གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(སྔ་མ)


སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་རེས་ལེན་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཕྱི་ཟླ་ ༡༠ བའི་ཚེས་ ༡༡ ཉིན་སུ་ཀྲོག་ཧོམ་དུ་བཞུགས་པའི་སུ་བས་སྒྲིས་ཞི(The Swedish Academy in Stockholm)ཤེས་ཡོན་བསྟི་གནས་ཀྱི་གཏན་འཇགས་དྲུང་ཆེ་པེས་གྲིར་ཨེན་ལན་སྒྲི་(Peter Englund)ལགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་འཛམ་གླིང་ནོར་བྷེལ་རྩོམ་རིག་གཟེངས་རྟགས་དེ་ལོ་ངོ་ལྔ་བཅུ་ང་བདུན་ལ་སོན་པའི་རྒྱ་ནག་གི་རྩོམ་པ་བོ་ཀུན་མོ་ཡས་(Guan Moye) ལ་ཐོབ་པའི་གསལ་བསྒྲགས་བསྐྱངས། ཀུན་མོ་ཡས་ཀྱི་སྨྱུག་མིང་ལ་མོ་ཡན་(Mo Yan) ཟེར་ཞིང་མོ་ཡན་ཞེས་པའི་དོན་ནི་སྐད་ཆ་མ་བཤད་ཟེར་བར་གོ་དགོས།(སྨྱུག་མིང་དེ་ལྟར་འདོགས་དོན་ནི་མོ་ཡན་ཆུང་དུས་མོའོ་ཙེ་ཏུང་གི་དུས་སྐབས་སུ་ཁེལ་ཞིང་སྐབས་དེར་ཕ་མ་གཉིས་ཀྱིས་ཁོང་ལ་བསླབ་བྱ་དེ་ལྟར་བསྐྱོན་པ་བཞིན་མིང་དེ་ཐོགས་པར་བཤད།)

གསལ་འགྱུར་དེ་རྒྱལ་སྤྱིའི་ཐོག་ཏུ་བསྒྲགས་མ་ཐག་པེ་ཅིན་གཞུང་གིས་དགའ་སྤྲོའི་ངང་ནས་ངོས་ལེན་བྱས་པ་མ་ཟད་རྒྱ་ནག་དམར་ཤོག་གི་ཆེས་མཐོའི་དབང་འཛིན་པ་དགུའི་ཁོངས་ཀྱི་སྐུ་ཞབས་ལེས་ཆང་ཆན་ཀྱིས་དེ་མ་ཐག་མོ་ཡན་ཚོགས་གཞོན་ཡིན་པའི་རྒྱ་ནག་རྒྱལ་ཡོངས་རྩོམ་པ་པོའི་མཐུན་ཚོགས་ལ་རྟེན་འབྲེལ་གྱི་ཕྱག་འཕྲིན་བསྩལ་ནས་བཤད་རྒྱུར། “ནོར་བྷེལ་རྩོམ་རིག་གཟེངས་རྟགས་རྩོམ་པ་པོ་མོ་ཡན་ལ་ཐོབ་པ་དེས་རྒྱ་ནག་གི་རྩོམ་རིག་སྒྱུ་རྩལ་འཕེལ་རྒྱས་གཅིག་པོ་མཚོན་པ་ཙམ་མ་ཡིན་པར། ད་དུང་རྩོམ་རིག་རྟགས་མ་འདིས་རྒྱ་ནག་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཐོག་གི་རྒྱ་ནག་གི་ཤུགས་རྐྱེན་བཅས་ཡོངས་སུ་མཚོན་ཡོད།”ཅེས་གསལ་བཤད་བྱས་ཡོད། དེར་མཐུད་ནས་རྒྱ་ནག་གི་གཞུང་འབྲེལ་ཚགས་པར་ཆེ་ཁག་གིས་ཀྱང་“རྒྱ་ནག་མི་མང་གིས་ཡུན་རིང་རེ་སྒུག་བྱས་པའི་རྒྱ་ནག་པ་ངོ་མ་ཞིག་ལ་ནོར་བྷེལ་གཟེངས་རྟགས་དེ་གཞི་ནས་རག་སོང་།”ཟེར་བ་སོགས་གནས་ཚུལ་རྣམས་འུར་བརྗོད་དང་འབོད་ཚིག་འདྲ་མིན་བྲིས་ཡོད། དེའི་བདུན་ཕྲག་གཅིག་གི་རྗེས་སུ་རྒྱ་ནག་དབུས་གཞུང་གིས་ཨ་སྒོར་ས་ཡ་$༡༡༠ ལྷག་གིས་འགྲོ་སོང་བཏང་ནས་རྩོམ་པ་པོ་མོ་ཡན་གྱི་སྐྱེས་ཡུལ་གྲོང་གསེབ་དེར་“མོ་ཡན་རིག་གཞུང་མྱོང་ཚོར་ར་བ”ཞེས་པ་ཞིག་བསྐྲུན་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས།

གནས་ཚུལ་དེས་རྒྱ་ནག་གི་ཕྱི་ནང་གཉིས་སུ་ཡོད་པའི་རྒྱ་ཡིག་གི་དྲ་ལམ་ཁག་ཏུ་འཁྲུག་ཆ་དོད་པོའི་བགྲོ་གླེང་བསླངས་ཡོད། དྲ་ཐོག་གི་དཔྱད་རྗོད་པ་ཚོས་རྒྱ་ནག་གི་རྩོམ་པ་པོའི་ཁྲོད་ནས་དོན་ངོ་མར་ནོར་བྷེལ་རྟགས་མ་དེ་ཁོང་ལ་འོས་ཤོས་ཡིན་ནམ་ཡང་ན་རྒྱ་ནག་ནང་དུ་རང་དབང་འཐབ་རྩོད་དང་འབྲེལ་ནས་རྩོམ་ཡིག་འབྲི་བཞིན་པའི་རྩོམ་པ་པོ་གཞན་དག་ལ་འོས་ཤོས་ཡིན་མིན་སོགས་གླེང་སློང་བྱས་ཡོད། དེ་བཞིན་ཁ་ཤས་ཀྱིས་དམར་ཤོག་ཚོགས་པའི་ཁོངས་མིའི་ཁྲོད་དུ་ཡོད་པའི་རྩོམ་པ་པོ་མོ་ཡན་དང་རྒྱ་ནག་གི་སྲིད་དོན་ནག་ཉེས་འོག་ཏུ་བཙོན་འཇུག་བྱས་པའི་རྩོམ་པ་བོ་ལོས་ཞོ་པོ་གཉིས་ཕན་ཚུན་བསྡུར་ནས་དཔྱད་རྩོམ་ཡང་སྤེལ་ཡོད། རྒྱ་ནག་གི་དྲ་ཐོག་དཔྱད་རྗོད་པ་བང་ཞོ་ཧོང་ཟེར་བ་ཞིག་གིས་རང་ཉིད་དུར་སྦས་བྱས་ཟིན་པའི་སྐུ་གཤེགས་འདས་པོ་དམ་པ་ནོར་བྷེལ་སྐུ་ཞབས་ཡིན་ཁུལ་གྱིས་ཀུ་རེའི་ཚུལ་དུ་དཔྱད་གཏམ་སྤེལ་དོན། “ལོ་ངོ་གཉིས་ཀྱི་གོང་དུ་ངའི་འཐུས་མི་དག་གིས་རྒྱ་མི་ཞིག་ལ་གཟེངས་རྟགས་སྤྲད་པར་བརྟེན་རྒྱ་ནག་དམར་ཤོག་གཞུང་ལ་ཕོག་ཐུག་ཆེན་པོ་བཟོས་པ་རེད། དེ་བཞིན་ད་ལོར་ཡང་ཁོ་ཚོས་རྒྱ་མི་གཞན་ཞིག་ལ་གཟེངས་རྟགས་སྤྲད་པར་བརྟེན་རྒྱ་ནག་མི་མང་ལ་ཕོག་ཐུག་ཆེན་པོ་བཟོས་པ་རེད། དཀོན་མཆོག་མཁྱེན། དུས་ཡུན་ལོ་ངོ་གཉིས་ཀྱི་ནང་དུ་ངའི་སྐུ་ཚབ་འཐུས་མི་ཚོས་རྒྱ་ནག་ཡོངས་ལ་ཕོག་ཐུག་བཟོས་ཚར་འདུག”ཅེས་བྲིས་འདུག

དེ་བཞིན་དཔྱད་བརྗོད་མཁན་པོ་འདིས་ཞིབ་ཚགས་པོའི་སྒོ་ནས་ནོར་བྷེལ་གཟེངས་རྟགས་སྐོར་ལ་བརྗོད་དོན། རྒྱ་ནག་མི་དམངས་སྤྱི་ཡོངས་དང་ལྷག་པར་རྒྱ་ནག་གཞུང་ངོས་ནས་ཀྱང་ནོར་བྷེལ་རྩོམ་རིག་གཟེངས་རྟགས་ནི་ཨོ་རྩལ་འགྲན་ཚོགས་ཁྲོད་ཀྱི་གསེར་གྱི་རྟགས་མ་བཞིན་རྒྱ་ནག་ལ་ཆེ་མཐོང་དང་བརྩི་བཀུར་བྱས་པ་མཚོན་པའི་ལྟ་ཚུལ་བཟུང་ཡོད། འོན་ཀྱང་། འདས་པའི་དུས་རབས་ཁ་ཤས་ཀྱི་རིང་དུ་ཁོ་ཚོས་རང་ཉིད་ཀྱི་ཆེ་མཐོང་དང་བརྩི་བཀུར་གལ་ཆེན་ཡིན་ཚུལ་གཏན་ནས་ཉམས་འཇོག་བྱས་མྱོང་མེད། རྒྱལ་ཁབ་རང་ཉིད་ཀྱི་རིན་ཐང་དང་བདེ་འཇགས་ཐད་དུ་སེམས་ཁྲལ་ཆེ་བའི་གནས་སྟངས་འོག་ཏུ་རྒྱལ་སྤྱིའི་ཁྲོད་དུ་རང་ཉིད་ཀྱི་ཆེ་མཐོང་སླར་གསོ་བྱེད་པ་ནི་རྒྱ་ནག་ལ་མཚོན་ན་ཅི་བས་ཀྱང་གལ་ཆེན་ཡིན། དེར་བརྟེན། སུ་བེས་སྒྲན་ནོར་བྷེལ་ལྷན་ཚོགས་(ཚོགས་མིའི་ཁྲོད་དུ་རྒྱ་སྐད་ཤེས་མཁན་གཅིག་ལས་མེད་པས་གཞན་ཚང་མས་ཡིག་སྒྱུར་མཁན་ལ་བརྟེན་དགོས།)ཀྱིས་རྒྱ་ནག་གི་རྩོམ་པ་པོར་ནོར་བྷེལ་རྩོམ་རིག་ཆེ་བསྟོད་གཟེངས་རྟགས་ཕུལ་བ་ནི་རྒྱ་ནག་ལ་མཚོན་ན་དབུགས་དབྱུངས་ཐེངས་ཤིག་ཡིན། སྤྱིར་རྒྱ་ནག་ལ་མཚོན་ན་ཁོ་ཚོ་རང་ཉིད་ཀྱི་མོ་ཏུན་རྩོམ་རིག་གཟེངས་རྟགས་བྱ་དགའ་ཡོད་ལ་ཕྱི་ལོ་ ༢༠༡༠ ལོར་གཟེངས་རྟགས་དེ་རྩོམ་པ་པོ་མོ་ཡན་ལ་ཕུལ་ཡོད། འོན་ཀྱང་། མོ་ཡན་རང་ཉིད་ཚུད་པའི་རྒྱ་ནག་གི་མི་སུ་ཞིག་གིས་ཀྱང་མོ་ཏུན་རྩོམ་རིག་བྱ་དགའ་དང་ནོར་བྷེལ་གཟེངས་རྟགས་གཉིས་མཚུངས་བསྡུར་བྱེད་མི་སྲིད། (མོ་ཏུན་ནི་ཕྱི་ལོ་ ༡༩༢༠ ནས་ཕྱི་ལོ་ ༡༩༣༠ བར་དུ་སྐད་གྲགས་ཆོད་པའི་སྲིད་དོན་རྟོག་སྒྲུང་རྩོམ་པ་བོ་ཞིག་ཡིན་ལ། ཕྱི་ལོ་ ༡༩༤༩ ནས ༡༩༦༥ བར་དུ་ཁོང་གིས་མོའོ་ཙེ་ཏུང་གི་རིག་གཞུང་བློན་ཆེན་གྱི་ལས་འགན་ཁུར་མྱོང་། མོ་ཏུན་རྩོམ་རིག་བྱ་དགའ་ནི་རྒྱ་ནག་ནང་ཁུལ་གྱི་སྐད་གྲགས་ཡོད་པའི་རྩོམ་རིག་བྱ་དགའ་གཅིག་བུ་དེ་ཡིན་ལ། དེའི་མ་དངུལ་གྱི་འགྲོ་གྲོན་ཚང་མའང་དབུས་གཞུང་གིས་ནར་གཏོང་བྱེད་བཞིན་ཡོད།)

ཉེ་བའི་ལོ་ངོ་ཁ་ཤས་ཀྱི་རིང་དུ་རྒྱ་ནག་གི་དམར་ཤོག་དབང་འཛིན་པ་ཚོ་ནོར་བྷེལ་གཟེངས་རྟགས་ཀྱི་གནད་དོན་སྐོར་ལ་ཚོར་ཤུགས་ཧ་ཅང་ཆེན་པོ་ཆགས་ཡོད། དེ་བཞིན་རྒྱ་གཞུང་ལ་མཚོན་ནའང་ནོར་བྷེལ་གཟེངས་རྟགས་དང་འབྲེལ་བའི་ལོ་རྒྱུས་ཧ་ཅང་སྐྱུར་མོ་ཞིག་ལས་ལྷག་མེད། ལོ་རྒྱུས་ཁྲོད་དུ་རྒྱ་ནག་པ་བརྒྱད་ལ་རང་བྱུང་ཚན་རིག་གི་ནོར་བྷེལ་གཟེངས་རྟགས་ཐོབ་མྱོང་ཡོད་པ་ལས་མི་སྣ་དྲུག་ཨ་རི་དང་དབྱིན་ལན་ཧྥ་རན་སི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་མི་སེར་ཡིན་པ་དང་ལྷག་མ་གཉིས་ནི་ཐེ་བན་རྒྱལ་ཁབ་ཀྱི་མི་སེར་ཡིན་པ་རེད།

དེ་མིན་གཞན་ནོར་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྱི་རྒྱ་ནག་པ་གཉིས་ཡོད་པ་ལས་གཅིག་རྒྱ་ནག་གི་རྩོམ་པ་བོ་ལོས་ཞོ་པོ་ཡིན་ལ། ཁོང་ལ་གཟེངས་རྟགས་ཐོབ་པ་དེས་རྒྱ་དམར་གཞུང་ཧ་ཅང་ཁ་སྐྱེངས་པོ་བཟོས་པར་བརྟེན་ཁོང་བཙོན་དུ་བཅུག་ཡོད། གཞན་དེ་ནི་ཕྱི་ལོ་ ༡༩༨༩ ལོར་ནོར་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་གྱི་ཏཱ་ལའི་བླ་མ་ཡིན་ལ་(ཁོང་ལ་རྒྱ་གཞུང་གིས་ཁ་བྲལ་བ་དང་ལུག་ལྤགས་འོག་གི་སྤྱང་ཀི་ཞེས་འབོད་བཞིན་ཡོད། འོན་ཀྱང་། ཁོ་བ་ཚོས་ཏཱ་ལའི་བླ་མ་རྒྱ་ནག་པ་མ་རེད་ཅེས་ནམ་ཡང་བཤད་ཐུབ་ཀྱིན་མེད། གང་ཡིན་ཟེར་ན་དེ་ནི་བོད་དེ་རྒྱ་ནག་གི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཟེར་བ་དེའི་ལྡོག་ཕྱོགས་སུ་སོང་ཡོད་པས་སོ།།)

ཀོ་ཞེན་ཅེན་ནི་རྒྱ་ནག་དམར་ཤོག་དབང་འཛིན་པར་སྐྱོན་བརྗོད་བྱེད་མཁན་གྱི་རྩོམ་པ་བོ་གྲགས་ཆེན་ཞིག་ཡིན་ལ་ཕྱི་ལོ་ ༡༩༩༧ ལོར་ཁོང་ཧྥ་རན་སིའི་མི་སེར་དུ་གྱུར། ཕྱི་ལོ་ ༢༠༠༠ ལོར་ཁོང་ལ་ནོར་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་སྐབས་རྒྱ་གཞུང་གིས་མ་དངུལ་གཏོང་བཞིན་པའི་གསར་ལམ་ཁག་གིས་བཤད་རྒྱུར“ནོར་བྷེལ་མཐུན་ཚོགས་ཀྱིས་སོ་སོའི་ཆེ་མཐོང་ཡོངས་སུ་བརླགས་འདུག”ཅེས་དང་། དེ་བཞིན་ད་དུང་ཁོ་ཚོས་བཤད་རྒྱུར “ནོར་བྷེལ་རྩོམ་རིག་ལྷན་ཚོགས་ཟེར་བ་དེ་ནི་རྒྱ་ནག་མི་མང་ལ་ལྟ་སྟངས་ཧ་ཅང་ངན་པ་ཡོད་པའི་མི་སྐོར་ཞིག་རེད།”ཅེས་གསལ་བཤད་བྱས་ཡོད། འོན་ཀྱང་། མོ་ཡན་ལ་ནོར་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་རྗེས་འགྲེལ་བརྗོད་ཚང་མ་ལྡོག་ཕྱོགས་ནས་བསྐྱོན་དགོས་བྱུང་ཡོད། རྒྱ་གཞུང་གི་བསམ་ཚུལ་ཁོ་ན་བརྒྱུད་བསྒྲགས་བྱེད་མཁན་གྱི་བརྒྱུད་ལམ་ཁག་ལ་མཚོན་ན་གཞུང་གི་སྲིད་ཇུས་ལངས་ཕྱོགས་དང་བསྟུན་ནས་འགྲེལ་བཤད་རྒྱག་རྒྱུར་ལོབས་ནས་ཡོད་པས་དཀའ་ངལ་གང་ཡང་མེད།

ཕྱོགས་གཞན་ཞིག་ནས་དྲ་ལམ་གྱི་རང་དབང་སྨྲ་བརྗོད་མཁན་དང་ཕྱི་སྡོད་རྒྱ་རིགས་རྩོམ་པ་བོ་ཚོར་མཚོན་ན། ཁོ་ཚོས་ཕྱོགས་གཅིག་ནས་ནོར་བྷེལ་གཟེངས་རྟགས་ཚོགས་ཆུང་ལ་སྐྱོན་བརྗོད་དང་ཡང་ཕྱོགས་གཞན་ཞིག་ནས་ཤུགས་ཆེན་པོས་གཟེངས་རྟགས་བཞེས་མཁན་མོ་ཡན་ཁོ་རང་ཉིད་ལ་སྐྱོན་བརྗོད་བྱེད་བཞིན་ཡོད། སྐྱོན་བརྗོད་དེ་དག་ཀྱང་གཙོ་བོ་མོ་ཡན་ཁོ་རང་ཉིད་ཀྱིས་ཉེ་ཆར་གྱི་སྲིད་དོན་གྱི་ལངས་ཕྱོགས་དང་འབྲེལ་ནས་ཕོག་བཞིན་ཡོད། དཔེར་ན། འཇར་མིན་གྱི་ཧྥ་རན་ཀུ་ཧྥར་གྲི་དཔེ་དེབ་འགྲེམས་ཚོང་དུས་སྟོན་ཐོག་ཏུ་མོ་ཡན་གྱིས་རྒྱ་གཞུང་གིས་སྔོན་ནས་ཞིབ་བཤེར་བྱས་ཟིན་པའི་གཏམ་བཤད་དེ་བསྐྱར་དུ་བསྐྱོར་བ་རེད། དེའི་རྗེས་སུ་ཁོས་རྩོམ་རིག་གི་རིན་ཐང་ནི་ངེས་པར་དུ་སྲིད་དོན་གྱི་ཤུགས་རྐྱེན་མེད་པར་འཕེལ་རྒྱས་འགྲོ་དགོས་པའི་བསམ་ཚུལ་བཏོན་ཡོད། འོན་ཀྱང་། ཚོགས་ཐོག་དེར་ཕྱི་སྡོད་རྒྱ་རིགས་རང་དབང་གི་རྩོམ་པ་བོ་ཏེ་ཆིང་དང་པེ་ལེན་གཉིས་མཉམ་ཞུགས་བྱས་རྗེས། རྒྱ་གཞུང་གིས་བཀོད་ཁྱབ་བཞིན་མོ་ཡན་གཙོས་རྒྱ་ནག་ནང་ཁུལ་གྱི་སྐུ་ཚབ་རྣམས་ཀྱིས་ངོ་རྒོལ་ཐོག་ཚོགས་ཐོག་ནས་ཕྱིར་འཐེན་བྱས་ཡོད། འོན་ཀྱང་། མོ་ཡན་གྱིས་རྗེས་སུ་ཁོ་རང་ཉིད་ལ་རང་དབང་དང་འདེམས་ཁ་གཞན་གང་ཡང་ལྷག་མེད་པར་བཤད་བཞིན་ཡོད།

ཕྱི་ལོ་ ༢༠༠༩ ལོར་གློ་བུར་དུ་ལོས་ཞོ་པོ་ལ་བསམ་ཡུལ་ལས་འདས་པར་རྒྱ་གཞུང་གིས་མི་ལོ་ཧྲིལ་བོ་ ༡༢ གྱིས་བཙོན་འཇུག་ཁྲིམས་ཆད་ཕོག སྐབས་དེར་གློག་བརྙན་བཟོ་ལས་ཆེད་མཁས་པ་ཚོས་བེ་པེན་གྱིས་ཁ་པར་བརྒྱུད་ནས་རྒྱ་ནག་གི་གྲགས་ཅན་ཤེས་ཡོན་པ་བརྒྱ་སྐོར་ལྷག་ལ་དེའི་སྐོར་གྱི་བསམ་ཚུལ་བཅར་འདྲི་བྱས། རྩོམ་པ་བོ་མང་བོ་ཞིག་གིས་རང་ཉིད་སོ་སོའི་མི་ཚེའི་ཉེན་ཁ་སྣང་མེད་དུ་བཏང་ནས་རྒྱ་གཞུང་གི་བྱ་སྤྱོད་ལ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་བསྟན་པ་མ་ཟད། ད་དུང་ཁོ་ཚོས་རང་ཉིད་ཀྱི་བསམ་ཚུལ་དེ་དག་པར་བསྐྲུན་ཁྱབ་བསྒྲགས་བྱས་ཆོག་པའི་ཐོབ་ཐང་ཡང་སྤྲད་ཡོད། སྐབས་དེར་མོ་ཡན་ལ་ཡང་ཁོས་བཅར་འདྲི་བྱས་མྱོང་ལ་སྐབས་དེར་མོ་ཡན་གྱིས་བཤད་རྒྱུར། “ངས་དོན་དག་དེའི་སྐོར་ཡག་པོ་མི་ཤེས་པས་དམིགས་བསལ་བསམ་ཚུལ་གང་ཡང་བཤད་རྒྱུ་མེད། དེ་མིན་ད་ལྟ་ང་ལ་སྐུ་མགྲོན་ཞིག་ཁྱིམ་དུ་ཕེབས་ཡོད་པས་ཁོམ་པ་མེད།”ཅེས་ལན་འདེབས་བྱས་འདུག
མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 7 བཀོད་འདུག

7 Responses to གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(སྔ་མ)

  1. ཀླུ་སྨྱོན་ ནས།

    ངས་མོ་ཡན་གྱི་ཆབ་སྲིད་ལྟ་བར་ཇུས་གཏོགས་མི་བྱེད། ངས་ཁོས་བྲིས་པའི་བརྩམས་ཆོས་དག་ལ་འཛམ་གླིང་མི་དམངས་ཀྱིས་དགའ་བསུ་བྱེད་མིན་ལ་ལྟ་གི་ཡིན།

  2. བསྟན་པ་ ནས།

    རྩོམ་པ་པོ་ཞིག་ཆབ་སྲིད་པའི་གཡོ་འོག་ཏུ་ཤོར་ཚར་བའམ་གཞུང་གི་ཆབ་སྲིད་ཀྱི་ལག་ཆ་ཆགས་ཚར་བའི་རྗེས་སུ་མི་དེ་རྩོམ་པ་པོ་ཡག་པོ་ཞིག་དང་དེས་རྩོམ་ཡག་པོ་འབྲི་མི་ཐུབ།

  3. ནམ་མཁའ་ ནས།

    དེང་སང་གི་ནོར་བྷེའི་ཞི་བདེ་གཟེངས་རྟགས་ཡིན་ན་ཆོག་ལ། རྩོམ་རིག་གཟེངས་རྟགས་ཡིན་ཀྱང་ཆོག འོས་འདེམས་པ་ཚོས་ཀྱང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྟོབས་ཤུགས་ལ་འོས་འདེམས་བྱེད་ཀྱི་ཡོད།དཔེར་ན་ཨ་རིའི་སྲིད་འཛིན་ཨོ་བྷ་མར་ཞི་བདེ་གཟེངས་རྟགས་ཕུལ་བ་རེད།ཁོས་ཞི་བདེ་ཕྱོགས་ལ་ལས་ཀ་ཅི་ཡང་བྱས་མྱོང་མེད། རྒྱ་ནག་གི་རྩོམ་པ་པོ་མོ་ཡན་ལ་རྩོམ་རིག་བྱ་དགའ་སྤྲད་པ་རེད། མི་རིགས་གཞན་དག་གིས་འཕྱ་དམོད་ལས་བྱེད།ཐ་ན་རྒྱ་ནག་གི་རྩོམ་པ་པོ་ཚོས་ཀྱང་མངོན་སུམ་གྱིས་འཕྱ་དམོད་དང་མོས་མཐུན་མེད་པའི་རྣམ་པ་ཤུགས་ཆེན་བསྟན་ཡོད། རྩོམ་རིག་བྱ་དགའ་འོས་འདེམས་པ་ཚོ་དངུལ་གྱིས་བསླུས་པའི་རྟགས་དང་དེ་མིན་དཔལ་འབྱོར་བ་རེ་བའི་སྣེ་མོ་ཤུགས་སུ་བཅིངས་ཡོད།

  4. ཀླུ་སྨྱོན་ ནས།

    ང་དེ་རིང་འདི་གའི་དཔེ་ཁང་ཞིག་ཏུ་དེབ་ཅིག་ཉོ་རུ་སོང་བ་ཡིན། སྒྲུང་རྩོམ་དེབ་ཡོད་ས་དེར་རྒྱ་ནག་པ་མོ་ཡན་གྱི་སྒྲུང་དེབ་ལྔ་དྲུག་ཅིག་དབྱིན་སྒྱུར་བྱས་ནས་བསྒྲིགས་འདུག་ལ། དེབ་དེ་དག་གི་མདུན་ཤོག་སྟེང་དུ་གསེར་ཤོག་སྒོར་སྒོར་རེ་སྦྱར་བའི་ངོས་སུ་༢༠༡༢ལོར་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་པའི་རྩོམ་པ་པོའི་བརྩམས་ཆོས་ཡིན་ཞེས་བྲིས་འདུག ངས་ཁོའི་སྒྲུང་དེབ་་་དགེ་རྒན། ཁྱེད་ཀྱི་བསྒྲུབ་བྱ་ཐམས་ཅད་གད་མོའི་ཆེད་དུ་ཡིན་་་་ཞེས་པའི་དེབ་དེ་ཉོས་པ་ཡིན།

  5. རྡོ་སྦིས་ཟླ་བ་ཚེ་རིང་ ནས།

    ཀློག་པ་པོ་ཞིག་ཡིན་ན་རྩོམ་པ་པོའི་ཀུན་སྤྱོད་དང་བརྩམས་ཆོས་གཉིས་སོ་སོར་དབྱེ་འབྱེད་བྱེད་ཤེས་དགོས།་་ཁོང་གིས་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཀྱི་གནས་བབ་ཇི་ཙམ་ཟིན་ཡོད་མེད་དང་དེའི་བརྩམས་ཆོས་ཀྱིས་སྤྱི་ཚོགས་ཁག་ཁུར་རང་བཞིན་གྱི་བསམ་བློ་ཡོད་མེད་དེ་གལ་ཆེན་པོ་ཡིན་པ་ལས་ཁོ་རྒྱ་ནག་གི་རེད་ཁོ་ཨ་རི་ནས་རེད་ཟེར་བའི་རྒྱལ་མཚམས་ཀྱི་ཕྱོགས་ཞེན་འཁྱེར་ན་མི་དེས་བརྩམས་ཆོས་ཀློག་ཤེས་ཀྱིན་མེད་པའི་རྟགས་རེད།་་ངས་འདི་ལྟར་བཤད་ན་མི་ཁ་ཤས་ཀྱི་རྣ་ལ་གཟན་སྲིད་མོད།་་འུ་ཚོས་འདི་འདྲ་བའི་ཕྱོགས་ཞེན་གྱི་སེམས་ཚོར་ཁེར་ན་དགོས་དམིགས་ཆུང་བའི་རྟགས་མཚན་མ་ཡིན་ནམ།

  6. སྦྲ་རིགས་ཐོགས་མེད་ ནས།

    མི་རིང་བར་མོ་ཡན་ཁོ་རང་ཉིད་ཀྱི་རྒྱ་ནག་དང་བོད་ཀྱི་སྐོར་ལ་བྲིས་པའི་རྩོམ་ཡིག་ཅིག་བོད་ཡིག་ཀློག་པ་བོ་དག་གི་སྤྱན་སྔར་ཐོན་ལ་ཉེ། སྐབས་དེར་གཞི་ནས་ཁྱེད་ཅག་གི་རྩོམ་པ་པོ་ཕེ་རེས་ལེན་ཁུ་ལགས་ཀྱིས་བཤད་པ་དག་བདེན་ཡིན་མིན་ཤེས་ཐུབ།

    དྲང་མོར་བཤད་ན་མོ་ཡན་རྒྱ་ནག་ཏུ་སྐད་གྲགས་ཆགས་དོན་གཙོ་བོ་དེ་ཁོའི་བརྩམས་ཆོས་གློག་བརྙན་དུ་བཟོ་མཁན་དེའི་འཁྲབ་ཁྲིད་པ་དང་འཁྲབ་མཁན་དག་ཕུལ་དུ་བྱུང་བར་བརྟེན། ཁོས་རྒྱ་ནག་གི་རྩོམ་པ་བོའི་ཁྲོད་དུ་རྐང་འཛུགས་ཐུབ་པ་བྱུང་བ་རེད། དེ་མིན་རྩོམ་པ་བོ་གཞན་དག་དང་བསྡུར་ན་མོ་ཡན་གྱི་སྒྲུང་གཏམ་དག་ལ་ཁྱད་ཆོས་དམིགས་བསལ་བ་ཅི་ཡང་མི་འདུག་ཅེས་ཕལ་ཆེར་བཤད་ཆོག

  7. ཀླུ་སྨྱོན་ ནས།

    རླུང་རྟ་གང་ནས་བརྒྱུགས་ན་བརྒྱུགས་པ་རེད། རླུང་རྟའི་ལས་ཀ་ནི་བར་ཆད་ཀྱི་གསེང་ནས་རྣམ་པར་རྒྱལ་རྒྱུ་དེ་རེད།

Write a Reply or Comment

Your email address will not be published. Required fields are marked *

*