ཏེ་༧གོང་ས་མཆོག་གིས་༢༠༠༨་ལོའི་ཟླ་༥་པར་ཨོག་སི་ཧྥོར་ཌིའི་པས་ཌི་འགྲེམས་སྟོན་ཁང་དུ་གཞུང་འབྲེལ་ཐོག་དབུ་འབྱེད་གནང་ཡོད། )


རྩོམ་འདིའི་ནང་མཆན་ 9 བཀོད་འདུག

9 Responses to “འཛམ་་གླིང་ཡང་རྩེའི་འགྲེམས་སྟོན་ཁང་”གི་རྩོམ་པ་པོ་དང་མཉམ་དུ་ཁ་བརྡ་བྱས་པ།(མཐའ་མ)

  1. ནམ་མཁའ་ ནས།

    འདིར་སྐར་ཁུང་དྲ་བས་བཅར་འདྲི་བྱེད་སྐབས། བོད་ཀྱི་རི་མོ་ཐོག་མ་དེ་གང་ནས་དར་མིན་དྲིས་མི་འདུག་པས་ཅུང་ཟད་བློ་ཕམ་སོང་། དྲི་བ་ཞིག་ལ། རི་མོའི་རིགས་ལ་ངེས་བར་དུ་ལག་པས་བྲིས་པ་ཞིག་དགོས་སམ། གལ་སྲིད་དགོས་ཚེ། བྲག་ངོས་སོགས་སུ་རི་མོ་འདྲ་མིན་རང་བྱོན་མང་པོ་མཐོང་ཡ་ཡོད་པ་དེ་ཚོ་གང་གི་གྲལ་དུ་འཇོག་དགོས་སམ། བོད་ཀྱི་རྨ་ཆུའི་ཆུ་རྡོ་མང་པོའི་ངོས་སུ་སྲོག་ཆགས་དེ་འདྲའི་རིགས་རང་བྱོན་མང་པོ་མཐོང་ཡ་འདུག དེ་འདྲའི་རིགས་ལ་རི་སྒྱུ་རྩལ་གྱི་ཐ་སྙད་འདི་སྦྱར་ན་འགྲིག་གི་ཡོད་དམ། སྐར་ཁུང་རྩོམ་སྒྲིག་པ་དང་དྲ་གྲོགས་སུས་ལན་འདེབས་གནང་ན་ཆོག་ལ། དྲི་བ་འདི་ཤེས་འདོད་ཀྱི་དབང་གིས་ཡིན།

  2. སྐར་ཁུང་རྩོམ་སྒྲིག་པ་ ནས།

    ནམ་མཁའ་ལགས།

    འདི་སྐར་ཁུང་གིས་བཅར་འདྲི་བྱས་བ་མ་རེད། བདེ་ཆེན་སྤེན་པས་བཅར་འདྲི་བྱས་བ་ཞིག་སྐར་ཁུང་གིས་བསྒྱུར་བ་རེད། དེ་སྒང་དུ་གསལ་བོར་བཀོད་ཡོད་པ་རེད། བཀའ་དྲིན་ཆེ།

    སྐར་ཁུང་རྩོམ་སྒྲིག་པས།

  3. ནམ་མཁའ་ ནས།

    དགོངས་དག་ང་རང་གིས་དོན་སྣང་ཡག་པོ་བྱུང་མི་འདུག་པས་དགོངས་འགལ་མེད་པར་ཞུ།

  4. ཀླུ་སྨྱོན་ ནས།

    ང་ཆུང་དུས་སུ་རི་མོ་འབྲི་རྒྱུར་ཧ་ཅང་དགའ་ལ་ངའི་ཕུ་བོ་ལྡོང་ཕྲུག་དེ་བས་ཀྱང་དགའ་བས་མི་ཚད་ཁོང་གི་ལག་བྲིས་དག་ཧ་ལས་པའི་ཡག་པོ་ཡོད། ཁོས་རྡོ་བ་ཆུང་ཆུང་དེ་འདྲ་མེས་བསྲེགས་རྗེས་དེ་ཚོ་སྨྱུ་གུའི་ཚབ་ཏུ་བེད་སྤྱོད་གཏོང་གི་རེད། ཡིན་ན་ཡང་། ངེད་ཅག་གི་ཕ་རྒན་དེ་རི་མོར་མི་དགའ་བ་ཡིན་ནམ་གང་ལྟར་ངེད་སྤུན་གཉིས་ཀྱིས་བྲིས་པའི་རི་མོ་དག་ལ་གདོན་འདྲེ་ཟེར་བ་དང་ནམ་ཡང་གདོན་འདྲེ་མ་འབྲི་ཟེར། ཁོང་གིས་ངེད་ཅག་ལ་ཡི་གེ་ཕྲིས་ཟེར་བ་མ་ཟད་ཡི་གེ་རེ་རེའི་བར་ཐག་ཧ་ཅང་སྙོམས་པོ་ཡོང་དགོས་ཟེར་ནས་དོ་དམ་ནན་པོ་བྱེད། ཡིན་ཡང་ཆུང་དུས་ཕ་རྒན་གྱིས་མུ་འབྲེལ་རི་མོའི་དེབ་ཆུང་འདྲ་མིན་ཉོས་ཡོང་ནས་ངེད་སྤུན་གཉིས་ལ་ལྟ་ཀློག་བྱེད་དུ་འཇུག་པས། དེ་དུས་ནས་རི་མོ་དང་རྩོམ་རིག་ལ་བག་ཆགས་ཕྲན་བུ་ཞིག་བཞག་ཡོད་སྲིད།

  5. ནམ་མཁའ་ ནས།

    ཀླུ་སྨྱོན་ལགས། ངས་ཁྱེད་ལ་ཡང་དྲི་བ་གོང་གི་གཅིག་མཚུངས་དེ་ཡིན།
    ཁྱེད་ཀྱིས་ཀྱང་གཟིགས་མྱོང་མང་པོ་ཡོད་ངེས་རེད། བྲག་ངོས་སོགས་སུ་རི་མོ་རང་བྱོན་མང་པོ་ཡོད་པ་དེ་དག་ལ་རི་མོའི་སྒྱུ་རྩལ་གྱི་ཐ་སྙད་འདི་སྦྱར་ན་འགྲིག་གམ། ངས་ཤེས་འདོད་ཀྱིས་དྲིས་པ་ཡིན་ལགས། ངས་རི་མོའི་སྐོར་གྱི་དེབ་དེ་འདྲ་མང་པོ་བཀླགས་མྱོང་ཡོད།ཡིན་ཡང་དེ་ཚོའི་གྲལ་ནས་རང་བྱོན་རི་མོ་རིགས་ཀྱི་སྐོར་གསུངས་མཁན་མི་འདུག
    སྤྱིར་རི་མོའི་རིགས་ལ་རང་བྱོན་རི་མོ་དང་སྒྱུ་རྩལ་རི་མོ་གཉིས་སུ་འབྱེད་དགོས་པ་ཡིན་ནམ། རང་བྱོན་རི་མོ་ཡང་རི་མོའི་གྲལ་འཇོག་དགོས་ཀྱི་རེད་སྙམ།

  6. ཀླུ་སྨྱོན་ ནས།

    ནམ་མཁའ་ལགས། རི་མོའི་རིགས་ལ་རང་བྱོན་ནམ་རང་བྱུང་རི་མོ་དང་མིས་བཟོས་རི་མོ་གཉིས་ལོས་ཡོད། ཡིན་ཡང་རང་བྱུང་རི་མོའི་རིགས་འདི་སྒྱུ་རྩལ་གྱི་ཁོངས་སུ་མི་གཏོགས་སྙམ། སྒྱུ་རྩལ་ཞེས་པའི་གོ་དོན་ནི་མིའམ་སྲོག་གང་རུང་གི་སྒྱུ་འཕྲུལ་ལམ་ཤེས་རིག་གི་རྩལ་ལས་བྱུང་བའི་རིག་དངོས་ལ་ཟེར་བ་འདྲ། ཡིན་ཡང་རང་བྱོན་རི་མོ་དག་གི་འདྲ་བཤུས་སམ་འདྲ་པར་རི་མོ་སོགས་ནི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པ་ཡིན་ཏེ། འགྲོ་བ་མིའི་ཤེས་རིག་གིས་དེ་དག་ལ་ལས་སྣོན་བྱས་པས་སོ།།ཟེར་དགོས་པ་འདྲ།

  7. ཀླུ་སྨྱོན་ ནས།

    སྒྱུ་རྩལ་ཞེས་པ་འདི་ལ་སྒྲ་ཡངས་འཇུག་དང་དོག་འཇུག་གི་དབང་དུ་བྱས་པ་གཉིས་འདུག་པས་གོང་གི་དེ་སྒྲ་དོག་འཇུག་གི་དབང་དུ་བྱས་པ་ཡིན་ལ། སྒྲ་ཡངས་འཇུག་གི་དབང་དུ་བྱས་ན་སྣང་སྲིད་ཐམས་ཅད་སྒྱུ་རྩལ་དུ་ངོས་འཛིན་བྱས་ཆོག་པར་འདོད།

  8. ཀླུ་སྨྱོན་ ནས།

    མཆན་གཉིས་པ་དེ་ནི་གུང་ཐང་ཚང་གི་ཤིང་གི་བསྟན་བཅོས་ལས།
    སྣང་བ་དཔེ་རུ་ཤར་བ་ཡི། །
    རྣལ་འབྱོར་དེ་ལ་གདམས་ངག་མང་། །
    ནགས་ཀླུང་སྟུག་པོའི་དོ་ར་རུ། །
    ཤིང་ལོའི་ཕུང་པོ་འཛད་མཐའ་མེད། །
    ཅེས་པ་དེའི་རིགས་པ་སྦྱར་བ་ཡིན་ཞིང་། རྙིང་མ་བ་ཚོས་སྣང་སྲིད་བརྡ་དང་དཔེ་ཆར་ཤར་བ་ཞེས་པ་ནི་ཡང་ཡང་སྐྱོར་ཡོང་གི་རེད་ལ། སྣང་སྲིད་བརྡ་དང་དཔེ་ཆར་འཆར་བའི་གོ་སྐབས་ཤིག་ཡོད་ན། སྣང་སྲིད་སྒྱུ་རྩལ་དུ་ལྟ་བའི་གོ་སྐབས་དང་ཤེས་རིག་ཅིག་ཀྱང་ཅིས་ཀྱང་ཡོད་འོས་པར་འདོད།

  9. ནམ་མཁའ་ ནས།

    ཀླུ་སྨྱོན་ལགས།ལན་འདེབས་གནང་བ་བཀའ་དྲིན་ཆེ། ཡིན་ཡང་གུང་ཐང་ཚང་གི་ཤིང་གི་བསྟན་བཅོས་ལས་གསུངས་པ་དང་འབྲེལ་དོགས་པ་ཞིག་སྒྱུ་རྩལ་གྱི་གོ་དོན་ལ་སླེབས་སོང་མོད།དེ་རིང་ཁོམ་པ་མེད།ཡང་མི་གཡོག་ལ་རྒྱུག་དགོས་ནི་ཨ་རོ།བདེ་མོ་བྱོས།

Write a Reply or Comment

Your email address will not be published. Required fields are marked *

*