གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(བར་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་རེས་ལེན་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

འོན་ཀྱང་། མོ་ཡན་ལ་ཕོག་པའི་སྐྱོན་བརྗོད་ཤུགས་ཆེ་ཤོས་ནི་ཕྱི་ལོ་ ༢༠༡༢ ལོར་ཁོས་རྒྱ་གཞུང་གིས་མ་དངུལ་བཏང་བའི་ལས་འཆར་ཕྱི་ལོ ༡༩༤༢ ལོའི་མོའོ་ཙེ་ཏུང་གིས་(ཡན་ཨན་རྩོམ་རིག་སྒྱུ་རྩལ་བཞུགས་མོལ་འཚོགས་འདུའི་)ཐོག་ཏུ་གཏམ་བཤད་སྤེལ་ནས་ལོ་ངོ་ཧྲིལ་བོ་བདུན་ཅུ་འཁོར་བའི་སྐབས་དང་བསྟུན་ནས་གཏམ་བཤད་དེར་གཞུང་ངོས་ནས་དག་སེལ་བྱེད་ཐབས་ཀྱི་ལས་འགུལ་ཞིག་སྤེལ་བ་དེར་རྒྱབ་སྐྱོར་དང་མཐུན་འགྱུར་བྱས་ཡོད་པ་དེ་ཡིན། ཡན་ཨན་གྱི་གཏམ་བཤད་དེས་མོའོ་དུས་སྐབས་ཀྱི་རྩོམ་པ་བོ་རྣམས་ཀྱི་རང་དབང་གི་སྨྱུ་གུར་ལྕགས་སྒྲོག་བརྒྱབས་མྱོང་བ་མ་ཟད། གཏམ་བཤད་དེས་ད་དུང་མོའོ་འདས་གྲོངས་སུ་ཕྱིན་ནས་ ༡༩༧༦ ལོ་ནས་བཟུང་པེ་ཅིན་གྱི་དམར་གསོད་དོན་རྐྱེན་དེ་ ༡༩༨༩ ལོའི་བར་དུ་རང་དབང་སྨྲ་བརྗོད་མཁན་དག་གི་ཁ་ལའང་སྒོ་ལྕགས་བརྒྱབས་ཡོད། དེར་བརྟེན། ལས་འགུལ་དེར་རྒྱ་ནག་གི་རྩོམ་པ་བོ་མང་བོ་ཞིག་གིས་ངོ་རྒོལ་དང་མོས་མཐུན་གཏན་ནས་བྱས་མེད། འོན་ཀྱང་། སྐུ་ཞབས་མོ་ཡན་གྱིས་རྒྱབ་སྐྱོར་ཙམ་མ་ཡིན་པར་ད་དུང་ཡན་ཨན་གྱི་གཏམ་བཤད་དེ་ནི་སྐབས་དེའི་སྲིད་དོན་དགོས་མཁོའི་འོག་ཏུ་མེད་ཐབས་མེད་པ་ཞིག་ཡིན་ལ་གཏམ་བཤད་དེས་བཟང་ཕྱོགས་ནས་ཀྱང་ནུས་པ་ཐོན་ཡོད་ཅེས་གཏམ་བཤད་ཀྱང་སྤེལ་ཡོད།

མོ་ཡན་ལ་ནོར་བྷེལ་གཟེངས་རྟགས་ཐོབ་པའི་གསར་འགོད་འདུ་འཛོམས་སྐབས་སུ་ཁོང་གིས་ནན་གྱིས་བཤད་རྒྱུར། “ཁྱེད་ཚོས་ངེས་པར་དུ་ངའི་ཆབ་སྲིད་ལངས་ཕྱོགས་དང་ངའི་རྩོམ་ཡིག་དག་ཁ་ཁར་དབྱེ་རོགས། གང་ཡིན་ཟེར་ན་གཟེངས་རྟགས་འདི་ངའི་རྩོམ་རིག་སྐོར་ལ་གནང་བ་ལས་ངའི་ཆབ་སྲིད་ལངས་ཕྱོགས་ཐོག་ལ་གནང་བ་མ་རེད།”ཅེས་བསྐྱར་བཤད་ཡང་ཡང་བྱས་ཡོད། འོན་ཀྱང་། རང་དབང་ཅན་གྱི་ཞིབ་འཇུག་པ་མང་བོ་ཞིག་གིས་གནད་དོན་དེར་ངོས་ལེན་གཏན་ནས་བྱེད་བཞིན་མེད། དཔེར་ན་བྱེའུ་སྐད་ཐོག་གི་རྩོམ་པོ་བོ་ཞིག་གིས་བཤད་རྒྱུར། “གལ་སྲིད་མ་བྱན་ཞིག་གིས་ང་ལ་བག་ལེབ་ཧ་ཅང་མཁྲེགས་པོ་ཞིག་གི་ནང་དུ་ཤ་དང་ཚོད་མ་བླུགས་ནས་སྤྲད་ཚེ། བག་ལེབ་ནང་གི་ཟ་མ་ལེགས་མིན་ལ་མ་ལྟོས་པར་ངས་བག་ལེབ་དེ་འདྲ་མཁྲེགས་པོ་ཞིག་འཇུ་རྒྱུར་དཀའ་ངལ་འཕྲད་རྒྱུ་ཉག་གཅིག་རེད།”ཅེས་བྲིས་འདུག དེ་བཞིན་དུ་དྲི་བ་གལ་ཆེན་གཞན་ཞིག་ནི་མོ་ཡན་གྱིས་རྩོམ་རིག་གི་ལག་ཆ་བེད་སྤྱད་ནས་རྒྱ་གཞུང་གི་སྲིད་དོན་འཐབ་རྩོད་ནང་དུ་འཛུལ་ཞུགས་དང་འཁྲབ་སྟོན་ག་འདྲ་བྱས་ཡོད་མེད་སོགས་ཀྱི་སྐོར་རེད།

ལོ་རབས་བརྒྱད་ཅུའི་སྨད་དུ་རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་མཁན་ཀྲེང་ཡེས་མོས་ལགས་ཀྱིས་མོ་ཡན་གྱི་སྒྲུང་རྩོམ་ལྦུ་ཆང་དམར་བོ(Red Sorghum)འཁྲབ་གཞུང་དུ་བཟོས་པས་གློག་བརྙན་དེར་སྐབས་དེའི་རྒྱ་ནག་རྒྱལ་ཡོངས་སུ་སྐད་གྲགས་རྒྱས། དེ་དང་མཉམ་དུ་སྒྲུང་གཏམ་དེའི་རྩོམ་པ་བོ་མོ་ཡན་ཡང་སྐད་གྲགས་ཆགས་པ་རེད། གློག་བརྙན་དེ་ནི་ཕྱི་ལོ་༡༩༣༠ ནས་ ༡༩༤༠ བར་གྱི་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་དང་དབང་བསྒྱུར་བྱས་པའི་སྐོར་གྱི་གཏམ་རྒྱུད་ཅིག་གི་བྱུང་རིམ་ཡིན། སྐབས་དེར་མོ་ཡན་ངོ་ཤེས་པའི་རྩོམ་པ་བོ་ལོས་ཞོ་པོ་ལགས་ཀྱིས་གློག་བརྙན་དེ་སྐད་གྲགས་ཆགས་པའི་རྒྱུ་མཚན་གཙོ་བོ་འདི་ལྟར་བརྗོད་ཡོད “གློག་བརྙན་དེའི་འཁྲབ་གཞུང་གཙོ་བོ་ཆགས་སྤྱོད་དང་ལོག་སྤྱོད་གཉིས་སྤེལ་མར་སྦྱར་ནས་འགྲེལ་ཡོད་ལ། བརྗོད་དོན་གླུ་དབྱངས་གཙོ་བོ་ “སྲིང་མོ་ལགས། སྙིང་སྟོབས་བསྐྱེད་ནས་མདུན་དུ་སྐྱོད་རོགས།”ཞེས་པའི་གདངས་དབྱངས་འོག་ཏུ་ནུབ་བྱང་མཚམས་ཀྱི་རྒྱ་ནག་གི་ས་ཆ་དེ་རུ་འཇར་པན་བཙན་འཛུལ་བས་འཛེམས་ཟོན་མེད་པར་ཀྲུང་གོའི་ཞིང་བ་བུད་མེད་དག་ལ་བཙན་གཡེམ་བྱས་པའི་སྣང་བརྙན་བསྐྲུན་ཞོར་དུ། བུད་མེད་དེ་དག་གིས་དུག་ཆང་སྤྱད་ནས་རྒྱལ་ཁབ་ཀྱི་ཆེད་དུ་དཔའ་མོའི་མཛད་རྗེས་བླ་མེད་བཞག་པའི་བྱུང་རིམ་ཞིབ་འབྲི་བྱས་ཡོད།

གློག་བརྙན་དེའི་ཁྱད་ཆོས་གཙོ་བོ་འཁྲབ་ཡུལ་གྱི་ས་གནས་དང་བྱུང་རིམ། ད་དུང་འདོད་སྲེད་འབར་བའི་ཕོ་མོའི་བར་གྱི་འབྲེལ་བའི་སྐོར་གཅིག་པོ་ཙམ་མིན་པར་གློག་བརྙན་དེས་ཕྱོགས་ཡོངས་ནས་རྒྱ་ནག་མི་མང་སྤྱི་ཡོངས་ཀྱི་ཆགས་སྤྱོད་སྐོར་ལ་བཟུང་བའི་ལྟ་ཚུལ་དེར་འགྱུར་ལྡོག་ཤུགས་ཆེན་པོ་ཐེབས་སུ་བཅུག་ཡོད། ཤུགས་རྐྱེན་དེ་ལ་བརྟེན་ནས་གློག་བརྙན་བརྩམས་ཆོས་འདིས་རྒྱ་ནག་ཏུ་གཟེངས་རྟགས་ཁ་ཤས་ལེན་ཐུབ་པ་བྱུང་ཡོད།

མོ་ཡན་ཁོ་རང་ཉིད་ཀྱིས་བཤད་དོན་སྒྲུང་གཏམ་དེ་ཕྱི་ལོ་ ༡༩༨༠ ནང་དུ་མཐོ་རིམ་དབང་འཛིན་པའི་ཁྲོད་དུ་ཡང་སྐད་གྲགས་ཆགས་དོན་ནི། ཚོར་སྣང་སློང་བའི་ཆགས་སྤྱོད་ཀྱི་སྣང་བརྙན་དང་འཇར་པན་བཙན་འཛུལ་བའི་དབང་ཤུགས་འོག་གི་རྒྱ་ནག་མི་སེར་ཚོའི་འཚོ་བ་དངོས་དེ་མཚོན་ཡོད་པས་རེད། དེ་བཞིན་ད་དུང་དམར་ཤོག་པའི་བློས་བསླངས་ཁྲོད་ཀྱི་ཞིང་གྲོང་གི་དཔའ་རྒོད་ཕོ་མོ་ཚོ་དབང་སྒྱུར་མཁན་གྱི་ཁ་གཏད་དུ་ལངས་ནས་འགོག་རྒོལ་བྱས་པའི་སྣང་བརྙན་འབུར་དུ་དོད་པ་དེ་འདྲ་ཡང་མཐོང་ཐུབ་པར་བརྟེན་སྐད་གྲགས་ཆེན་པོ་ཆགས་པ་རེད་ཅེས་བཤད་ཡོད། གང་ལྟར་སྐབས་དེར་རྒྱ་ནག་ཏུ་མོ་ཡན་དང་ཀྲང་ཡེས་མོ་སོགས་ནི་གཞོན་སྐྱེས་གསར་བརྗེ་བ་དག་གི་ཚབ་མཚོན་དུ་བགྲང་བཞིན་ཡོད།

ཕྱི་ལོ་ ༡༩༩༤ ལོར་ནོར་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་འཇར་པན་གྱི་རྩོམ་པ་བོ་ཨོ་ཀན་ཟ་བྷོ་རོ་ལགས་ཀྱིས་རྟགས་མ་བཞེས་པའི་མཛད་སྒོའི་གསུངས་བཤད་ནང་དུ་གསུངས་རྒྱུར། “ང་རང་ཉིད་ཀྱིས་ནམ་རྒྱུན་ཆེས་རྒྱུས་ཡོད་དང་འདྲ་མཚུངས་ཀྱི་དཔེ་མཚོན་ཁག་འདྲེན་བཞིན་ཡོད། དཔེར་ན། ཀོ་རི་ཡའི་རྩོམ་པ་བོ་ཀེམ་ཆེས་ཧའ་དང་རྒྱ་ནག་གི་རྩོམ་པ་བོ་ཀྲང་ཡེས་དང་མོ་ཡན་ལྟ་བུ་དག་ཡིན། ང་ལ་མཚོན་ན་རྒྱལ་སྤྱིའི་རྩོམ་རིག་གི་སྤུན་མཆེད་ལྟ་བུའི་འབྲེལ་བུའི་ཁྲོད་དུ་རྩོམ་རིག་ནི་ནམ་ཡང་རིན་ཐང་དང་ངོ་བོ་གཅིག་ཡིན། དེར་བརྟེན། ད་ལྟ་ང་ལ་སེམས་ཁྲལ་ཆེ་ཤོས་ཤིག་ཡོད་པ་ནི་ཁྱད་དུ་འཕགས་པའི་རྒྱ་ནག་གི་རྩོམ་པ་བོ་དེ་དག་གི་རང་དབང་བྲལ་བའི་མ་འོངས་པའི་མདུན་ལམ་སྐོར་ཡིན། ཕྱི་ལོ་༡༩༨༩ ལོའི་ཟླ་༠༦ པའི་ཚེས་༠༤ ཉིན་གྱི་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་རྗེས་ནས་ཁོ་ཚོའི་རང་དབང་ཡོངས་སུ་བརླགས་ཡོད།”ཅེས་གདུང་སེམས་མཉམ་བསྐྱེད་བྱས་ཡོད། འོན་ཀྱང་། སྐབས་དེར་རྒྱ་ནག་ཏུ་མཚན་སྙན་རྒྱས་བཞིན་པའི་ན་གཞོན་རྩོམ་པ་བོ་ཀྲང་ཡེས་དང་མོ་ཡན་གཉིས་ཀྱི་ཕུགས་བསམ་དང་འཚོལ་སྙེགས་ཡོངས་སུ་ཐ་དད་དུ་འགྲོ་རྒྱུ་ཡིན་པ་སྐབས་དེར་སུས་ཀྱང་ཚོད་དཔག་བྱས་མྱོང་མེད། ཀྲང་ཡེས་ཀྱིས་ཕྱི་ལོ་ ༡༩༨༤ ལོར་བརྩམས་པའི་ཁྲོན་པ་རྙིང་བ་ཞེས་པའི་སྒྲུང་གཏམ་དེ་སྥྱི་ཚོགས་སུ་བཀྲམས་རྗེས་ཉི་ཧོང་གི་རྩོམ་པ་བོ་ཨོ་ཀས་ལགས་ཀྱི་གཞི་ནས་ཁོང་ལ་དོ་སྣང་བྱེད་འགོ་ཚུགས། སྒྲུང་གཏམ་དེ་ནི་མོ་ཡན་དང་འདྲ་བར་སྲན་ཞིས་ཞིང་ཆེན་དུ་བྱུང་བའི་གཏམ་རྒྱུད་ཅིག་སྟེ། བརྩེ་དུང་གི་གཏམ་རྒྱུད་སྙན་པོ་ཞིག་དུས་རབས་མང་བོར་འཐུང་ཆུར་རེ་སྒུག་བྱས་པའི་གྲོང་གསེབ་པའི་སྤྱི་ཚོགས་ཤིག་གི་རྒྱབ་ལྗོངས་དང་སྦྱར་ནས་ཡིད་དབང་འགུགས་པ་ཞིག་བྲིས་ཡོད་ལ་རྗེས་སུ་སྒྲུང་གཏམ་དེ་གློག་བརྙན་དུ་བཟོས་ནས་སྐད་གྲགས་ཆགས་པ་རེད།

ཨོ་ཀས་ཀྱིས་ཕྱི་ལོ་ ༡༩༩༧ ལོར་ང་ལ་འདི་འདྲ་ཞིག་བཤད་མྱོང་། “ང་རང་ཀྲང་ཡེས་ཀྱི་ཁྲོན་པ་རྙིང་པ་ཞེས་པའི་བརྩམས་སྒྲུང་དེར་དགའ་བོ་ཡོད། གང་ཡིན་ཟེར་ན་གཏམ་རྒྱུད་དེའི་བྱུང་རིམ་སའི་གོ་ལའི་དཀྱིལ་དབུས་སུ་ཟུག་ཅིང་རྟོག་སྒྲུང་གི་རྩེ་མོ་བསམ་བློའི་ལྗོན་ཤིང་དང་འགྲོགས་ནས་ལྷ་ཡུལ་ཕྱོགས་སུ་གཏད་ཡོད་པས་རེད།’ཅེས་བཤད་མྱོང་། (དེའི་རྗེས་སུ་ཀྲང་ཡེས་ཀྱིས་སྙིང་སྟོབས་ཀྱི་ཤིང་སྡོང་ཞེས་པའི་རྟོག་སྒྲུང་ཞིག་འབྲི་འགོ་ཚུགས་ཤིང་གཏམ་རྒྱུད་དེའི་རྒྱབ་ལྗོངས་རྒྱ་ནག་གྲོང་གསེབ་ཀྱི་འཚོ་བ་དང་སྦྱར་ནས་བྲིས་ཡོད།) ཕྱི་ལོ་ ༡༩༨༩ ལོར་ཀྲང་ཡེས་ཀྱིས་མངོན་གསལ་སྒོས་དྲུག་བཞིའི་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གི་ཡར་ལངས་ལ་རྒྱབ་སྐྱོར་བྱས་ཤིང་། གནས་ཚུལ་དེར་བརྟེན་ཁོང་རྒྱལ་ཁབ་ཀྱི་ཉེས་ཅན་པར་གྱུར་ནས་ས་འོག་ཏུ་མི་ལོ་གསུམ་ལྷག་ལ་སྦས་བསྐུངས་བྱས་རྗེས་གྲུ་ཆུང་ཞིག་ལ་བརྟེན་ནས་ཧོང་ཀོང་དུ་བསྐྱོད་ཐུབ་པ་བྱུང་ཞིང་། དེའི་རྗེས་སུ་ཨ་རིར་སྐྱབས་བཅོལ་དུ་ཕེབས་ནས་ད་བར་དེ་རུ་འཚོ་བ་སྐྱེལ་བཞིན་ཡོད། ཀྲང་ཡེས་ཀྱིས་མི་ཚེ་གང་བོར་རྩོམ་ཡིག་བྲིས་ཤིང་དུས་རྒྱུན་དུ་རྒྱ་ནག་དམར་བོའི་གཞུང་གི་ཁ་གཏད་དུ་ལངས་ནས་ཡོད།

གཞན་རྩོམ་པ་བོ་མོ་ཡན་ནི་ཆབ་སྲིད་དང་རྩོམ་རིག་གཉིས་ཀྱི་ཕྱོགས་ནས་ཀྲང་ཡེས་དང་མདུན་ལམ་ལྡོག་ཕྱོགས་སུ་གཏད་ནས་སོང་ཡོད་པ་རེད། ཕྱི་ལོ་༡༩༨༩ སྐབས་ཀྱི་རྒྱ་ནག་གི་རྩོམ་པ་བོ་རྣལ་མ་ཞིག་ལ་མཚོན་ན་མདུན་ལམ་གཉིས་ཡོད་པ་ལས། གཅིག་སྲིད་གཞུང་གི་དབང་བསྒྱུར་འོག་ཏུ་གཞུང་གི་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས་འདུག་རྒྱུ་དང་གཞན་དེ་ནི་གཞུང་གི་ཁ་གཏད་དུ་ལངས་རྒྱུ་དེ་གཉིས་ཡིན། མོ་ཡན་ལྟ་བུའི་རྩོམ་པ་བོ་དག་གིས་སྲིད་གཞུང་གིས་ཡོད་ཚད་ལ་ངོས་ལེན་བྱས་པ་མ་ཟད་ཆེ་ཆུང་ལ་མ་ལྟོས་པར་ཁོ་ཚོས་རྩོམ་རིག་བརྒྱུད་ནས་རྒྱ་གཞུང་གི་ཆབ་སྲིད་ལམ་སྟོན་བརྒྱུད་བསྒྲགས་ལ་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་ཡང་བྱས་ཡོད། (ཉེ་ཆར་གསར་འགོད་གསལ་བསྒྲགས་སྐབས་སུ་མོ་ཡན་གྱིས་ད་ལྟ་ཁོ་ཚོ་ནི་རང་དབང་ལྡན་པའི་ཁོར་ཡུག་ཅིག་ཏུ་གནས་ཡོད་པར་བཤད་ཡོད་པ་ལྟ་བུ་རེད།) ཉེ་བའི་བཅུ་ཕྲག་ཕྱི་མ་གཉིས་ཀྱི་སྐབས་སུ་རྒྱ་ནག་ནང་ཁུལ་དུ་དཔལ་འབྱོར་གྱི་དབང་ཤུགས་ཧ་ཅང་ཆེན་པོ་ཆགས་ཤིང་དཔལ་འབྱོར་གྱི་ཡོང་སྒོ་ནི་གཅིག་སྡུད་པའི་དབང་ཤུགས་འོག་ཏུ་འཛིན་བྱེད་ཀྱི་མ་གལ་གལ་ཆེན་ཞིག་ཏུ་གྱུར། དཔེར་མཚོན་ཞིག་ནི་རྒྱ་ནག་གི་གློག་བརྙན་འཁྲབ་ཁྲིད་པ་ཀྲང་ཡེས་མོས་ལྟ་བུ་ཡིན་ན་ཡང་ཕྱི་ལོ་༢༠༠༨ བར་དུ་རྒྱ་གཞུང་གི་ལངས་ཕྱོགས་ལ་ཤར་སྐྱོད་བྱེད་མཁན་གྱི་སྒྱུ་རྩལ་བ་ཞིག་ཏུ་གྱུར། འོན་ཀྱང་། ཨོ་རྩལ་འགྲན་ཚོགས་ཀྱི་སྐབས་སུ་ཁོས་བཤད་རྒྱུར་རྒྱ་ནག་དང་བྱང་ཀོ་རི་ཡ་ལྟ་བུའི་རྒྱལ་ཁབ་དག་གིས་ད་གཟོད་འགྲོ་སོང་འདི་ལྟ་བུ་བཏང་ནས་འཆར་བཀོད་འདི་ལྟ་བུ་འཐེན་ཐུབ་ཅེས་དཔྱད་རྗོད་སྤེལ་ཡོད།

རྒྱ་ནག་གི་ཆབ་སྲིད་དབང་སྒྱུར་ལ་ངོས་ལེན་མི་བྱེད་པའི་རྩོམ་པོ་བོ་གྲགས་ཆེན་ཁག་སྟེ། དཔེར་ན། ལོས་བྷེན་ཡན་དང་སོས་ཞོ་ཁང་། ཀྲང་ཡེས། ལོ་ཡེས་བོས་སོགས་ལ་རང་ཡུལ་བཞག་ནས་ཕྱི་ཡུལ་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ལ། དེ་ནི་ཁོ་ཚོ་མཚོན་ན་རང་ཉིད་ཀྱི་སྨྲ་བརྗོད་རང་དབང་དང་བསམ་བློའི་རང་དབང་གི་ཆེད་དུ་ཕུལ་པའི་རིན་ཐང་ཡིན་པ་མ་ཟད་གནས་ལུགས་དེར་ཁོ་ཚོས་དགའ་སྤྲོའི་ངང་ངོས་ལེན་བྱས་ཡོད། གཞན་རྩོམ་པ་བོ་ཧ་ཅེན་ལ་མཚོན་ན་ཁོས་དམིགས་བསལ་གྱི་ཁྱད་ཆོས་བཏོན་ཡོད་པ་རེད། གང་ཡིན་ཟེར་ན་ཁོང་སྐྱབས་བཅོལ་དུ་ཕེབས་རྗེས་རྒྱ་ནག་ལས་ཁ་བྲལ་བ་མ་ཟད་ཐ་ན་རྒྱ་ཡིག་ལ་ཡང་ཁ་བྲལ་ནས་དབྱིན་སྐད་ཐོག་ཏུ་རྩོམ་ཡིག་སྤེལ་འགོ་བརྩམས་ཡོད། དེ་ནི་དམར་ཤོག་པའི་དངོས་བརྒྱུད་གསུམ་གང་ནས་ཡང་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ་ཡིན་པར་བཤད་བཞིན་ཡོད། འོན་ཀྱང་། ཡང་༡༩༨༩ རྗེས་སུ་སྐྱབས་བཅོལ་དུ་ཕེབས་པའི་མི་སྣ་ཁ་ཤས་རྗེས་སུ་ཕྱིར་རྒྱ་ནག་ཏུ་ལོག་པའང་ཡོད། དཔེར་ན། སྒྱུ་རྩལ་བ་ཞོས་པང་ལ་མཚོན་ན་ཕྱི་ལོ་༡༩༩༠ ནས་ཕྱི་ལོ་༢༠༠༨ བར་དུ་ཨ་རིའི་ནེའུ་ཡོག་ཏུ་བསྡད་ཅིང་རྗེས་སུ་ཕྱིར་ཕ་ཡུལ་དུ་ཕེབས་ནས་རྒྱ་ནག་དབུས་གཞུང་གི་སྒྱུ་རྩལ་འགྲེམ་སྟོན་ཁང་གི་འགན་འཛིན་བྱས་ཡོད། དེ་བཞིན་སྐད་གྲགས་ཅན་གྱི་སྙན་ངག་པ་པེ་ཐཱ་ལགས་ཀྱང་ཕྱིར་རྒྱ་ནག་ཏུ་ཕེབས་ཤིང་ད་ལྟ་ཧོང་ཀོང་དུ་བཞུགས་ཡོད། རྒྱ་གཞུང་གིས་ཀྱང་སྲིད་དོན་དགོས་མཁོའི་དབང་གིས་ཕྱི་སྡོད་རྒྱ་རིགས་གྲགས་ཅན་ཚང་མ་ཕྱིར་འགུགས་ཐབས་བྱེད་བཞིན་ཡོད་པ་མ་ཟད་ཕྱིར་ལོག་ཕེབས་མཁན་ཚོར་རང་དབང་དང་གོ་ས་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་གཞན་ལས་དམིགས་བསལ་བ་ཞིག་སྟེར་བཞིན་ཡོད། འོན་ཀྱང་། ཕྱིར་ལོག་བྱས་ནས་བཟུང་རང་དབང་གཙང་མ་ཞིག་སུ་ལའང་མེད།

ཕྱི་ལོ་༡༩༨༠ སྐབས་ཀྱི་མོ་ཡན་ལ་མཚོན་ན་དཀའ་ངལ་ཆེ་ཤོས་ནི་དུས་ཡུན་རིང་བོར་བེད་སྤྱོད་བྱེད་ཆོག་པའི་རྩོམ་རིག་གི་བརྡ་སྐད་ཅིག་རྙེད་དཀའ་བར་གྱུར་བ་དེ་རེད། ལྦུ་ཆང་དམར་བོའི་བརྩམས་སྒྲུང་ལ་མཚོན་ན་སྤྱང་གྲུང་འཛོམས་པའི་བགྲོད་ལམ་ཞིག་ཏུ་གྱུར་ཡོད། གང་ཡིན་ཟེར་ན་དུས་སྐབས་དེའི་རྩོམ་པ་བོ་མང་ཆེ་བར་མཚོན་ན་ཁོ་ཚོས་ཕྱོགས་ཁ་ཤས་ནས་རང་ཉིད་ཀྱི་དངོས་མིང་སྤྱད་ནས་སྤྱི་ཚོགས་ཀྱི་ཕྱོགས་ཁ་ཤས་ལ་དོན་དངོས་ཀྱིས་ཐེར་འདོན་དང་དཔྱད་བརྗོད་བྱེད་ཐུབ་པར་གྱུར། དེ་བཞིན་ལྦུ་ཆང་དམར་བོར་མཚོན་ན་ཁོས་ཕྱོགས་གཉིས་ནས་དངོས་ཡོད་ལ་ཁ་གཏད་ཡོད་པ་སྟེ་ཆགས་སྤྱོད་ཀྱི་རང་དབང་དང་རྒྱ་ནག་དང་ཉི་ཧོང་གི་དམག་འཁྲུག་ལ་དོན་དངོས་ཀྱི་འགྲེལ་བརྗོད་བྱས་ཡོད། འོན་ཀྱང་། ཕྱི་ལོ་༡༩༩༠ ལོ་ནས་བཟུང་གཞུང་གི་སྲིད་ཇུས་ལ་ཕྱོགས་ཡོངས་ནས་བཀག་བསྡོམས་བྱས་ཤིང་རིམ་བཞིན་རྒྱ་ནག་གི་རྩོམ་པ་བོ་སུས་ཀྱང་གླེང་མི་ཐུབ་པའི་གནད་དོན་ཇེ་མང་དུ་གྱུར། དཔེར་ན། ༡༩༨༩ ལོའི་དམར་གསོད་ཆེན་མོ། ལྐོག་ཟ་རུལ་སུངས་ཅན་གྱི་མཐོ་རིམ་དཔོན་རིགས་རྣམས་ཀྱི་སྐོར་དང་། དེ་བཞིན་ཐེ་བན་དང་བོད། ཡུ་གུར་སོགས་ལྟ་བུ་རེད། དེ་ནས་བཟུང་གནད་དོན་དེ་དག་ནི་རྩོམ་པ་བོ་སུ་གཅིག་གིས་ཀྱང་གླེང་མི་ཐུབ་པའི་གནད་དོན་ཛ་དྲག་ཅན་དུ་གྱུར། མོ་ཡན་ལ་མཚོན་ན་སྐབས་དེར་སྲིད་བྱུས་དེས་དགོས་མཁོ་གཞན་ཞིག་མཚོན་བཞིན་ཡོད།

དེའི་རྗེས་སུ་རྩོམ་པ་བོ་མོ་ཡན་གྱིས་རེ་བྷེལ་རང་ལུགས་ཀྱི་ཟུར་ཟའི་རྩོམ་ཡིག་འབྲི་ཐབས་སྤྱད་འགོ་བརྩམས་ན་ཡང་ལག་ལེན་དངོས་ཐོག་ཁོའི་འབྲི་ཚུལ་དེ་ནི་རེ་བྷེལ་དང་བསྡུར་ཐུབ་པ་ཞིག་གཏན་ནས་མིན། རེ་བྷེལ་རང་ལུགས་ནི་སེམས་ཅན་དུད་འགྲོ་དང་མིའི་རང་གཤིས་གཉིས་མཚུངས་བསྡུར་གྱིས་རྟོག་སྒྲུང་ལ་འཇུག་ཚུལ་ཞིག་སྟེ། དཔེར་ན། དུད་འགྲོ་དག་གི་ཟ་འཐུང་དང་ཉལ་འདུག གཤང་གཅི་འདོར་བ། ཕན་ཚུན་ལ་འཛིངས་བ་སོགས་ཀྱི་ཁྱད་ཆོས་ལས་གཞན་ད་དུང་དུད་འགྲོ་དག་གིས་ཕན་ཚུན་ལ་བརྙས་བཅོས་དང་མགོ་སྐོར། ཐ་ན་འཛེམས་མེད་དུ་གཡོ་འཚོང་སོགས་བྱེད་བཞིན་པའི་ཁྱད་ཆོས་མང་བོ་ཞིག་མོ་ཡན་གྱི་རྩོམ་རིག་ཁག་ལས་མཐོང་ཐུབ་ཀྱིན་མེད། དེར་བརྟེན། མོ་ཡན་ཀྱིས་རེ་བྷེལ་གྱིས་འབྲི་ཐབས་སྤྱད་ཡོད་ཟེར་ན་ནང་འགལ་དུ་ཆགས་ཡོད་པ་རེད། གཞན་ཁོའི་འབྲི་ཐབས་ཀྱི་ཟུར་ཟ་སོགས་ཆ་འགའ་རེར་གྲགས་ཅན་རྩོམ་པ་བོ་གྷབ་རེལ་མར་ཁོས་མར་ཁེས་ཚུ་ལགས་ཀྱི་འབྲི་ཐབས་ལྟ་བུ་རེ་ཡང་ཡོད་ནའང་། དོན་ངོ་མའི་རྩོམ་རིག་གི་མཚོན་ཐབས་དངོས་དེ་ཟིན་མེད། དེར་བརྟེན། ཐ་ན་མོ་ཡན་ཀྱིས་གོང་གི་གྲགས་ཅན་རྩོམ་པ་བོ་གཉིས་ཀྱི་བརྩམས་ཆོས་ཁག་བཀླགས་མྱོང་ཡོད་མེད་ཀྱང་བཤད་ཁག་པོ་འདུག

མོ་ཡན་གྱིས་གཞི་རིམ་སྤྱི་ཚོགས་ཀྱི་མི་རྣམས་ཀྱིས་སྐོར་བྲིས་ཡོད་པ་ལས་དཔེར་ན་ཁོང་གིས་གྷར་ལིག་བྷ་ལེ་གི་(༡༩༨༨-The Garlic Ballads ) ནང་དུ་མངོན་གསལ་དོད་པོས་ཞིང་བ་དབུལ་བོ་དག་གི་ཕྱོགས་སུ་འགྲེངས་ནས་བརྙས་བཅོས་དང་ལྐོག་ཟ་རུལ་སུངས་མཁན་གྱི་ལས་བྱེད་ཚོར་ཁ་གཏད་བྱས་ཡོད། རྒྱུ་མཚན་ཅིའི་ཕྱིར་ཞེ་ན་མི་འབོར་མང་ཤོས་དབུལ་བོ་ཡིན་པའི་རྒྱ་ནག་ལ་མཚོན་ན་དབུལ་བོ་དག་གི་དཀའ་སྡུག་བརྗོད་པའི་རྩོམ་ཡིག་ལ་རྒྱ་ནག་ནང་དུ་ཚོང་ར་ཆེན་པོ་ཡོད་པ་མ་ཟད་དེ་ལ་གདུང་སེམས་བྱེད་མཁན་ཡང་མང་བོ་ཡོད། འོན་ཀྱང་། ང་ཚོས་ངེས་པར་དུ་ངོས་ཟིན་དགོས་པ་ཞིག་ལ་མོ་ཡན་གྱིས་རྒྱ་ནག་གི་དབུལ་བོ་ཚོའི་དཀའ་ངལ་བརྗོད་པ་དང་རྩོམ་པ་བོ་ལོས་ཞོ་པོ་དང་ཀྲང་ཡེས་ལྟ་བུའི་རྩོམ་པ་བོ་དག་གིས་རྒྱ་ནག་གི་འབངས་མི་ཉམ་ཐག་ཚོའི་དཀའ་ངལ་བརྗོད་ཚུལ་གཉིས་གཏན་ནས་མི་འདྲ། ལོས་ཞོ་པོ་དང་ཀྲང་ཡེས་སོགས་ཀྱིས་རྒྱ་ནག་སྤྱི་ཡོངས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཉེས་སྐྱོན་དང་དེ་འཛིན་སྐྱོང་བྱེད་མཁན་གྱི་འགོ་ཁྲིད་མཐོ་དམའ་ཡོངས་རྫོགས་ཀྱི་ངན་མཚང་དག་དངོས་སུ་ཐེར་འདོན་བྱེད་བཞིན་ཡོད་མོད། མོ་ཡན་གྱིས་ནམ་རྒྱུན་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དག་གིས་ཉེས་སྐྱོན་སྣ་གཅིག་ཀྱང་མི་བརྗོད་པར་ས་གནས་དཔོན་རིགས་དག་གི་སྐྱོན་མཚང་ལ་ཁ་ཕྱོགས་གཏད་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(བར་མ)

  1. ཀླུ་སྨྱོན་ ནས།

    ཐུགས་རྗེ་ཆེ། ང་མོ་ཡན་གྱི་བརྩམས་ཆོས་དང་ཁོ་རང་ཉིད་གཉིས་ལ་མཉམ་དུ་དགའ་མགོ་ཚུགས་སོང་། རྒྱུ་མཚན་ཁོ་ནི་རྩོམ་པ་པོ་རླུང་ཕྱོགས་དང་བསྟུན་ནས་གྲུ་གཏོང་མཁན་ཞིག་རེད། དེ་ནི་ངའི་གཤིས་ཀ་དང་ཐག་ཡོངས་སུ་ཉེ།

  2. སྦྲ་རིགས་ཐོགས་མེད་ ནས།

    རླུང་ཕྱོགས་དང་བསྟུན་ནས་གྲུ་གཏོང་ལ་ལེགས་མོད་ཀྱང་། གྲུ་བ་གཞན་གྱི་གྲུ་ལམ་ཐོབ་ཐང་རྡོག་རོལ་བཏང་བས་གྲུ་གཏོང་མཁན་དེ་ལ་གཡོ་སྒྱུ་ཅན་ཟེར་དགོས་མིན་འགྲོ

    མ་གཞི་རྩོམ་པ་བོ་རླུང་གང་དུ་གཡུགས་ན་འགྱུར་ཆོག་ཆོག་གི་རིགས་འདི་ལ་ཡིད་སུན་ནས་ཡོད་དོ།། ཆབ་སྲིད་གཞུང་ལུགས་ཁྲོད་དུ་དམིགས་བསལ་གྱང་ཁའི་རྩ་ཟེར་བའི་དཔེར་བརྗོད་ཅིག་ཡོད། གནད་དོན་དེ་མོ་ཡན་ལྟ་བུ་ཚོར་ཏག་ཏག་འཚམ་པོ་ཡོད་པ་འདྲ།

Write a Reply or Comment

Your email address will not be published. Required fields are marked *

*