འཕྲིན་ཕྲན་མཚམས་ཞོག ཁ་ཁོ་འགོ་ཚུགས།


འཇིགས་མེད་ནུབ་པ།

ད་ལྟའི་ཆར་བོད་མི་ཞིག་ལ། ཁྱོད་ཀྱིས་བོད་ནང་ལ་འབྲེལ་བ་ཇི་ལྟར་བྱེད་གི་ཡོད་དམ་ཟེར་ནས་དྲིས་ཚེ། ལན་ནི་ཕལ་ཆེར་འཕྲིན་ཕྲན(WeChat)་བརྒྱུད་ནས་ཟེར་གི་རེད། རྒྱུ་མཚན། བོད་ཕྱི་ནང་གཉིས་ཀར་འཕྲིན་ཕྲན་བེད་སྤྱོད་གཏོང་མཁན་གྱི་གྲངས་ཀ་མང་དུ་འཕེལ་གིན་ཡོད། ཡིན་ན་ཡང་། འདི་ལ་དགའ་འོས་དང་གཟབ་དགོས་བའི་གནད་དོན་གཉིས་ཀ་ཡོད། དགའ་འོས་ནི། བོད་མིས་ཚོས་ཕན་ཚུན་ལ་བོད་ཡིག་ནང་འབྲེལ་བ་བྱེད་བདེ་རུ་སོང་བ་དེ་རེད་ལ། འབྲེལ་བ་བྱེད་མཁན་ཡང་མང་དུ་ཕྱིན་ཡོད། གཟབ་དགོས་བ་ནི། འཕྲིན་ཐུང་མཉེན་ཆས་འདིས་བོད་མི་ཚོའི་དྲ་ཐོག་གི་བདེ་འཇགས་ལ་དོ་ཕོག་གཏོང་བཞིན་པ་དེ་རེད། དེ་ཡང་ཁ་གསལ་དུ་བཏང་ན། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་བོད་མི་མང་པོ་བཙོན་དུ་ཚུད་པའི་གནས་ཚུལ་ཐོན་བཞིན་ཡོད།

འཕྲིན་ཕྲན་(WeChat)ནི་རྒྱ་ནག་གི་བཟོ་ཚོང་ཁང་(Tencent) ཁྲེན་སེན་ཁྲི་(རྒྱ་སྐད་དུ་ཧྲི་ཧྤེན)ཟེར་བས་བཟོས་བའི་འཕྲིན་ཐུང་མཉེན་ཆས་ཤིག་ཡིན། འཕྲིན་ཐུང་མཉེན་ཆས་འདི་ཕྱི་ལོ་༢༠༡༡ལོར་ཐོག་མར་ཁྱབ་བསྒྲགས་བྱས། མཉེན་ཆས་འདི་ཁྱབ་བསྒྲགས་བྱས་བའི་རྗེས་ཀྱི་ཟླ་ངོ་དྲུག་གི་ནང་ཚུན་དུ། རྒྱ་ནག་ནང་ཁུལ་དུ་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་ས་ཡ་ཉིས་བརྒྱ་ལྷག་བརྒལ་ཡོད། འཕྲིན་ཐུང་མཉེན་ཆས་འདིའི་ཁྱད་ཆོས་གཙོ་བོ་ཁག་ནི། ༡) རིན་མེད་ཐོག་ཕན་ཚུན་ལ་འཕྲིན་ཐུང་གཏོང་ཐུབ་པ། ༢) སྐད་འཕྲིན་བསྐུར་ཐུབ་པ། ༣)འདྲ་པར་བགོ་ཐུབ་པ། ༤) གཟུགས་ལྡན་ཁ་བརྡ་བྱེད་ཐུབ་པ་བཅས་ཡིན།

འོན་ཀྱང་། འཕྲིན་ཐུང་མཉེན་ཆས་འདིའི་ཉེན་ཁ་ནི། ཁྱེད་ཀྱིས་འཕྲིན་ཐུང་འདིའི་སྟེང་དུ་བྱ་ལས་ཅི་ཞིག་སྒྲུབ་པ་ཚར་མར། རྒྱ་ནག་གཞུང་གིས་ལྐོག་ལྟ་དང་རྗེས་འདེད་གཏོང་ཐུབ་པ་མ་ཟད། འཕྲིན་ཐུང་མཉེན་ཆས་འདིར་གཞུང་གི་ཉེན་སྲུང་སྡེ་ཚན་གྱིས་སྐོར་གཡེང་དང་ལྐོག་ལྟ་བྱས་ཆོག་པའི་ལྟག་སྒོ་ཡང་ཡོད། དེར་བརྟེན། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས། མི་སྒེར་བ་ཕན་ཚུན་ལ་གསང་བའི་གནས་ཚུལ་གཏོང་བ་དང་སྙིང་གཏམ་གླེང་བ། སྒེར་བའི་དོན་དག་བཤད་པ་བཅས་ནི། སོ་སོའི་མི་ཚེ་ཉེན་ཁའི་གཡང་ལ་སྐྱེལ་བ་འམ་རྒྱ་གཞུང་གི་ལག་ཏུ་འཇོག་པ་དང་གཅིག་མཚུངས་ཡིན། ངས་འདི་ལྟར་བཤད་དོན་ནི། ༡) འཕྲིན་ཐུང་མཉེན་ཆས་འདི་རྒྱ་ནག་གིས་བཟོས་པ་རེད། ༢)འཕྲིན་ཐུང་མཉེན་ཆས་འདིའི་རྟེན་གཞི་བྱེད་ས་རྒྱ་ནག་རེད། ༣) འཕྲིན་ཕྲན་མཉེན་ཆས་བཟོ་ཚོང་ཁང་གིས་མི་སྒེར་བའི་གནས་ཚུལ་རྒྱ་ནག་ལ་གནས་ཚུལ་སྤྲོད་ཀྱི་ཡོད་པ་བཅས་རེད། དེས་ན། གནས་སྟངས་འདི་འདྲ་ཞིག་གི་འོག་ཏུ། རྒྱ་ནག་གཞུང་དང་མཉམ་དུ་ཁྱེད་ཀྱིས་སོ་སོའི་སྙིང་གཏམ་དག་ཞུ་ཐུབ་ས་རེད་དམ།

རྒྱ་ནག་ནང་ཁུལ་དུ་མཚོན་ན། ད་ཕན་འཕྲིན་ཕྲན་བརྒྱུད་ནས་ཤེས་ཡོན་པ་དང་རྩོམ་པ་པོ། འགྲོ་བ་མིའི་ཐོང་ཐང་རྩོད་མཁན་སོགས་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་མ་ཟད་། བཟོ་ཚོང་ཁང་འདིར་རྒྱ་ནག་གཞུང་ལ། གཞུང་དང་བསམ་ཚུལ་མི་མཐུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་རྗེས་འདེད་དང་ལྐོག་ལྟ་བྱེད་འཇུག་གི་ཡོད། འདིའི་དཔེ་མཚོན་གཅིག་ནི། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཧུའུ་ཅ་(Hujia) ལགས་ཀྱིས་དབྱིན་ཡུལ་གྱི་དྲ་བ་གྲགས་ཅན་སྒར་སྒྲིན་(Guardian) སྟེང་དུ་འདི་ལྟར་གསུངས་ཡོད། “ངས་བས་ཆ་ཁྲི་ནི་གཞན་དང་བསྡུར་ན་བདེ་འཇགས་རེད་བསམ་ཡོད། དེ་ནི་མཉེན་ཆས་གསར་བ་ཞིག་ཡིན་པ་མ་ཟད་དེ་རྒྱ་ནག་གི་ལག་ཁྱེར་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་(China Mobile) དང་(China Unicom) གཉིས་ཀྱིས་བཟོས་བ་ཞིག་མ་རེད། བཟོ་ཚོང་ཁང་དེ་གཉིས་ཀྱིས་ལོ་ངོ་བཅུ་ལྷག་ལ་ངའི་ཁ་པར་དང་འཕྲིན་ཐུང་ཚང་མར་ལྐོག་ཉན་དང་རྗེས་འདེད་བཏང་ནས་བསྡད་པ་རེད། ཡིན་ན་ཡང་། ཉེ་ཆར་རྒྱ་ནག་གི་ནང་ཁུལ་གསང་བའི་ལས་ཁུངས་ཀྱིས་ང་ཧང་སངས་བར་བྱས་སོང་། ཁོང་ཚོས་ངའི་སྐད་ཆའི་ཚིག་རེ་རེ་དང་སྒྲ་ཡོད་སྐད་འཕྲིན་རེ་རེ་ང་ལ་སྐྱོར་གི་འདུག དེ་དག་ངས་འཕྲིན་ཕྲན(Wechat) བརྒྱུད་ནས་གྲོགས་པོ་ཚོར་བཏང་བ་ཤ་སྟག་ཡིན།” ད་དུང་། དཔེར་ན། ད་ལོར་མདོ་སྨད་རེབ་གོང་ཁུལ་དུ་དགེ་རྒན་ནམ་མཁའ་བྱམས་ཟེར་བ་ཞིག་ལ་ངོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ཡང་ཁོང་གིས་སྐད་འཕྲིན་བརྒྱུད་ཕྱི་ལོགས་སུ་འདྲ་པར་འགའ་ཤས་བཏང་བའི་ཉེར་ལེན་ལ་བརྟེན་ནས་བྱུང་བ་ཞིག་རེད།

འཕྲིན་ཕྲན་བདེ་སྤྱོད་གཏོང་མཚམས་བཞག་ན། དེའི་ཚབ་ལ་ཅི་ཞིག་བེད་སྤྱོད་གཏོང་དགོས་སམ་ཟེར་བའི་དྲི་བ་འདི་ཡོང་གི་རེད། དྲི་བ་དེའི་ལན་ནི། འཕྲིན་ཕྲན་ཟེར་བ་འདིའི་ཚབ་ལ། རྒྱ་གཞུང་གིས་མ་བཟོས་ཤིང་རྒྱ་ནག་ཏུ་རྟེན་གཞི་བྱས་མེད་པ། ལྷག་པར་དུ་རྒྱ་གཞུང་ལ་ལྐོག་ནས་མི་སྒེར་གྱི་གནས་ཚུལ་མི་སྤྲོད་པའི་བདེ་འཇགས་དང་ཉེན་སྲུང་ཆེ་བའི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་(Kakao) ཟེར་བ་འདི་བེད་སྤྱོད་ཐོངས། དེ་ཡང་། ཁ་ཁོ་(Kakao) ཟེར་བ་འདི་བརྒྱུད་ནས་འཕྲིན་ཕྲན་ནང་བཞིན། གྲོགས་པོ་དང་ངོ་ཤེས། ནང་མི་ཕན་ཚུན་བཅས་ཀྱི་དབར་ལ་རིན་མེད་འཕྲིན་ཐུང་གཏོང་བ་དང་འདྲ་པར་གཏོང་བ། གཟུགས་ལྡན་ཁ་པར་གཏོང་བ། སྒྲ་ལྡན་འཕྲིན་ཐུང་གཏོང་བ། མི་མང་པོའི་མཉམ་དུ་དུས་གཅིག་ལ་ཁ་བརྡ་གློད་པ་སོགས་ཚང་མ་བྱེད་ཐུབ་པ་མ་ཟད། ད་དུང་འཕྲིན་ཐུང་བོད་ཡིག་ཏུ་ཡང་འབྲི་ཐུབ། དེས་ན། ཁ་ཁོ་(Kakao) བེད་སྤྱོད་གཏོང་འགོ་ཚུགས།

དེ་ཡང་ཞིབ་པར་གླེང་ན། གལ་སྲིད་ཁྱེད་ཀྱིས་ཨན་སྒྲོ་(Android)མ་ལག་རྟགས་ཅན་གྱི་ཁ་པར་ནང་ཁ་ཁོ་ཟེར་བའི་མཉེན་ཆས་འདི་ཕབ་ལེན་བྱས་ནས་བེད་སྤྱོད་གཏོང་འདོད་ཡོད་ཚེ།   ཐོག་མར་ཁྱེད་ལ་དགོས་པའི་ཆ་རྐྱེན་གཅིག་ནི་རྗེ་མེལ་(Gmail)་གྱི་གློག་འཕྲིན་ཁ་བྱང་ཞིག་བཟོ་དགོས་རྒྱུ་དེ་ཡིན།   ཀུ་ཤུ་རྟགས་ཅན་གྱི་ཁ་པར་བེད་སྤྱོད་གཏོང་མཁན་ཚོས་དབྱིན་སྐད་དུ་ “Apple store” དང་རྒྱ་སྐད་དུ་ “Apple商店” ནས་མཉེན་ཆས་ཕབ་ལེན་བྱེད་དགོས།  ཕབ་ལེན་བྱེད་སྟངས་ཨན་སྒྲོ་མ་ལག་རྟགས་ཅན་གྱི་ཁ་པར་དང་གཅིག་མཚུངས་ཡིན།

གཤམ་དུ་ཁ་ཁོ་འཕྲིན་ཐུང་མཉེན་ཆས་ཁ་པར་སྟེང་ཕབ་ལེན་བྱེད་སྟངས་སྐོར་རོབ་ཙམ་བརྗོད་ན། 

དང་པོ།

ཐོག་མར་ཨན་སྒྲོ་(Android)མ་ལག་རྟགས་ཅན་གྱི་ལག་འཁྱེར་ཁ་པར་ནང་གི་དབྱིན་སྐད་དུ་ “Play Store” དང་རྒྱ་སྐད་དུ་ “Play 商店” ཟེར་བའི་མཉེན་ཆས་ཕབ་ལེན་བྱེད་སའི་དྲ་ངོས་དེ་ཁ་ཕྱེས་། དེའི་རྗེས་སུ་། དྲ་ངོས་གཉིས་པའི་ནང་གི་གཡས་ཕྱོགས་སུ་ཡོད་པའི་ཕྲ་མཐོང་ཆེ་ཤེལ་བཟོ་དབྱིབས་ཀྱི་རི་མོ་དེའི་སྒང་ལ་བསྣུན། དེ་ནས་འཚོལ་ཞིབ་བྱེད་སའི་དྲ་མིག་ནང་(kakao)ཞེས་པ་གཏགས་ཚེ། མཉེན་ཆས་དེ་འཆར་འོང་། དེའི་མཚོན་རྟགས་ཀྱི་རི་མོ་ནི་ངོས་ཤོག་སེར་པོ་ཞིག་གི་དཀྱིལ་དུ་དབྱིན་ཡིག་ “TALK” བྲིས་ཡོད་པ་ཞིག་ཡིན། (པར་རིས་ ༡ དང ༢ ༣ ༤ བཅས་ལ་གཟིགས།)

གཉིས་པ། 

གོང་གི་པར་རིས་དེ་ཚོའི་ཁྲོད་ནས་ཁ་ཁོ་མཉེན་ཆས་དེ་བདམས་ཚར་ན།  དེའི་རྗེས་ཀྱི་དྲ་ངོས་ནང་གི་”kakao Talk Messenger 安装”(དབྱིན་ཡིག་ནང་Install)ཟེར་བ་དེའི་སྒང་ལ་བསྣུན་དགོས་པ་མ་ཟད། དེའི་རྗེས་ཀྱི་དྲ་ངོས་ནང་”接受并下载”(དབྱིན་ཡིག་ནང་Accept and Download) ཟེར་བའི་ཡི་གེ་དེའི་སྒང་ལ་བསྣུན་རྗེས་དངོས་གཞི་ཕབ་ལེན་མ་ཚར་བར་དུ་སྒུག་ནས་སྡོད་དགོས།  ཕབ་ལེན་བྱས་ཚར་བ་དང་མཉེན་ཆས་དེ་ཁྱེད་ཀྱི་ཁ་པར་ནང་རང་བཞིན་གྱིས་ནང་འཇུག་བྱེད་འགོ་ཚུགས་གི་རེད།(པར་རིས་༥་དང་༦ ༧ ༨ བཅས་ལ་གཟིགས།)

གསུམ།

ནང་འཇུག་བྱས་ཚར་བ་དང་།  དེའི་རྗེས་ཀྱི་དྲ་ངོས་སུ་(དབྱིན་ཡིག་select country) “选择国家” ཟེར་བའི་འདམ་ཀ་དེ་འཆར་ཡོང་གི་རེད།  གལ་ཏེ་ཁྱེད་རང་བོད་ཀྱི་ས་ཁུལ་འདྲ་མིན་དང་རྒྱ་ནང་གི་གྲོང་ཁྱེར་ཁག་ན་སྡོད་ཀྱི་ཡོད་ཚེ།  གདམ་ཀ་དེ་དག་གི་ཁྲོད་ནས་དབྱིན་ཇིེའི་ཚིག་ “China  +86″ ཡོད་པ་འདེམས་དགོས་ལ།  དེ་གྲུབ་ཚར་བ་དང་དྲ་ངོས་རྗེས་མའི་ནང་གི་སྟོང་ཆ་ཞིག་ཡོད་པ་དེའི་ནང་རང་ཉིད་ཀྱི་ཁ་པར་ཨང་གྲངས་བསྐངས་ན།  ཁ་ཁོ་བཟོ་ཚོང་ཁང་གིས་ཁྱེད་ཀྱི་ཁ་པར་སྟེང་ར་སྤྲོད་གསང་ཚིག་ཅིག་འཕྲིན་ཐུང་གི་ཚུལ་དུ་བསྐུར་ཡོང་གི་རེད།  ར་སྤྲོད་གསང་ཚིག་དེ་དྲ་ངོས་རྗེས་མའི་ནང་བསྐངས་རྗེས།  དེའི་རྗེས་ཀྱི་དྲ་ངོས་ནང་གི་ (དབྱིན་སྐད་ནང་Agree and Continue) “同意并继续” ཟེར་བ་དེའི་སྒང་ལ་བསྣུན་ན།  ཁྱེད་ཀྱིས་ཁ་ཁོ་མཉེན་ཆས་ཕབ་ལེན་དང་ནང་འཇུག་གི་ལས་རིམ་ཡོངས་སུ་གྲུབ་ཚར་བ་རེད།(པར་རིས་༩པ་དང་༡༠པ ༡༡ ༡༢བཅས་ལ་གཟིགས།)

བཞི།

ཁ་ཁོ་མཉེན་ཆས་ནང་འཇུག་བྱས་ཚར་ན།  ཁྱོད་ལ་ལས་ཀ་ཞིག་པ་ཡོད་པ་ནི་ཁ་ཁོ་བེད་སྤྱོད་གཏོང་མཁན་གྱི་གྲོགས་པོ་རེ་བཙལ་ནས་ཁོང་ཚོ་དང་མཉམ་དུ་ཁ་བརྡ་དང་གཏམ་གླེང་འགོ་འཛུགས་བྱེད་རྒྱུ་དེ་རེད།  དེས་ན། གྲོགས་པོ་ཇི་ལྟར་འཚོལ་མིན་གྱི་དྲི་བ་ཏན་ཏན་ཁྱེད་ཚོའི་སེམས་ནང་ལ་ཡོད་ཀྱི་རེད།  གྲོགས་པོ་འཚོལ་སྟངས་ལ་ལམ་ཁ་མི་འདྲ་བ་གཉིས་ཡོད།  གཅིག་ནི། གྲོགས་པོའི་ཁ་ཁོ་ཡི་ཁ་བྱང་བརྒྱུད་ནས་འཚོལ་དགོས་ལ།  གཞན་དེ་ནི། གྲོགས་པོའི་ཁ་པར་ཨང་གྲངས་བརྒྱུད་ནས་འཚོལ་དགོས།  གྲོགས་པོ་བཙལ་སའི་ས་མིག་དེ་པར་རིས་་ནང་གཟིགས་ན་གསལ་པོ་རྟོགས་ཐུབ།
 

ལྔ།

དེ་མིན་ཁ་ཁོ་མཉེན་ཆས་ཀྱི་ཐོ་གཞུང་ནང་(དབྱིན་ཡིག་ནང་Friends +Chat +Search + More)  ”好友+聊天+查找+更多” སོགས་ཡོད་པ་ལས་(དབྱིན་ཡིག་ནང་Search) “查找” ཞེས་པ་དེའི་སྒང་ལ་བསྣུན་རྗེས་སོ་སོའི་ཁ་པར་གྱི་་ཐོ་གཞུང་ནང་ཡོད་པའི་གྲོགས་པོ་ཚོ་ཡང་ཁ་ཁོ་ནང་འབོད་འགུག་ཡང་བྱེད་ཆོག་པ་ཡིན།  གནས་སྐབས་རིང་ཁྱེད་ཀྱི་གྲོགས་པོ་ཚོས་མཉེན་ཆས་འདི་བེད་སྤྱོད་གཏོང་གི་མེད་སྲིད་ཀྱང་།  བརྒྱུད་རིམ་འདིའི་ཁྲོད་ནས་མ་འོངས་པར་ཁོ་ཚོས་མཉེན་ཆས་གསར་བ་འདི་བེད་སྤྱོད་གཏོང་བར་ཁྱེད་ཀྱིས་སྐུལ་མ་བྱེད་འོས།(པར་རིས་༡༣དང་༡༤ ༡༥ ༡༦ ༡༧ ༡༨ བཅས་ལ་གཟིགས།)

དྲུག

ཁྱེད་ཀྱིས་རང་ཉིད་ཀྱི་གྲོགས་པོ་དེ་རྙེད་ཚར་བ་ཡིན་ན།  གཏམ་གླེང་འགོ་འཛུགས་བྱེད་ཆོག་ལ།  གཏམ་གླེང་བྱེད་པའི་བརྒྱུད་རིམ་ཁྲོད་དུ་འདྲ་པར་དང་བརྙན་པར།  སྐད་འཕྲིན་སོགས་ཚང་མ་བཏང་ཆོག  འཕྲིན་ཕྲན་དང་མ་འདྲ་བ་ཞིག་ནི་ཁ་ཁོ་ནང་དུས་གཅིག་ལ་འདྲ་པར་མང་པོ་གཏོང་ཐུབ་པའི་མཐུན་རྐྱེན་ཡོད།   གལ་ཏེ་ཁྱེད་ཀྱི་དྲ་རྒྱའི་བརྡ་རྟགས་ཡག་པོ་ཡོད་ཚེ ། གྲོགས་པོ་ཕན་ཚུན་དབར་ད་དུང་ཁ་ཁོ་བརྒྱུད་ཁ་པར་གཏོང་ཆོག་པ་མ་ཟད།   མི་མང་པོས་མཉམ་དུ་དུས་གཅིག་ལ་ཁ་བརྡ་སོགས་ཀྱང་བྱེད་ཐུབ།   ཁ་ཁོ་མཉེན་ཆས་ཀྱི་ཁྱད་ཆོས་གལ་ཆེན་ཞིག་ནི་གྲོགས་པོ་ཕན་ཚུན་དབར་གཏམ་གླེང་བྱེད་པའི་བརྒྱུད་རིམ་ཚང་མར་”https” ཟེར་བའི་བདེ་འཇགས་ཀྱི་ཁྱད་ཆོས་ཞིག་འཕར་མ་བེད་སྤྱོད་གཏོང་གི་ཡོད་ལ།  མཐུན་རྐྱེན་འདི་བརྒྱུད་ནས་རང་ཉིད་ཀྱི་འཕྲིན་ཐུང་དང་ཡིག་ཆ་སོགས་སྦས་ནས་གཏོང་ཐུབ་པ་སོགས་མཐུན་རྐྱེན་མང་པོ་ཡོད་དོ། (པར་རིས་༡༩ དང་༢༠ གཉིས་ལ་གཟིགས།)

ད། ངེད་ཀྱིས་ཁྱོད་ལ་རྒྱ་ནག་གིས་བཟོས་བའི་འཕྲིན་ཕྲན་ཟེར་བ་དེའི་དགེ་སྐྱོན་གཉིས་ཀ་གླེང་ཚར། ཞོར་ནས། ཉེན་སྲུང་ཅན་གྱི་ཁ་ཁོ་འཕྲིན་ཐུང་མཉེན་ཆས་དེ་ཡང་ངོ་སྤྲོད་བྱས་ཚར། གདམ་ཁ་ནི་ཁྱེད་ཀྱི་ལག་པའི་ནང་ན་ཡོད། གཙོ་བོ། རང་གི་ནང་མི་དང་སྤུན་ཉེ། གྲོགས་པོ་བཅས་རྒྱ་ནག་གི་ལག་ལ་འཇོག་འདོད་མེད་ན། འཕྲིན་ཕྲན་དང་ཁ་བྲལ། ཁ་ཁོ་བེད་སྤྱོད་གཏོང་འགོ་ཚུགས།

(འཇིགས་མེད་ནུབ་པ་ནི། ཡིག་སྒྱུར་དང་རྩོམ་སྒྲིག རྩོམ་འབྲི་བཅས་གནང་མཁན་གྱི་བོད་རིགས་གཞོན་སྐྱེས་ཤིག་ཡིན།)


རྩོམ་འདིའི་ནང་མཆན་ 5 བཀོད་འདུག

5 Responses to འཕྲིན་ཕྲན་མཚམས་ཞོག ཁ་ཁོ་འགོ་ཚུགས།

  1. རིག་འཛིན་ ནས།

    ལེགས་པའི་གཏམ་དང་དགོས་མཁོ་ཅན་གྱི་གཏམ་ཡིན་པས་བསྔགས་བརྗོད་ཞུ།

  2. བསྟན་པ་ ནས།

    སྐར་ཁུང་ཚང་གིས་དགོས་མཁོ་ཅན་གྱི་ཤེས་བྱ་རྐྱང་རྐྱང་འགོད་བཞིན་པར་སེམས་གཏིང་ནས་དགའ་བསུ་ཞུ།

  3. ཁ་བའི་བུ་ ནས།

    གུས་པས་ཞུས་ཡག་ལ་དེང་སང་སྟར་འཕྲིན་line ཞེས་པ་འདུག དེ་དེང་སང་ཁྱབ་ཆེ་བ་དང་བདེ་སྤྱོད་བདེ་བ་ཞིག་འདུག

  4. སྦྲ་རིགས་ཐོགས་མེད་ ནས།

    གོ་ཐོས་ལ་line ཟེར་བ་དེས་ཀྱང་རྒྱ་ནག་ཚང་ལ་མགོ་སྒུར་གི་ཡོད་པ་འདྲ

  5. འཇམ་དབྱངས་ ནས།

    རྒྱ་ནག་ནས་འདི་གཉིས་ལ་ཁྱད་པར་ཡོད་ནི་མ་རེད། ཁ་ཁོ་ཡང་རྒྱ་ནག་ནང་བཟོས་མཉེན་ཆས་སུ་ལོག་ཡོད་ནི་རེད

Write a Reply or Comment

Your email address will not be published. Required fields are marked *

*