གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(མཐའ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་ཕེ་རེས་ལེན་ཁུ།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

སྲིད་བྱུས་དེ་ནི་གང་ལྟར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དག་གིས་མི་དམངས་ལ་མགོ་སྐོར་གཏོང་བྱེད་ཀྱི་ཐབས་ལམ་གལ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། དཔེར་ན། ཁོ་ཚོས་ནམ་རྒྱུན་མི་དམངས་ལ་འདི་ལྟར་བཤད་བཞིན་ཡོད། “ང་ཚོ་མཐོ་རིམ་དཔོན་རིགས་ཚོས་ནམ་ཡང་ཁྱེད་ཚོ་མི་དམངས་ཀྱི་སྡུག་བསྔལ་ལ་ཉན་ཞིབ་དང་གདུང་སེམས་མཉམ་བསྐྱེད་བྱེད་བཞིན་ཡོད། ཁྱེད་ཚོས་སེམས་ཁྲལ་མ་གནང་རོགས་རྒྱ་ནག་གཞུང་གི་རྩ་བའི་སྲིད་བྱུས་ལ་ནོར་འཁྲུལ་གང་ཡང་མེད།”ཅེས་བཤད་བཞིན་ཡོད། ལོ་ངོ་ཉི་ཤུའི་སྔོན་དུ་རྒྱ་ནག་དུ་གསར་འགྱུར་བརྒྱུད་ལམ་གཞུང་འབྲེལ་གཅིག་ལས་མེད་པར་བརྟེན་མི་དམངས་གིས་གཞུང་གི་ཅི་བཤད་ལ་བདེན་པར་འཛིན་བཞིན་ཡོད། ཡིན་ན་ཡང་ད་ལྟ་རྒྱ་ནག་ཏུ་ཡང་རླུང་འཕྲིན་དང་དྲ་རྒྱ་འདྲ་མིན་དར་ཟིན་པས་གཞུང་གི་དྲིལ་བསྒྲགས་ལ་ཡིད་ཆེས་བྱེད་མཁན་ཉུང་དུ་ཕྱིན་ཡོད། འོན་ཀྱང་། ད་ལྟ་ཡང་གོང་གི་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་ཚོས་མི་དམངས་ལ་སྐད་ཆ་བཤད་ཚུལ་དེ་ཤུགས་རྐྱེན་ཆེན་པོ་ཡོད་པ་རེད། མོ་ཡན་ལྟ་བུའི་རྩོམ་པ་བོ་ཚོར་མཚོན་ན་ཁོ་ཚོས་རྒྱ་ནག་གཞུང་གི་སྲིད་བྱུས་དང་ཐབས་ལམ་དེར་ཇི་ལྟར་ལག་ལེན་དུ་འཁེལ་དགོས་མིན་གསལ་བོར་ཤེས་ཡོད། རང་ཉིོད་ལ་དོན་དངོས་ཐོག་འདོན་མོས་ཡོད་མེད་ལ་མ་ལྟོས་པར་ཁོ་ཚོ་ལྟ་བུའི་རྩོམ་པ་བོ་ཚོས་གཞུང་གི་ལངས་ཕྱོགས་དེ་རྒྱུན་འཁྱོངས་བྱས་ནས་རྩོམ་ཡིག་གི་ལམ་དུ་ཞུགས་བཞིན་ཡོད་ལ་དེ་ནི་གཅིག་བྱས་ན་རྒྱ་ནག་དབང་འཛིན་པའི་འོག་ཏུ་མུ་མཐུད་རྩོམ་ཡིག་འབྲི་ཐུབ་པའི་རིན་གོང་ཡང་ཡིན་སྲིད།

མོ་ཡན་གྱིས་ཁྱབ་ཆེ་བའི་སྒོ་ནས་དུས་རབས་ཉི་ཤུ་བའི་སྐབས་ཀྱི་རྒྱ་ནག་གི་ལོ་རྒྱུས་རྟོག་སྒྲུང་འབྲི་འགོ་བརྩམས་ཤིང་དེ་ལ་བརྡ་ཆད་གཞན་དུ་ལོ་རྒྱུས་བསྐྱར་འབྲི་ཡང་ཟེར་བཞིན་ཡོད། དེ་ནི་ལོ་རབས་དགུ་བཅུ་བའི་སྐབས་ཀྱི་དར་སྲོལ་ཆེ་བའི་རྒྱ་ནག་གི་རྩོམ་ཡིག་འབྲི་ཐབས་གསར་བ་ཞིག་ཡིན། རྩོམ་ཡིག་དེ་བརྒྱུད་ནས་རྒྱ་ནག་གི་མོའོ་དུས་སྐབས་ཀྱི་ལོ་རྒྱུས་ཁྲོད་དུ་གནད་དོན་ཅི་ཞིག་བྱུང་བ་རེད་ཅེས་པའི་ཀློག་མཁན་མང་བོའི་དྲི་བ་དེར་ཕྱོགས་མང་བོ་ནས་ལན་འདེབས་བྱེད་བཞིན་ཡོད་པ་རེད། འོན་ཀྱང་། དུས་སྐབས་དེར་རྒྱ་ནག་དབང་འཛིན་པའི་འོག་ཏུ་ཡོད་པའི་རྩོམ་པ་བོ་སྤྱི་ཡོངས་ལ་འཕྲད་པའི་བདམས་གསེས་གལ་ཆེན་ཞིག་ནི། ཉེ་རབས་དམར་ཕྱོགས་པའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་ཆེས་ཚབས་ཆེན་ཁ་ཤས་སྟེ། དཔེར་ན། རྒྱ་ནག་གི་མདུན་མཆོངས་ཆེན་མོའི་(༡༩༥༩ ནས་ ༡༩༦༢ ) སྐབས་སུ་མི་དམངས་ས་ཡ་སུམ་ཅུ་ལྷག་བཀྲེས་ལྟོགས་ཀྱི་སྡུག་བསྔལ་འོག་འདས་གྲོངས་སུ་སོང་ཡོད། དེ་བཞིན་གནད་དོན་གཞན་ཞིག་ནི་རྒྱ་ནག་གི་རིག་གནས་གསར་བརྗེའི་(༡༩༦༦ ནས་ ༡༩༧༠) སྐབས་སུ་ཉེས་མེད་མི་སེར་ས་ཡ་གསུམ་ལྷག་གི་ཚེ་སྲོག་འཕྲོག་པའི་འཇིགས་ཡེར་བའི་གཏམ་རྒྱུད་དག་ཡིན། དེ་དག་ལ་བརྟེན་ནས་རྒྱ་ནག་མི་དམངས་ཀྱིས་རྒྱ་ནག་དབུས་གཞུང་ལ་ཡིད་ཆེས་གཏན་མེད་དུ་གྱུར་བའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ཁག་ལ་འགྲེལ་བཤད་ཇི་ལྟར་བསྐྱོན་རྒྱུ་དེ་ཡིན་པ་རེད། སྲིད་བྱུས་དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་དུས་ད་ལྟ་ཡང་རྒྱ་ནག་མི་དམངས་གིས་དབུས་གཞུང་ལ་ཡིད་ཆེས་བརྟན་པོ་ཞིག་རྙེད་ཐུབ་ཀྱིན་མེད་པ་རེད། ད་ལྟ་རྒྱ་ནག་གི་མཐོ་རིམ་དཔོན་རིགས་དག་ལ་ཁོ་ཚོར་མི་དམངས་ཀྱིས་མོའོ་དུས་རབས་སྐབས་ཀྱི་དཔོན་རིགས་དག་དང་འདྲ་བའི་འདུ་ཤེས་འོག་ཡིད་ཆེས་བྱེད་ཀྱིན་མེད་པའི་དཀའ་ངལ་མྱོང་བཞིན་ཡོད། དེར་བརྟེན། རྒྱ་ནག་གི་གཞུང་འབྲེལ་རྩོམ་པ་བོ་དང་གཞུང་གིས་མ་དངུལ་ལ་བརྟེན་བཞིན་པའི་རྩོམ་པ་བོ་དག་ལ་གཞུང་གི་གནས་ཚུལ་དང་དགོས་མཁོ་གཅིག་པོ་ལས་གཞན་སྨྲ་བརྗོད་ཀྱི་རང་དབང་གང་ཡང་མེད། འོན་ཀྱང་། ལོ་རྒྱུས་བསྐྱར་འབྲི་མཁན་གྱི་རྟོག་སྒྲུང་རྩོམ་པ་བོ་ཞིག་ལ་མཚོན་ན་གོང་གི་གནད་དོན་ཆེ་ཁག་དེ་རིགས་ནི་ནམ་ཡང་གཡོལ་ཐབས་མེད་པའི་ལོ་རྒྱུས་ཀྱི་གནད་དོན་རེ་རེ་ཡིན་པས་ད་འོ་ན་རྩོམ་པ་པོ་ཁོ་ཚོས་འགྲེལ་བཤད་ཇི་ལྟར་བྱས་ན་འོས།

མོ་ཡན་གཙོས་གཞུང་གི་སྲིད་བྱུས་འོག་གི་རྩོམ་པ་བོ་ཚོར་མཚོན་ན་ཁོ་ཚོས་ལོ་རྒྱུས་ཁྲོད་ཀྱི་གནད་དོན་དེ་རིགས་ལ་འགྲེལ་བཤད་རྒྱག་དུས་སྨྱོ་ལབ་དང་ཡང་ན་དགོད་བྲོའི་ལབ་བརྡོལ་ལྟ་བུ་བྱས་ནས་ཟུར་འགྲེལ་བྱས་ཡོད། དཔེར་ན། མོ་ཡན་གྱི་ནུ་རྒྱས་མ་དང་འཕོངས་ཆེ་མ་(Big Breasts and Wide Hips-1996) ཞེས་པའི་བརྩམས་སྒྲུང་ལ་མཚོན་ན་སྒྲུང་གཏམ་གྱི་བྱུང་རིམ་ཧྲིལ་བོ་དུས་རབས་ཉི་ཤུ་བའི་སྐོར་ཡིན་ལ་སྒྲུང་གཏམ་ནང་དུ་མཚན་གཉིས་མ་ནིང་ཞིག་གི་མི་ཚེའི་སྐོར་ལ་འགྲེལ་བཤད་བྱས་ཡོད། སྒྲུང་གཏམ་དེའི་ལེའུ་དྲུག་པར་ཁོས་མདུན་མཆོངས་ཆེན་མོིའི་སྐོར་བྲིས་ཡོད་ལ་དེ་རུ་མོའོ་ཙེ་ཏུང་གིས་ཞིང་ལས་བཟོ་བཅོས་ཀྱི་སྲིད་བྱུས་འོག་ཏུ་རྒྱ་ནག་གི་གྲོང་གསེབ་དཔལ་འབྱོར་ལ་ཚད་ལས་འདས་པའི་བརྡབ་གསིག་བཏང་ཡོད་པ་མ་ཟད་ཁོས་ད་དུང་སེམས་ཅན་དང་རྩི་ཤིང་ཕན་ཚུན་བསྲེས་ནས་རིགས་རྒྱུད་གསར་བ་སྤེལ་ཚུལ་གྱི་ལམ་སྟོན་ལོག་པ་དེ་དག་ཀྱང་བྲིས་ཡོད། དཔེར་ན། སེམས་ཅན་མི་འདྲ་བའི་ཕ་མའི་ཁུ་ཁྲག་བརྗེས་ནས་རིགས་རྒྱུད་གསར་བ་སྤེལ་ཐབས་དང་དེ་བཞིན་རྩི་ཤིང་རིགས་ལ་ཡང་དེ་བཞིན་བྱེད་ཐབས་བཀོལ་ནས་རྩི་ཤིང་གསར་བ་བསྐྱེད་བསྲིང་བྱེད་ཐབས་སོགས་ལའང་འགྲེལ་བཤད་བྱས་ཡོད། དོན་དངོས་ཐོག་སྐབས་དེའི་ཞིང་བ་ཚོས་ཐབས་ལམ་དེ་ལམ་སློང་མི་འབྱུང་བ་ཤེས་ན་ཡང་སོ་སོའི་ཚེ་སྲོག་གི་ཉེན་ཁར་བརྩིས་ནས་སུས་ཀྱང་གནས་ཚུལ་དེར་ཁ་གཏད་གཅོག་ཕོད་མེད། ཡིན་ན་ཡང་། མོ་ཡན་གྱིས་གནད་དོན་དེ་དག་ཡོད་ཚད་འགྲེལ་བཤད་བྱེད་ཚུལ་ནི་ཏན་ཏན་ཏིག་ཏིག་གིས་དངོས་བྱུང་ལོ་རྒྱུས་ར་སྤྲོད་བྱེད་རྒྱུ་མ་ཡིན་པར་ཁོས་དགོད་བྲོའི་འབྲི་ཐབས་བེད་སྤྱད་ནས་ལོ་རྒྱུས་དེ་དག་ལ་འགྲེལ་བཤད་བསྐྱོན་ཡོད།

གང་ལྟར་མོ་ཡན་གྱི་དགོད་བྲོའི་སྒྲུང་གཏམ་འབྲི་ཐབས་ལ་དགའ་མོས་བྱེད་མཁན་མང་བོ་ཡོད། དཔེར་ན། ཁོས་མོ་ཡན་གྱི་བརྩམས་སྒྲུང་ནུ་རྒྱས་མ་དང་འཕོངས་ཆེ་མ་ཞེས་པའི་སྒྲུང་གཏམ་ནང་དུ་མི་སྣ་ཞིག་གི་ཁ་བརྡ་འདི་ལྟར་ཞིབ་འབྲི་བྱས་ཡོད། “ང་ལ་མཚོན་ན། ལུག་གི་ཁུ་བ་རི་བོང་གི་མངལ་དུ་བླུགས་ནས་རིགས་རྒྱུད་གསར་བ་སྤེལ་ཚུལ་དེར་ཧ་ལས་རྒྱུ་མི་འདུག དེ་མ་ཟད་ཐ་ན་ཁྱོད་ཚོས་ང་ཚོའི་དབུ་ཁྲིད་བློ་མཐུན་ལོས་ཏེ་པན་གྱི་ཁུ་བ་གསོ་ཕག་མོ་དེའི་ཁོག་ཏུ་བླུགས་ནས་མི་དང་ཕག་འདྲེས་པའི་རིགས་རྒྱུད་གསར་བ་ཞིག་སྤེལ་ན་ཡང་ཧང་སངས་ཡ་མི་འདུག”ཅེས་བཤད་པ་ལྟ་བུ་སོགས་དགོད་བྲོའི་འབྲི་ཐབས་མང་བོ་སྤྱད་ནས་ལོ་རྒྱུས་ཀྱི་བྱུང་བར་འགྲེལ་བརྗོད་བྱས་ཡོད། ད་དུང་གཏམ་རྒྱུད་དེའི་ནང་དུ་ཁོས་མི་སྣ་དེས་སྐད་ཆ་དེ་བཤད་སྐབས་མཐའ་སྐོར་གྲོང་གསེབ་ཀྱི་མི་ཚང་མ་གད་མོ་ཆེན་པོ་ཤོར་སོང་ཞེས་བྲིས་ཡོད། མོ་ཡན་འགྲེལ་བརྗོད་བྱེད་ཚུལ་དེའི་དངོས་ཤུགས་གང་དུ་ཡང་སྐབས་དེའི་མི་རྣམས་ཀྱི་དོན་དངོས་ཀྱི་དཀའ་སྡུག་དང་ཐབས་ཟད་ཨུ་ཐུག་གི་རྣམ་པ་ནམ་ཡང་བརྗོད་མེད། གཞན་ཡང་བརྩམས་སྒྲུང་དེའི་ནང་དུ་བུད་མེད་ཅིག་ལ་རང་གི་ཕྲུ་གུར་འོ་མ་བསྣུན་རྒྱུ་མ་རྙེད་པར་བརྟེན་མོའི་གྲོགས་མོ་ཞིག་རྒྱ་སྲང་དུ་སོང་ནས་འོ་མ་སྤོས་ལེགས་ཤིག་ཉོས་ནས་ཕྱིར་སླེབས་ཟེར་བ་ལྟ་བུ་སྐབས་དེར་རྒྱ་ནག་གི་མུ་གེ་ཆེན་པོ་མཚོན་མི་ཐུབ་པ་མ་ཟད་དོན་དངོས་དང་ནང་འགལ་དུ་གྱུར་བའི་བྱུང་རིམ་མང་བོ་སྤེལ་མར་བྲིས་ཡོད། ཡང་མོ་ཡན་གྱི་སྒྲུང་གཏམ་འཆི་གསོན་གྱིས་ང་ལ་ཉེན་བརྡ་གཏོང་-༢༠༠༦ ཟེར་བ་དེའི་ནང་དུ་རིག་གནས་གསར་བརྗེའི་སྐབས་སུ་མི་ཞིག་ལ་རང་གི་བོང་བུར་བོང་ཕྲུག་སྐྱེ་རྒྱུ་མེད་པར་བརྟེན་གཞུང་གིས་ཁོ་ལ་ཉེས་པ་བཏང་ནས་ས་གནས་ཀྱི་གྲོང་མི་ཚང་མའི་མདུན་སར་ཁོ་ལ་སྔོ་ཚལ་གྱིས་བཟོས་པའི་བོང་བུའི་ཕོ་མཚན་ཞིག་ཟ་རུ་བཅུག་ཅིང་། སྐབས་དེར་གྲོང་གསེབ་ཀྱི་མི་ཚང་མ་ཧབ་ཆ་ཆེན་པོ་བརྒྱབས་པའི་སྐོར་བྲིས་ཡོད། མོ་ཡན་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཨུ་ཚུགས་ཀྱིས་བྱུང་རིམ་དེ་དག་ནི་མོ་ཡན་གྱི་དགོད་བྲོའི་རང་བཞིན་གྱི་འབྲི་རྩལ་ཁྱད་པར་བ་ཞིག་ཡིན་རབས་ཤོད་ཀྱིན་ཡོད་ན་ཡང་། རིག་གསར་སྐབས་སུ་དེ་འདྲའི་གནས་ཚུལ་དངོས་མཐོང་མཁན་ཞིག་དང་ད་དུང་སྐབས་དེར་ཉེས་ཆད་དེ་འདྲ་དངོས་སུ་བརྒྱུད་མྱོང་མཁན་ཞིག་ལ་མཚོན་ན་གནད་དོན་དེ་དག་གི་གད་མོ་ཤོར་དགོས་པ་ཞིག་མིན་པ་མ་ཟད་སྐབས་དེར་མི་མང་ཚང་མར་ཧབ་ཆ་རྒྱག་པའི་གནས་བབ་དེ་འདྲ་ཞིག་གཏན་ནས་མེད་པའང་གསལ་བོར་ཤེས་ངེས་ཡིན།

རྒྱ་ནག་དབུས་གཞུང་ལ་མཚོན་ན་མོ་ཡན་གྱི་རྩོམ་ཡིག་དག་ནི་དགོས་མཁོ་ཧ་ཅང་ཆེན་པོ་ཡོད་གང་ཡིན་ཟེར་ན་ཁོས་རྩོམ་ཡིག་གིས་ལོ་རྒྱུས་ཁྲོད་ཀྱི་གནད་དོན་མང་བོ་ཞིག་ལ་ཕྱོགས་མི་འདྲ་བ་ཞིག་ནས་འགྲེལ་བཤད་བྱེད་བཞིན་ཡོད་པར་བརྟེན། སྐབས་རེར་ལོ་རྒྱུས་ཀྱི་ནོར་འཁྲུལ་དེ་དག་ལ་སྒྱུ་རྩལ་ཀྱི་འགྲེལ་བརྗོད་གསར་བ་ཞིག་བསྣན་ནས་དོན་དངོས་རབ་རིབ་ཏུ་གཏོང་བཞིན་ཡོད་པ་དང་དེ་ནི་ཁོ་ཚོར་མཚོན་ན་ཡང་དགོས་མཁོ་ཆེན་པོ་ཡོད་པ་ཞིག་ཡིན། རྒྱ་ནག་གི་ཉེ་རབས་ལོ་རྒྱུས་ཁྲོད་ཀྱི་གནད་དོན་དེ་དག་ནི་འགད་རྫས་ཤིག་དང་འདྲ་བར་སྤྱི་ཚོགས་ཁྱོན་ཡོངས་ལ་གཏོར་བཤིག་གཏོང་བའི་ནུས་བ་རྒྱ་ཆེན་པོ་ཡོད་པ་ཡིན། རྒྱ་ནག་གི་དབང་འཛིན་པས་ཉེན་ཚབ་དེ་དག་གསལ་བོར་ཤེས་ཡོད་པས་གནད་དོན་དེ་རིགས་བཙན་ཤུགས་ཀྱིས་བཀག་བསྡོམ་བྱེད་རྒྱུའི་ཚབ་ཏུ་ཐབས་མཁས་པོའི་སྒོ་ནས་མོ་ཡན་དང་འདྲ་བར་ཟུར་ཟའམ་དགོད་བྲོའི་ལྟ་ཚུལ་ལྟ་བུའི་སྲིད་བྱུས་འོག་ཏུ་གནད་དོན་དེ་དག་ལ་འགྲེལ་བཤད་སྟབས་བདེ་མོ་རེ་བྱེད་བཞིན་ཡོད། ཕྱི་ལོ་༢༠༠༤ ལོའི་རྩོམ་ཡིག་ཕྱོགས་བསྡུས(ཉེ་རབས་རྒྱ་ནག་ལོ་རྒྱུས་ཁྲོད་ཀྱི་ནོར་འཁྲུལ་ཕྱིར་དྲན།)ཞེས་པའི་ནང་དུ་ལོས་ཞོ་པོ་ལགས་ཀྱིས་འདི་ལྟར་བཤད་ཡོད།“རྒྱ་ནག་གཞུང་གིས་ཟུར་ཟ་དང་དགོད་བྲོའི་བྱེད་ཐབས་སྤྱད་ནས་འདས་པའི་རང་ཉིད་ཀྱི་ནོར་འཁྲུལ་ལ་ལོག་འགྲེལ་དང་དེ་དག་མི་དམངས་ཀྱི་དྲན་ངོགས་ནས་རབ་རིབ་ཏུ་གཏོང་བར་འབད་བརྩོན་བྱེད་བཞིན་ཡོད།”ཅེས་གསལ་བོར་བཤད་ཡོད།

དོན་ངོ་མར་མོ་ཡན་གྱི་བསམ་བློ་དེ་ཁོའི་པར་དུ་བཏབས་པའི་རྩོམ་ཡིག་དག་ལས་ལྷག་ཅིག་ཡོད་སྲིད་དམ། རྒྱ་ནག་གི་སྲིད་བྱུས་འོག་ཏུ་མི་མཐུད་རྩོམ་ཡིག་འབྲི་མཁན་ཞིག་ལ་མཚོན་ན་ང་ཚོས་ངེས་པར་དུ་དྲི་བ་འདི་འདྲ་ཐད་ཀར་དུ་གཏོང་བར་འོས། ཕྱི་ཟླ་༡༠ བའི་ཚེས་༡༢ ཉིན་ཁོས་རྒྱ་ནག་གི་རྩོམ་པ་བོ་ལོས་ཞོ་པོའི་སྐོར་ལ་ཡང་འདི་ལྟར་བཤད་ཡོད། “སྤྱི་ལོ་ ༡༩༨༠ ནང་དུ་ལོས་ཞོ་པོས་རྩོམ་རིག་བརྩམས་ཆོས་འབྲི་བཞིན་པའི་སྐབས་སུ་ངས་ཁོའི་བརྩམས་ཆོས་ཁ་ཤས་བཀླགས་མྱོང་ཡོད། འོན་ཀྱང་། དེའི་རྗེས་སུ་ལོས་ཞོ་པོ་ལགས་ཀྱིས་རྩོམ་རིགས་བསྐྱུར་ནས་ཆབ་སྲིད་ལ་འཇུས་པ་ནས་བཟུང་ང་ཁོ་ལ་འབྲེལ་བ་གཏན་ནས་མ་བྱུང་། དེར་བརྟེན། ངས་ད་བར་དུ་ཁོས་གནད་དོན་ཅི་ཞིག་གི་སྐོར་ལ་བྱ་བསྒྲུབས་པ་དང་སྒྲུབ་བཞིན་པ་མི་ཤེས། ད་ལྟ་ངའི་རེ་བར་ཁོ་ལ་མགྱོགས་པོར་རང་དབང་ཐོབ་པ་མ་ཟད་ཁོའི་འཕྲོད་བསྟེན་གྱི་གནས་སྟངས་ལ་ཡང་དཀའ་ངལ་མེད་པར་ཁོ་རང་ཉིད་ཀྱིས་སྔར་གྱི་འདོད་མོས་བཞིན་ཆབ་སྲིད་དང་སྤྱི་ཚོགས་རིག་པར་སྦྱང་བ་མུ་མཐུད་དུ་བྱེད་ཐུབ་པར་སྨོན།”

གསར་ལམ་གྱི་གཏམ་བཤད་དེ་གློ་བུར་དུ་ལོས་ཞོ་པོ་ཡི་རྒྱབ་སྐྱོར་མཁན་དག་བརྒྱུད་ནས་དྲ་རྒྱའི་ཁྲོད་དུ་ཁྱབ་སོང་ལ་དེས་རྐྱེན་པས་རྒྱ་ནག་རྒྱལ་ཡོངས་སུ་གཏན་འགོག་བྱས་ཡོད་པའི་ལོས་ཞོ་པོ་ཡི་མིང་དེ་གློ་བུར་རྒྱ་ནག་གི་དྲ་རྒྱའི་འཇིག་རྟེན་དུ་ཁྱབ་ཅིང་གནས་ཚུལ་དེའི་རྐྱེན་པས་བགྲོ་གླེང་འཁྲུག་ཆ་དོད་པོ་བྱས་ཡོད། རྒྱ་ནག་གི་ནོར་བྷེལ་གཟེངས་རྟགས་བཞེས་མཁན་ཞིག་གིས་ལོས་ཞོ་པོ་ལ་འདི་ལྟར་རྒྱབ་སྐྱོར་གྱི་རྣམ་པས་གཏམ་བཤད་སྤེལ་པར་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཚོ་ལ་ཕོག་ཐུག་ཆེན་པོ་བཏང་ཡོད་སྲིད་ཟེར་མཁན་མང་མོད། ཡང་འགའ་རེས་མོ་ཡན་ཁོ་རང་ཉིད་ཀྱིས་ལེགས་ཉེས་དབྱེ་འབྱེད་ཀྱི་གཏམ་བཤད་དེ་ལ་རིན་ཐང་ཅུང་ཟད་ཅིག་ཡོད་སྲིད་ཀྱང་ཟེར་བཞིན་ཡོད། འོན་ཀྱང་། དཔྱད་བརྗོད་མཁན་བདག་ལ་མཚོན་ན་མོ་ཡན་གྱི་གཏམ་བཤད་དེ་ནི་ལེགས་ཉེས་དབྱེ་འབྱེད་ཀྱི་གཏམ་བཤད་ཅིག་ཡིན་ནམ་ཡང་ན་རྒྱུ་མཚན་གཞན་ཞིག་ཡིན་ད་དུང་ཐེ་ཚོམ་གྱི་གནས་སུ་ཡོད། རྒྱ་ནག་གི་སྲིད་བྱུས་དང་དྲིལ་བསྒྲགས་ལས་བྱེད་རྣམས་ནམ་རྒྱུན་རྒྱ་ནག་ནང་ཁུལ་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་རྒྱ་ནག་གི་ཤུགས་རྐྱེན་ཆེ་བའི་མི་སྣ་དག་གི་ཉེ་སར་བཅར་ནས་བསྡད་ཡོད། ནམ་རྒྱུན་རྒྱ་ནག་ཏུ་གནད་དོན་གང་ཞིག་ཡིན་ན་ཡང་བཤད་འོས་པ་དང་བཤད་མི་འོས་ཤིག་ཡོད་ལ་ལྷག་པར་དུ་ནོར་བྷེལ་རྩོམ་རིག་གཟེངས་རྟགས་བཞེས་མཁན་ཞིག་ལ་མཚོན་ན་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་བཤད་འོས་པ་དང་བཤད་མི་འོས་པ་གང་མང་ཞིག་ཡོད་པ་ནི་སྨོས་མ་དགོས་པ་ཞིག་རེད། འོན་ཀྱང་། མོ་ཡན་ལ་མཚོན་ན་ལོས་ཞོ་པོ་ལགས་ཀྱི་གནད་དོན་དེ་ནི་ནམ་ཡང་གཡོལ་ཐབས་མེད་པའི་དྲི་བ་གལ་ཆེན་ཞིག་རེད། དྲི་བ་དེ་ནི་རྒྱལ་སྤྱིའི་གསར་འགོད་པ་དག་གིས་མོ་ཡན་ལ་ནོར་བྷེལ་རྩོམ་རིག་གཟེངས་རྟགས་ཐོབ་པར་ཁྱབ་བསྒྲགས་བྱས་པ་ནས་བཟུང་སེམས་ལ་འཁོར་བའི་དྲི་བ་གལ་ཆེན་ཞིག་རེད། ད་དུང་ཁོ་རྗེས་མ་སུ་ཀྲོག་ཁུ་ཧོམ་དུ་གཟེངས་རྟགས་བཞེས་པར་སྐྱོད་སྐབས་ངེས་པར་དུ་གསར་འགོད་པར་ལན་འདེབས་དགོས་པའི་དྲི་བ་ཞིག་རེད། (སྐབས་དེར་རྒྱ་ནག་གི་མི་སར་ཞིག་གིས་བྱེའུ་སྐད་དྲ་ཐོག་ཏུ་འདི་ལྟར་བྲིས་འདུག “གལ་སྲིད་མོ་ཡན་ལ་སྙིང་སྟོབས་ཡོད་ན་ནོར་བྷེལ་གཟེངས་རྟགས་བཞེས་སྐབས་ལོས་ཞོ་པོ་ལགས་ཀྱི་ཚབ་ཏུ་རྐུབ་བཅགས་སྟོང་པ་ཞིག་ཁོའི་འགྲམ་ཏུ་འཇོག་དགོས་པ་རེད།”)

ཕྱོགས་གང་ནས་བལྟས་ན་ཡང་རྩོམ་པ་བོ་མོ་ཡན་ལ་ལོས་ཞོ་པོའི་སྐོར་གྱི་དྲིས་ལན་ལ་བདམས་ཁ་དེ་མ་གཏོགས་ལམ་ཁ་གཞན་གང་ཡང་ལྷག་མེད། གལ་སྲིད་མོ་ཡན་གྱིས་ལོས་ཞོ་པོ་ནི་རྒྱ་ནག་གི་ཆབ་སྲིད་ཉེས་ཅན་པ་ཡིན་ཚུལ་དང་ཁོ་ངེས་པར་དུ་བཙོན་འཇུག་བྱེད་དགོས་ཚུལ་བཤད་པ་ཡིན་ན་མོ་ཡན་ཁོ་རང་ཉིད་ཀྱི་རྒྱལ་སྤྱིའི་ཐོག་གི་ཆེ་མཐོང་བརླགས་རྒྱུ་ཡིན་པ་མ་ཟད། རྒྱ་གཞུང་གིས་གོ་སྐབས་དེ་དང་བསྟུན་ནས་ཁོ་ཚོ་རང་ཉིད་ཀྱི་ཤུགས་རྐྱེན་འཛམ་གླིང་ལ་ངོམ་འདོད་ཡོད་པའི་རེ་བ་དེའང་སྟོང་ཟད་དུ་འགྲོ་རྒྱུ་ཉག་ཅིག་ཡིན། ཡང་གལ་སྲིད་མོ་ཡན་གྱིས་ཁ་ཞེ་གཉིས་མེད་ཀྱིས་ལོས་ཞོ་པོ་ཡི་ཕྱོགས་སུ་ལངས་པ་ཡིན་ན་ཤུགས་རྐྱེན་ཆེ་བའི་རྒྱ་གཞུང་གི་ལྡོག་ཕྱོགས་སུ་ལངས་མཁན་ཞིག་ལ་རྒྱབ་སྐྱོར་བྱས་པ་ཡིན་པས་དེ་ཡང་རྒྱ་གཞུང་གི་སྲིད་བྱུས་ལས་འགལ་ཡོད། དེར་བརྟེན། མོ་ཡན་གྱིས་ཕྱོགས་གཉིས་བར་གྱི་རྐང་ལམ་ཕྲ་མོ་དེ་དེད་ནས་མདུན་བསྐྱོད་བྱས་ཡོད།

གཏམ་བཤད་དེའི་སྐབས་སུ་གནད་དོན་གཞན་ཞིག་ནི་མོ་ཡན་གྱི་རང་དབང་ཞེས་པའི་ཚིག་ཏེ་ཐེངས་དུ་མར་བེད་སྤྱོད་བཏང་ཡོད། འོན་ཀྱང་། ཁོས་བཤད་བཞིན་པའི་རང་དབང་དེ་ལོས་ཞོ་པོ་ལགས་ཀྱི་འཕྲོད་བསྟེན་གྱི་རང་དབང་དང་སྦྲེལ་ནས་ནན་བཤད་བྱས་ཡོད། དོན་ངོ་མར་མོ་ཡན་གྱིས་ད་ལྟའི་ལོས་ཞོ་པོ་ལགས་ཀྱི་གཟུགས་པོའི་གནས་སྟངས་ཧ་གོ་ཡོད་དམ། ངས་བསམ་ན་ཁོས་ཐ་ན་ལོས་ཞོ་པོ་ལགས་ཀྱི་གཟུགས་པོའི་འཕྲོད་བསྟེན་གྱི་གནས་སྟངས་སྤྱི་བམ་ཙམ་ཡང་ཧ་གོ་ཡོད་མེད་བཤད་ཁག་པོ་ཡིན། ཉེ་ཆར་ལོས་ཞོ་པོའི་སྐྱེས་སྨན་ལོས་ཞཱ་ལགས་སྲིད་དོན་བཙོན་པ་ལོས་ཞོ་པོ་ལགས་ལ་མཇལ་འཕྲད་བྱུང་བའི་གནས་ཚུལ་ཞིག་ཐོས་མོད། ཁོ་མོར་ལོས་ཞོ་པོ་ལགས་ཀྱི་གནས་བབ་སྐོར་གསར་འགོད་པར་འགྲེལ་བརྗོད་བྱེད་པའི་ཐོབ་ཐང་མེད། སྤྱིར་བཏང་མོ་ཡན་གྱིས་རྒྱ་ནག་གི་བཙོན་འོག་གི་བཙོན་མ་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་ཤེས་ངེས་ཡིན་པ་མ་ཟད་མཚམས་རེར་བཙོན་ཁང་དུ་འཕྲོད་བསྟེན་གྱི་གནས་སྟངས་ཛ་དྲག་ཆགས་པར་བརྟེན་ནས་གྲོངས་འགྲོ་མཁན་ཡང་ཡོད་པ་ཁོ་བས་ཤེས་ཀྱི་ཡོད། འོན་ཀྱང་། ལོས་ཞོ་པོ་ལ་མཚོན་ན་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་སྐྱབས་བཅོལ་གྱི་འཚོ་བ་དང་དུ་ལེན་པ་ལས་རྒྱ་ནག་ཏུ་བཙོན་འོག་གི་སྡུག་བསྔལ་ལ་གདོང་ལེན་བྱེད་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། གང་ཡིན་ཟེར་ན་རྒྱ་གཞུང་ལ་མཚོན་ན་ཕྱི་རྒྱལ་དུ་སྡོད་པའི་དམར་ཤོག་གཞུང་གི་ཁ་གཏད་མཁན་རྒྱ་རིགས་དག་ལས་རྒྱ་ནག་ནང་དུ་ཡོད་པའི་གཞུང་གི་ཁ་གཏད་མཁན་རྣམས་ནུས་ཤུགས་ཆེ་བ་དང་ཉེན་ཁ་ཧ་ཅང་གིས་ཆེ་བ་ཡོད། དཔེར་ན། མིག་ལོང་བ་ཡིན་པའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་རྩོད་པ་སྐུ་ཞབས་ཆེན་ཀང་ཆན་ལྟ་བུ་ལ་མཚོན་ན། ཤན་ཏུང་གྲོང་ཁྱེར་ནས་པེ་ཅིན་གྱི་ཨ་རིའི་གཞུང་ཚབ་ཁང་དུ་བྲོས་བྱོལ་དུ་ཕྱིན་ཅིང་ད་ལྟ་ཨ་རིའི་ནེའུ་ཡོག་ཏུ་འཚོ་སྡོད་བྱེད་བཞིན་ཡོད། ཡིན་ན་ཡང་ཁོ་ནེའུ་ཡོག་ཏུ་བསྡད་ནས་རྒྱ་གཞུང་ལ་ཁ་གཏད་བཅག་པ་ལས་སྔོན་མ་བཞིན་ཁོ་རང་ཉིད་ཀྱི་ཕ་ཡུལ་ཤན་ཏུང་ངམ་ཡང་ན་པེ་ཅིན་དུ་ཡོད་སྐབས་རྒྱ་གཞུང་གི་ལྡོག་ཟླར་ལངས་པ་དེ་ལྡབ་འགྱུར་གྱིས་ནུས་ཤུགས་ཆེ་བ་ཡོད།

གང་ལྟར། མོ་ཡན་གྱི་གནས་སྟངས་དེ་འདྲའི་འོག་ཏུ་འཕྲོད་བསྟེན་བདེ་ཐང་གི་སྐད་ཆ་བཤད་བཞིན་པ་དེར་གནད་དོན་ཅི་ཞིག་ཡོད་སྲིད་དམ། དམར་ཤོག་གཞུང་ལ་མཚོན་ན་རང་ཉིད་ཀྱི་ཁ་གཏད་གཅོག་མཁན་དག་སྨན་བཅོས་སོགས་མིང་འདྲ་མིན་ལ་ཁ་གཡར་ནས་ཕྱི་རྒྱལ་ཁག་ཏུ་རྒྱང་ཕུད་བཏང་དང་གཏོང་བར་ཐབས་ཤེས་འཛོམས་པོ་ཡོད། དཔེར་ན། ཕྱི་ལོ་ ༡༩༩༠ ལོར་རྒྱ་ནག་གི་དངོས་ཁམས་རིག་པ་བ་སྐུ་ཞབས་སྤང་ལས་གྲི་ཡང་རྒྱ་གཞུང་གི་འཕྲོད་བསྟེན་སྨན་བཅོས་ཀྱི་ཆ་རྐྱེན་འོག་ཨིན་ལན་དུ་བཏང་། (སྐབས་དེར་རྒྱ་གཞུང་གིས་དངོས་ཁམས་རིག་པ་བ་ཁོང་ཨ་རིར་མ་ཕྱིན་གོང་ངེས་པར་དུ་རྒྱལ་ཁབ་གསུམ་པ་ཞིག་ཏུ་ཟླ་དྲུག་རིང་དུ་འགྲོ་དགོས་པར་བཤད་ཡོད།) གང་ལྟར། དོན་དངོས་ཐོག་ཕྱི་རྒྱལ་ཁག་ཏུ་སྨན་བཅོས་ཀྱི་གན་རྒྱའི་འོག་ཏུ་གཏོང་བཞིན་པ་དེ་དམར་ཤོག་པ་ཚོས་མི་སྣ་གལ་ཆེན་དེ་དག་ཕྱིར་ཕུད་གཏོང་ཐབས་དང་རྒྱལ་སྤྱིའི་སྤྱི་ཚོགས་སུ་རང་ཉིད་ཀྱི་སྣང་བརྙན་སླར་གསོ་བྱེད་ཐབས་ཙམ་མོ།།

དོན་ངོ་མར་དངོས་ཁམས་རིག་པ་བ་སྤང་ཡན་ལ་འཕྲོད་བསྟེན་གྱི་དཀའ་ངལ་གང་ཡང་མེད་ནའང་། ཁོ་རང་དབང་མེད་པར་དམར་གཞུང་གི་བཀོད་ཐབས་འོག་ཏུ་མི་འགྲོ་ཐབས་མེད་བྱུང་བ་རེད། དེར་བརྟེན། མོ་ཡན་གྱིས་གཏམ་བཤད་ནང་དུ་ལོས་ཞོ་པོ་ཡི་འཕྲོད་བསྟེན་སྐོར་ཡང་ཡང་གླེང་བ་དེས་རྒྱ་གཞུང་གིས་སྲིད་བྱུས་གང་ཞིག་མཚོན་བཞིན་པ་མིན་ནམ། ཡང་ན་དམར་ཤོག་དཔོན་རིགས་ཚོས་འཕྲོད་བསྟེན་གྱི་གནད་དོན་དེ་མོ་ཡན་གྱི་གཏམ་བཤད་ནང་དུ་མཁོ་སྤྲོད་བྱས་པ་མིན་ནམ་སྙམ། གང་ཡིན་ཟེར་ན་ཁོ་ཚོར་ལོས་ཞོ་པོ་ཡང་རྒྱ་མི་བཙན་བྱོལ་བ་གཞན་དག་དང་འདྲ་བར་རྒྱ་ནག་ལས་རྒྱང་ཕུད་གཏོང་འདོད་ཏན་ཏན་ཡོད་ངེས་ཡིན།

ཕྱིའི་རྣམ་པར་རྒྱ་ནག་གི་དྲ་རྒྱ་དོ་དམ་པས་མོ་ཡན་གྱི་གཏམ་བཤད་དག་ནང་ཁུལ་གྱི་དྲ་རྒྱ་ཁག་ལས་ནག་བསུབ་གཏོང་དོན་ཡང་གནད་དོན་གཙོ་བོ་དེ་ཁོའི་འགྲེལ་བཤད་ཁྲོད་ཀྱི་ལོས་ཞོ་པོའི་སྐོར་དང་འབྲེལ་བ་དམ་ཟབ་ཡོད། གཟུགས་པོ་བདེ་ཐང་ངང་གློད་གྲོལ་ཐོབ་ཐབས་ཞེས་པ་དེ་ནི་ཚིག་གི་རོལ་རྩེད་ཙམ་དེ་གནད་དོན་དེའི་རྒྱབ་ཕྱོགས་སུ་སྲིད་བྱུས་ནག་པོ་ཞིག་གི་དགོས་མཁོ་སྦས་ཡོད། གལ་སྲིོད་ལོས་ཞོ་པོ་ཆ་རྐྱེན་དེ་འདྲའི་འོག་ཏུ་གློད་གྲོལ་ཐོབ་ཚེ་ཡུལ་གྱར་བ་ཁོང་མཁོ་སྤྲོད་བྱེད་ས་རྒྱལ་སྤྱིའི་འགྲོ་བ་མིའི་སྡེ་ཚན་ཁག་ཡིན་མོད། འོན་ཀྱང་། སྐབས་དེར་རྒྱལ་ཁ་དང་ཆེ་མཐོང་དངོས་ཐོབ་ས་དེ་ནི་རྒྱ་གཞུང་དག་བློ་ཐག་ཉེ་བའི་ནོར་བྷེལ་རྩོམ་རིག་པ་མོ་ཡན་ཡིན་ངེས།
དེ་རིང་གི་རྒྱ་ནག་དམར་ཤོག་ནང་ཁུལ་དང་ཕྱི་རྒྱལ་དུ་སྡོད་པའི་རྒྱ་མི་རྩོམ་པ་བོ་དག་ལ་མཚོན་ན། ཁོ་ཚོས་ངེས་པར་དུ་རང་ཉིད་རྒྱ་གཞུང་གི་དབང་འཛིན་པ་དང་འབྲེལ་ལམ་ཇི་འདྲ་ཞིག་འཛིན་མིན་ལ་ཐག་གཅོད་ནན་མོ་བྱེད་དགོས། དེ་ལྟ་བུའི་གཡོལ་ཐབས་མེད་པའི་གནད་དོན་དེའི་འོག་ཏུ་ཚོང་ལས་དང་དཔལ་འབྱོར་གྱི་ཁེ་ཕན། ད་དུང་སྲིད་དོན་གྱི་དབང་ཤུག་སོགས་གནད་དོན་ཧ་ཅང་མང་བོ་ཞིག་ཚུད་ཡོད། སྲིད་དོན་གྱི་རྙོག་འཛིངས་དེ་ལྟ་བུའི་འོག་ཏུ་ལོས་ཞོ་པོ་ལགས་ཀྱི་འདེམས་ཁ་ནི་ཁྱད་དུ་འཕགས་ཤིང་མོ་ཡན་གྱི་ལངས་ཕྱོགས་ནི་ཆེས་སྤྱིར་བཏང་བ་ཙམ་ལས་མ་འདས། འོན་ཀྱང་། ཕྱི་ཕྱོགས་སུ་བདེ་འཇགས་ངང་བསྡད་ནས་ཡོད་པའི་ཞིབ་འཇུག་པ་ཁྱོད་དང་ང་ལྟ་བུ་ལ་མཚོན་ན་མོ་ཡན་གྱིས་ངེས་པར་དུ་ལོས་ཞོ་པོ་བཞིན་ཉེན་ཁ་ཡོད་ཚད་ལ་གདོང་ལེན་བྱེད་དགོས་པར་འདོད་པའི་བསམ་ཚུལ་འདི་རིགས་གཅིག་བྱས་ན་ནོར་འཁྲུལ་ཡིན་ཡང་སྲིད། དེ་ལྟ་མོད་ཀྱི་ལོས་ཞོ་པོ་དང་མོ་ཡན་གཉིས་ཀྱི་ཕན་ཚུན་དབྱེ་བ་མ་ཤེས་པར་མཉམ་དུ་བསྡུར་བ་ནི་དེ་ལས་ཀྱང་ཆེ་བའི་ནོར་འཁྲུལ་ཡིན་ནོ།།

རྫོགས།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གཟེངས་རྟགས་དེ་རྩོམ་པ་པོ་འདི་ལ་ཐོབ་འོས་སམ།(མཐའ་མ)

  1. ཀླུ་སྨྱོན་ ནས།

    ཆབ་སྲིད་པ་ཚོའི་ཧམ་སེམས་ཚང་མ་མདོར་བསྡུས་ན། ཁོ་ཚོའི་མིག་ལམ་གྱི་སྒོར་མོ་ཡོད་མཁན་དང་སྨྱུ་གུ་ཐོགས་མཁན། དབང་ཆ་ཡོད་མཁན་གྱི་མི་ཚང་མ་ཆབ་སྲིད་པ་བྱེད་དགོས་པ་དེའོ།།

Write a Reply or Comment

Your email address will not be published. Required fields are marked *

*