གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(བཞི་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

མཐའ་མའི་ཚིག་རྐང་གཉིས་ཀྱིས་སྙན་ངག་པའི་བརྗོད་སྙིང་བསྟན་པ་ནི། སྙན་ངག་ཁྲོད་ཀྱི་བདག་གི་ཡབ་མེས་རྣམ་གནའ་སྔ་མོ་ནས་བཟུང་རང་གི་རིག་གཞུང་གི་ཁྲོད་ནས་རྙེད་པའི་རིན་ཆེན་མགུལ་རྒྱན་གྱིས་ཡོངས་སུ་སྤུད་པར་སོང་། ཁོང་ཅག་གི་རླབས་ཆེ་བའི་རྒྱལ་ཁ་ཡོད་ཚད་གཞན་ལ་ངོམ་སོ་བྱེད་དགོས་དོན་མེད་པ་དེ་ལ། བོད་ནི་གནའ་རབས་ཀྱི་རིག་གཞུང་ཕྱུག་པོ་ཡོད་པའི་མཚོན་བྱེད་དུ་འགོད་པ་འདི་ཡིས་བོད་མི་མང་པོ་ཞིག་ལ་ཁོང་ཚོ་བོད་མི་རུ་སྐྱེས་པར་ངོ་གནོངས་མི་དགོས་པའི་འདུ་ཤེས་སློང་བ་དང་། སེམས་ཀྱི་གནས་བབས་འདིའི་སྐོར་ལ་ཧྥི་རན་ཁྲི་རྫི ཧྥེ་ནོན་(Frantz Fanon)ཡིས་སྡོམ་བརྒྱབ་ཡོད་དེ། ཁོང་གིས་ཕལ་ཆེར་སྣང་མེད་ཀྱི་སྒོ་ནས་ཕ་ས་ཕ་ཡུལ་གྱི་ཤེས་ཡོན་པ་དག་གིས་གཅིག་བྱས་ན། བོད་རང་གི་མཁས་པ་ཚོས་བསམ་བཞིན་དུ་མིན་པར་དེ་རིང་གི་ལོ་རྒྱུས་ཀྱི་བསམ་སྤྱོད་རྒོད་པོ་དེ་ཁྱད་མཚར་དུ་མ་བརྩིས་པར། ལོ་རྒྱུས་ལ་ཁ་ཕྱིར་བསློགས་ནས་དེའི་གཏིང་ཟབ་ས་ལ་འཛུལ་རྒྱུ་ཐག་བཅད་ཅིང་། འདས་པ་ནི་ངོ་ཚ་དགོས་བ་དང་སྨད་དགོས་བ་དེ་འདྲ་མ་ཡིན་པར་། ཆེ་མཐོང་དང་སྙན་གྲགས། ཡང་དག་པ་བཅས་ཀྱིས་གྲུབ་པ་ཞིག་ཡིན་པ་དེ་རྙེད་སོན་བྱུང་ཡོད།

འདས་བའང་ང་རྒྱལ་གྱི་འབྱུང་ཁུངས་སུ་བརྩི་སྟེ་ཡི་དམ་ཚེ་རིང་གིས་ལན་ཟློག་པ་ཞེས་པའི་ནང་བོད་ཀྱི་རིག་གཞུང་འཛམ་གླིང་གི་ཁྱད་དུ་འཕགས་པའི་རིག་གཞུང་དག་འདྲ་མཚུངས་བྱས་ཡོད་ལ། དེ་བས་ཁོང་གིས་ནང་འདྲེན་རིག་གནས་དང་ལེན་མི་བྱེད་པ་དང་རང་གི་རིག་གཞུང་རྒྱུད་འཛིན་བྱེད་དགོས་པར་སྐུལ་མ་གནང་ཡོད་དེ།
ཡ་མ་གཙང་པོས་ཧིན་རྡུའི་གནའ་གླུར་རྔམ་ཟིལ་སྦྱིན་པར་བདག་གིས་བསྟོད། །
ཉི་ལོ་གཙང་པོས་ཞག་སྟོང་མཚན་གཅིག་ཟེར་འོད་བསྡུས་པར་བདག་སྨོན་ཡང་། །
རང་གི་སྐྱེ་ཡུམ་མཆོག་ལ་གཏམ་ངན་ཚིག་ཚོགས་ཁ་རུ་མི་འབྱིན་སྟེ། །
རྨ་འབྲི་གཙང་པོས་གླིང་སྒྲུང་གེ་སར་དཔལ་ཡོན་འཇིག་རྟེན་འདིར་སྦྱིན་ནོ། །

མི་རིགས་སོ་སོའི་དཔལ་ཡོན་ལོ་རྒྱུས་སྟེང་ཕྱོགས་ལྷ་ཡིས་གནང་པ་མིན། །
ང་ཡི་འོས་འགན་གཞན་གྱི་རྒྱན་ཆས་བདག་གི་མ་ཡུམ་སྤྲས་མིན་ཏེ། །
ཨ་མའི་ནུ་ཞོ་སྙན་ཚིག་འབྲི་བའི་བློ་གྲོས་བསྒྱུར་པ་དེ་ལགས་སོ། །
(སྙན་ངག་ཧྲིལ་བོ་འདི་བཙན་པོའི་ཕོ་ཉ་ཡིས་བསྒྱུར་འདུག་པ་འདིར་དྲངས་བ་ཡིན།) སྙན་ངག་ཧྲིལ་བོ་མི་རིགས་དང་ཡབ་མེས་ལྟ་བུའི་ཚིག་གིས་འཁྲུག་ཆ་དོད་པོའི་སྣང་བརྙན་བཞེངས་སྐྲུན་བྱས་པ་དང་ངོ་མཚར་བའི་འབོད་པ་ཅན་གྱི་ཚིག་གྲུབ་བཅས་བེད་སྤྱོད་བྱས་པ་ལ་བརྟེན་ནས་བརྗིད་ཉམས་དང་སྤྲོ་དགའ་ཡི་རྣམ་པར་བྲིས་ཡོད་ལ། འདིར་ཡང་ཚིག་རྐང་མཐའ་མ་གཉིས་ཀྱིས་རྩོམ་པ་པོའི་བསམ་བློ་བསྒྲགས་ཡོད་དེ། ཡི་དམ་ཚེ་རིང་གིས་རྒྱ་ནག་གིས་བོད་ལ་འཁྱེར་ཡོང་བའི་དེང་རབས་ཅན་དེ་ངོས་ལེན་མི་བྱེད་པར་དེ་ཡི་ཚབ་ཏུ་སོ་སོའི་སྲོལ་རྒྱུན་རིག་གཞུང་ཡར་སློང་བར་འབོད་པ་གཏོང་བ་ལྟ་བུ་ཞིག་བཟོས་པ་དང་། སྙན་ངག་གཞན་ཞིག་གི་ཚིག་རྐང་མཐའ་མའི་ནང་དུའང་དགག་སྒྲུབ་བྱེད་ཚུལ་གཅིག་མཚུངས་བྱུང་ཡོད་དེ། ཚོན་གྱིས་སྤུད་པའི་སྤྲི་གོར་ཡིས་ནི་ལྡིར་སྒྲོག་ལྟོ་བ་མི་འགྲང་ཞིང་།། ཧྲོབ་ཧྲོབ་རྩམ་པས་ཁྱོད་ཀྱི་སྨུག་པོ་ལུས་ལ་སྟོབས་ནི་རྫོགས་པར་བྱ།། ཞེས་ནས་འབྲུ་བརྔོས་མས་བཟོས་པའི་རྩམ་པ་ནི་བོད་མིའི་རྒྱུན་ཟས་ཡིན་ལ། སྙན་ངག་པས་བོད་པ་རང་ཉིད་ཀྱི་བྱེ་བྲག་གི་ཆ་ལག་དེ་ཉིད་གཙིགས་སུ་བཟུང་བ་དང་། རང་གི་ཕ་ས་ཕ་ཡུལ་གྱི་བྱ་དངོས་བཀོལ་སྤྱོད་ནན་གྱིས་བསྐྱར་ཟློས་བྱས་པ་འདི་ཡིས་གཞན་གྱི་ཧམ་འཛུལ་ལ་ངོ་རྒོལ་གྱི་ང་རོ་ཡིས་མཚོན་པའི་རང་ལ་སྟོབས་ཤུགས་གསར་བ་ཞིག་རྒྱས་པར་བྱས་པ་རེད།

ཡི་དམ་ཚེ་རིང་གི་སྙན་ངག་དག་ཁོང་གི་རིག་གནས་དཔེ་མཚོན་འཚོལ་ཞིབ་འདུ་ཤེས་ཀྱིས་ཡོངས་སུ་ཁེངས་ཤིང་། རང་གི་རིག་གཞུང་གི་ཆུ་མཛོད་རྔམ་འཐུང་བྱེད་པ་བརྒྱུད་ནས་ཁོང་གིས་མི་ཞིག་གིས་རང་གི་ངོ་རྟགས་དག་སྐྱེལ་བྱེད་པ་ཙམ་མིན་པར་མི་དམངས་ཀྱི་རྣམ་དཔྱོད་དང་ཡོངས་ཁྱབ་རང་བཞིན་རྒྱུན་འཁྱོང་བྱ་དགོས་ཞེས་དགག་སྒྲུབ་བྱེད་པ་དང་། ང་ཚོའི་མེས་རྒྱལ་དང་ང་ཚོའི་ཡབ་མེས་ལྟ་བུའི་བརྡ་ཆད་བཀོལ་སྤྱོད་བྱས་པ་བརྒྱུད་ནས་ཡི་དམ་ཚེ་རིང་གིས་བོད་མི་ཚོའི་རང་གི་རིག་གཞུང་དང་སྲོལ་རྒྱུན་གྱི་གདེང་སྤོབས་བསྐྱར་གསོ་དང་ཁོང་གིས་དེ་ལྟར་གཞན་ལ་རྩོད་གླེང་བྱེད་པའི་སྐབས་སུའང་རིག་གཞུང་དང་སྲོལ་རྒྱུན་དེ་ཤེས་རྟོགས་བྱེད་ཐབས་བྱེད་ཀྱིན་ཡོད། མི་རིགས་རིང་ལུགས་ཀྱི་འདུ་ཤེས་འདི་ལྟ་བུ་ནི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ལོ་རྒྱུས་ཤིག་ལ་བཟོད་སྒོམ་བྱེད་ཀྱིན་པའི་མི་གཞན་དང་གཞན་གྱི་རྩོམ་རིགས་ཀྱི་ཁྲོད་ནས་ཀྱང་མཐོང་བཏུབ་ཅིང་། ཡི་དམ་ཚེ་རིང་ཁོང་དེ་ཡིས་ཡིད་ཚིམ་ཡོད་མེད་ཇི་ལྟར་ཡང་ཁོས་མི་རིགས་རིང་ལུགས་ཀྱི་གདང་དབྱངས་དེའི་ཁྲོད་འབྲི་དུས་བོད་མི་ཀློག་པ་པོ་རྣམས་དང་ལྷན་དུ་འབྲེལ་བ་སྔར་ལས་ཇེ་བརྟན་དུ་སོང་ཡོད།

དགོད་བྲོ་བ་ཞིག་ལ་མི་རབས་ཐོག་མ་འདིས་རང་གི་རིག་གཞུང་ཁྱབ་ཁོངས་དང་ཁ་ཐག་ཉེ་བའི་དན་རྟགས་ཤིག་ཚོར་བའི་སྐབས་ཐོག་དེར་ཡང་ཁོང་ཚོའི་རིག་གཞུང་གི་ངོ་རྟགས་བོད་དང་འབྲེལ་བ་དང་ཆབ་སྲིད་ཀྱི་ཤ་ཞེན་རྒྱ་ནག་ལ་ཡོད་ཙང་ཁོང་ཚོས་རྒྱ་ནག་ལ་བཅིངས་པའི་ཡིད་ཆེས་སོར་གནས་བྱས་འདུག རྒྱ་ནག་གི་ཡུལ་བབ་སྲིད་བྱུས་ཤིག་ལ་གཏོགས་པའི་བསམ་བློ་འདི་ནི་ཁོང་ཚོའི་འཚར་ལོངས་ཀྱི་རྒྱུད་རིམ་ཁྲོད་ནས་ཡར་བསླངས་པ་དང་། ཁོང་ཚོ་ནི་རྒྱ་ནག་གིས་རང་ཉིད་ཇི་ལྟར་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་པ་རང་ཉིད་ཀྱི་མིག་གིས་མཐོང་བའི་མི་རབས་དེ་ཡིན་ལ། ཁོང་ཚོས་མི་སེར་སྲིད་གཞུང་ཡོངས་རྫོགས་དང་དམར་ཤོག་ཚོགས་པའི་འཕེལ་རིམ་བཅས་ཀྱི་ཉམས་མྱོང་བླངས་ཡོད་པ་དང་། ཆབ་སྲིད་ཀྱི་གཅིག་གྱུར་རང་བཞིན་གྱི་ནང་དོན་འདི་ཡིས་ཁོང་ཚོས་རང་ཉིད་རྒྱ་ནག་གི་ལོ་རྒྱུས་ཀྱི་ཆ་ཤས་ཁོ་ན་མ་ཡིན་པར་བོད་གསར་པ་འཛུག་བསྐྲུན་མཁན་དུ་ཚོར་གྱིན་ཡོད། དམར་ཤོག་ཚོགས་པས་ཁོང་ཚོ་ལ་དེ་ལས་ལྷག་པའི་དྲང་བདེན་གྱི་འཇིག་རྟེན་ཞིག་གི་དམ་བཅའ་དང་སློབ་གསོ་ཡིས་སྐུལ་འདེད་བྱས་ཤིང་། ཆུང་དུས་ནས་སྡུག་རྩུབ་ཅན་གྱི་ཉམ་ཐག་གི་མི་ཚེ་ཞིག་བརྒྱུད་ནས་ཡོང་བའི་བོད་པ་ཤེས་ཡོན་ཅན་གྱི་མི་རབས་ཐོག་མ་འདིས་དམར་ཤོག་རིང་ལུགས་པ་དག་བསླེབས་ནས་མི་དམངས་མང་པོར་སློབ་གསོ་ཐོབ་སྲིད་པ་དང་གྲལ་རིམ་གྱི་དབྱེ་བ་རྩ་མེད་བཟོ་བ་བཅས་ལ་དགའ་བསུ་བྱས་པ་རེད། ཁོང་ཚོར་སྤྲད་པའི་སློབ་གསོ་དེ་ཕྱོགས་གཞན་ནས་ཁོང་ཚོ་རང་གི་སྤྱི་ཚོགས་ནང་ཐོབ་མི་ཐུབ་པའི་གནས་བབས་ཤིག་ཆགས་ཡོད་ལ། དེ་ཡང་རྒྱ་ཡིག་ནང་འབྲི་མཁན་གྱི་བོད་པ་ཐོག་མ་ཁོང་ཚོ་ཁོནའི་ཆེད་དུ་མ་ཡིན་པར། ཁོང་ཚོས་དེང་རབས་བོད་ཀྱི་ཤེས་ཡོན་ཅན་གྱི་རིགས་གསར་བ་ཞིག་མཚོན་ཡོད་ཅིང་། ཁོང་ཅག་གི་མྱོང་བས་བསླངས་པའི་འདུ་ཤེས་དེ་ནི་དམར་ཤོག་གི་གྲངས་ཉུང་མི་རིགས་དག་གི་ཁྲོད་ཕྱི་དངོས་པོའི་འཕེལ་རྒྱས་དང་བཅོས་བསྒྱུར་བསླངས་པར་ཡིད་ཆེས་དང་བཀའ་དྲིན་རྗེས་དྲན་གྱི་ཚོར་བ་གཏིང་ཟབ་མོ་ཞིག་གོ

འགའ་ཞིག་གིས་གང་ལྟར་ཡང་ག་ལེར་བོད་པ་ཚོར་ལྟ་སྟངས་འདྲ་མཉམ་མིན་པ་ཤེས་རྟོགས་བྱུང་རྗེས་དམར་ཤོག་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་དེ་མཚམས་བཞག་འདུག དཔེར་ན། མི་མང་སློབ་གསོ་ཟེར་བ་ཞིག་བསྐྲུན་པ་རེད་དེ་བོད་པ་ཚོས་རྗེས་ནས་མི་རབས་གསར་པ་དག་གིས་ཁོང་ཚོའི་མ་སྐད་བརྗེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་བ་རེད། ཐག་རིང་གི་ས་ཁུལ་ཁག་ཅིག་ཁོ་ནར་སློབ་གྲྭའི་ནང་རྒྱ་ཡིག་བསླབས་པ་རེད། དེ་བཞིན་བོད་པ་ཚོས་དམར་ཤོག་དྲིན་ཆེན་དུ་ཚོར་བཞིན་དུ་ཡང་མངོན་སུམ་གསལ་རྟོགས་ཀྱི་སྣང་བ་ཞིག་ཀྱང་མངོན་ཡོང་གིན་ཡོད། དབང་ཆའི་ཁྲོད་དམའ་འབེབ་བྱེད་པ་དང་རྒྱ་མི་དག་གིས་བོད་པ་ཚོ་གྲལ་རིམ་འབྲིང་བ་ལྟ་བུར་ལྟ་བའི་འདུ་ཤེས་ཁྱབ་གདལ་སོང་བ་བཅས་ཤེས་རྟོགས་ཀྱིས་བོད་མི་རྒན་རབས་ཚོར་ཡིད་ཆེས་མེད་པ་དང་ཁོང་ཚོའི་མིག་དཔེ་དག་ཉམས་རྒུད་དུ་འགྲོ་བར་ཚོར་བ་བཅས་ཀྱི་རྐྱེན་བསླངས་པ་རེད།
སྤྱི་ལོ་༡༩༦༠སྟོད་དུ་ཡི་དམ་ཚེ་རིང་གིས་ང་ཚོ་ནི་རང་གི་དུས་རབས་ཀྱི་བདག་པོ་ཡིན་ཞེས་པ་བྲིས་པའི་སྐབས་ཀྱི་གཞོན་སྐྱེས་ཚོའི་ལྷག་བསམ་དེ་ལྟ་བུ་ཁོང་གི་དེའི་རྗེས་ཀྱི་བརྩམས་ཆོས་དག་གི་ཁྲོད་མི་མཐོང་། བོད་མི་ཚོ་དུས་རྒྱུན་མཐའ་ཟུར་བྱེད་པའི་གོ་རྟོགས་ཤིག་འཕེལ་བ་དང་། རྨོངས་སེལ་འདི་ཡིས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཞིག་གི་ཆ་ཤས་དང་ཟློག་ཏུ་མེད་པར་བདེན་དཔང་བྱེད་པའི་གྲུབ་འབྲས་ཐོན་ལ། ཤེས་ཡོན་ཅན་མང་པོ་ཞིག་གིས་ཁོང་ཚོའི་དུས་རབས་ཀྱི་བདག་པོའམ་གནོད་འཚེ་ཕོག་ཡུལ་གཉིས་ཀ་བྱེད་དགོས་པ་ནི་མཚན་གུང་གི་བྱིས་པ་ཚོའི་ཁེ་དབང་དང་དམོད་པ་རེད་ཅེས་པ་དེ་ཚོར་ཞིང་། སལ་མན་ ར་ཤི་སྒྲི་ཡི་མཚན་གུང་གི་བྱིས་ཚོ་ཡི་དཔྱད་གཏམ་འདི་ཡིས་ད་ལྟའི་བོད་མི་རྒན་པ་དག་གི་གནས་སྟངས་སྙིང་བསྡུས་བྱས་འདུག ཁོང་ཚོ་ནི་འཇིག་རྟེན་རྙིང་པ་ཉམས་རྒུད་དུ་ཕྱིན་ཏེ་འགྲོ་ལུགས་གསར་པ་ཞིག་མངོན་ཡོང་གིན་པའི་སྐབས་སུ་སྐྱེས་པ་རེད། ཁོང་ཚོའི་མི་ཚེ་ནི་ཕུལ་བྱུང་དང་གནོད་འཚེ་ཕོག་པ་གཉིས་ཀའི་བསྡུས་གཟུགས་ཤིག་རེད།

སྐབས་དེར་ངེས་ཤེས་འདི་ཡིས་བོད་པ་སྙན་ངག་པ་དང་ཤེས་ཡོན་ཅན་འགའ་ཤས་ལ་ལམ་མི་འདྲ་བ་ཞིག་ཕྱེས་པ་རེད། ཡི་དམ་ཚེ་རིང་ལ་མཚོན་ན་ཁོང་གི་ཕམ་ཉེས་ཀྱིས་ཁོས་ཅི་ཞིག་ཏུ་མཐོང་བའི་རྒྱ་ནག་གི་འཛིན་སྟངས་དེ་ལ་ངོ་རྒོལ་གྱིས་འབྲི་རྩོམ་བྱེད་པར་བགྱིས་ལ། ཁོང་གི་མིང་བརྡ་དག་གིས་སྡུག་བསྔལ་ཞིག་བརྗོད་ཡོད་པ་དང་། དེ་ཡང་ཁོང་གི་བོར་བརླག་ལ་ཞུ་འབོད་དང་གསོ་ཐབས་ཤིག་འཚོལ་སྙེག་དབར་གྱི་སྤྱི་ཚོགས་གནས་བབས་ཀྱི་སྦུབས་སུ་འཛུད་ཡོད། ཁོང་གི་ཡོངས་གྲགས་ཀྱི་ངོས་འཛིན་དེའི་སྙིང་སྟོབས་ཀྱིས་ཁོང་གི་རིག་གཞུང་ལ་ང་རྒྱལ་བསྐྱེད་པ་ནི་ཧྥེ་ནོན་གྱིས་སྙིང་བསྡུས་བྱས་དོན་ལྟར་ཨ་ཧྥེ་རི་ཁའི་རྩོམ་པ་པོ་ཚོའི་ཁྲོད་བྱུང་བ་དང་འདྲ་མཚུངས་ཡིན་འདུག་སྟེ། མི་ནག་དག་མི་རིགས་དཀར་པོས་དབང་བསྒྱུར་བྱས་པ་ནས་དེ་འདྲའི་སྐྱོ་བོ་ཞིག་གཏན་ནས་བྱས་མེད། ཁོང་ཚོས་རང་ཉིད་ལ་རིག་གཞུང་ཡོད་པ་དང་རིག་གཞུང་ཅན་གྱི་མི་ཞིག་ལྟར་བྱེད་རྒྱུ་ཐག་བཅད་པ་ནས་ལོ་རྒྱུས་ཀྱིས་རང་ཉིད་ལ་ཁ་གསལ་གཏིང་གསལ་གྱི་ལམ་ཞིག་བསྟན་ཡོད་པ་ཤེས་རྟོགས་བྱུང་ཞིང་། ཁོང་ཚོས་ངེས་བར་དུ་མི་ནག་གི་རིག་གཞུང་ཞིག་གསོན་ཡོད་པ་ར་སྤྲོད་བྱེད་དགོས་ཞེས་པ་ལྟར་རོ།། མི་སེར་སྤེལ་ཡུལ་ལ་ངོ་རྒོལ་བྱེད་པའི་འགོ་སྟོད་ཀྱི་ཨ་ཧྥེ་རི་ཁའི་རྩོམ་པ་པོ་དག་ལྟར་ཡི་དམ་ཚེ་རིང་གིས་བོད་མི་དག་ཀླ་ཀློ་རེད་བྱས་ཙང་རིག་གཞུང་ཡོད་མ་རེད་སྙམ་པའི་སྔོན་ཚུད་ཀྱི་ཡིད་ཆེས་དེ་ཡི་ཁ་གཏད་དུ་བཞེངས་ཤིང་། དམར་ཤོག་ཁག་གིས་སློབ་སྦྱོང་སྤྲད་དེ་གསོ་སྐྱོང་བྱས་ཀྱང་ཁོས་དེ་ལྟ་ནའང་རང་གིི་རིག་གཞུང་དང་རིན་ཐང་དག་གི་བདག་དབང་བསྐྱར་རྩོད་གནང་ཡོད་ལ། འདི་ལྟ་བུའི་འདི་ཤེས་ཀྱི་ཀློང་དུ་ཡི་དམ་ཚེ་རིང་མཆོག་ཁོང་གི་དུས་རབས་ཀྱི་ཕྱི་རོལ་ཏུ་འགྲེང་ཤིང་། ཁོང་གི་རྩོམ་རིག་གི་ངོ་ལོག་གི་རྣམ་པ་དེའི་ནང་དུའང་རྩོམ་པ་པོས་ཁོང་རང་ཉིད་ཀྱི་གནས་བབས་ཕྱིར་མཚོན་བྱས་པ་སྙན་ངག་པའི་ཐོག་མའི་མི་རབས་ཁྲོད་ཐུན་མོང་མ་ཡིན་པ་ཞིག་ཡིན།

བོད་ཀྱི་གཞོན་སྐྱེས་སྙན་ངག་པ་དག་ནི་ཕལ་ཆེ་བ་རིག་གནས་གསར་བརྗེ་ཡི་རྗེས་སོར་སྐྱེས་པ་རེད་ལ། མི་རབས་རྒན་པ་དག་གིས་གདོང་ལེན་བྱས་པའི་ཆབ་སྲིད་ལས་འགུལ་གང་རུང་ཞིག་ཀྱང་མ་མྱངས། མི་རབས་རྒན་པ་ཚོས་དང་ཐོག་དམར་ཤོག་ཆེད་དུ་གསར་བརྗེའི་སྙན་ངག་བྲིས་ཤིང་གཏིང་སོར་ཆབ་སྲིད་དང་འབྲེལ་མེད་ཀྱི་བརྩམས་ཆོས་སྤེལ་བའི་འགོ་བཟུང་བ་རེད། བོད་ཀྱི་གཞོན་སྐྱེས་སྙན་ངག་པ་མང་ཤོས་ཀྱིས་སྤྱི་ལོ་༡༩༨༠ལོའི་དཀྱིལ་ནས་འབྲི་འགོ་བཙུགས་པ་དང་ཁོང་ཚོར་ལྟོས་འཇོག་གིས་རང་དབང་ཡོད་པ་རེད། མི་རབས་རྒན་པ་རྣམ་དང་མི་འདྲ་བར་གཞོན་སྐྱེས་སྙན་ངག་པ་ཚོར་ཆབ་སྲིད་དང་ལོ་རྒྱུས་ཀྱི་ཁུར་བོ་ཞིག་ཀྱང་རྒྱབ་ཏུ་བཀལ་ཡོད་པ་རེད།

གཞོན་སྐྱེས་རྒྱ་ཡིག་གི་སྙན་ངག་པ་མང་ཤོས་གྲོང་ཁྱེར་ཁག་ཏུ་སློབ་གྲྭར་སོང་བ་དང་འགའ་ཤས་ཀྱི་ཨ་མ་བོད་པ་ཡིན་པ་ལ་ཨ་ཕའམ་སྤོ་བོ་རྣམས་སྤྱི་ལོ་༡༩༥༠སྟོད་དུ་བཅིངས་འགྲོལ་དམག་མི་བྱས་ཏེ་བོད་ལ་སླེབས་པ་དང་རྒན་ཡོལ་གྱིས་བོད་དུ་སྡོད་པའི་ཧན་མི་རིགས་དག་མཉམ་འདྲེས་གཉེན་སྒྲིག་བྱས་པའི་བུ་ཕྲུག་ཡིན་པས། བོད་ཀྱི་གྲོང་གསེབ་ཀྱི་མི་ཚེའི་མྱོང་བ་དེ་ཙམ་མེད། ཨ་མདོའི་སྙན་ངག་པ་གཞན་དག་སྟེ་སྐད་གཉིས་སློབ་གྲྭ་ཡོད་པའི་རེབ་གོང་སྡེ་བདུན་ནས་ཡིན་པ་དག་ནི་བོད་ཡིག་དང་རྒྱ་ཡིག་གི་འཛིན་གྲྭ་གང་དུ་གཏོང་མིན་ཕ་མའི་གདམ་ཀ་ལ་རགས་ལས་ཡོད།

སྐད་ཡིག་གི་འགོག་རྐྱེན་དེ་ནི་སློབ་ཕྲུག་རྣམས་སློབ་མཐར་ཕྱིན་ཏེ་ཕྱིར་ལོག་པའི་སྐབས་སུ་སྤྱི་ཚོགས་ཀྱིས་དང་ལེན་བྱེད་མིན་དང་སྙོམ་སྒྲིག་བྱེད་ཐུབ་མིན་གྱི་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་པ་དེ་ཡིན་ལ། ཁོང་ཚོས་རྒྱ་ཡིག་ནང་བྲིས་པས་བོད་ཀྱི་རྩོམ་འབྲིའི་ཁོར་ཡུག་ཏུ་རང་བཞིན་གྱིས་འཛེམ་པ་དང་། ཉེ་བའི་ལོ་འདི་དག་གི་ནང་གནས་བབ་དེ་བླ་ལྷག་གིས་ཇེ་ལེགས་སུ་ཕྱིན་ཡོད། འོན་ཏེ། བོད་པ་འགའ་ཤས་ཀྱིས་དེ་སྔོན་གྱི་སློབ་ཕྲུག་བོད་པའི་སྙན་ངག་པ་ཇི་བཞིན་པ་དག་ངོས་ལེན་བྱེད་འདོད་མེད་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད། དེ་ལས་ཀྱང་རྒྱ་རིགས་ཀྱི་ཁྲོད་ནས་འཚར་ལོངས་བྱུང་བ་དག་གི་ངོ་རྟགས་ཀྱི་སྟེང་ནས་དམིགས་བསལ་ཤུགས་རྐྱེན་སྣང་གིན་ཡོད་ལ། ཕྱོགས་མང་པོ་ཞིག་ནས་ཁོང་ཚོའི་བོད་པའི་རང་བཞིན་དེ་ལ་ཁོང་ཚོ་རང་གི་སྤྱི་ཚོགས་ནང་རྩོད་གླེང་འབྱུང་སྐབས་དེར་རྒྱ་རིགས་ཚོའི་ཁྲོད་དུའང་ཁོང་ཚོ་རང་ཉིད་བོད་པ་ཡིན་པ་དག་སྐྱེལ་བྱེད་དགོས་པར་ཐུག་ཡོད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(བཞི་བ)

  1. སྦྲ་རིགས་ཐོགས་མེད་ ནས།

    ཡི་དམ་ཚེ་རིང་གི་སྙན་ངག་ཀློག་ན་རྒྱ་ཡིག་རང་གི་ནང་དུ་ཀློག་རོགས། བོད་ཡིག་ཏུ་བསྒྱུར་བའི་ཁོང་གི་སྙན་ངག་ཡིན་ཟེརབ་ཁག་ནི་ཚིག་གི་སྡེབ་སྦྱོར་རྡོ་ཆག་བཙན་བསྒྲིག་བྱས་པ་ལྟ་བུ་ཞིག་ལས་མི་འདུག

    དེ་བཞིན་རྒྱ་ནག་གི་ཆུ་ངོགས་གཏམ་རྒྱུད་ཀློག་བཞིན་པ་འདྲ་བའི་དཔེ་བརྗོད་དེ་ཚོ་ནི་བོད་མི་དག་གིས་ཆུ་བོ་གངྒ་དང་གླང་ཆེན་དཔེར་བླངས་ནས་སྙན་ངག་བྲིས་པ་ལྟ་བུ་ཞིག་ལས་གཞན་ཅི་ཡང་མི་འདུག

    གང་ལྟར། ཁོང་གི་མི་རིགས་ཀྱི་གཅེས་སེམས་ལ་ཡི་རངས་བྱེད་འོས་པ་ཞིག་ཡིན་པ་ཁོང་གི་ལོ་རྒྱུས་ལས་མཐོང་།

  2. ཀླུ་སྨྱོན་ ནས།

    ཐོགས་མེད་ལགས་ཀྱིས་བཤད་པར་ངོས་ལེན་ཆ་ཚང་བ་ཞིག་མེད། ཨ་ལགས་དོར་ཞི་དང་སངས་རྒྱས་སོགས་ཀྱིས་བསྒྱུར་པའི་ཁོང་གི་སྙན་ངག་ལ་བྲོ་བ་དམིགས་བསལ་བ་ཞིག་ཡོད་ཅིང་། དེ་ནི་གཅིག་ནས་ཚིག་སྦྱོར་ཧ་ཅང་སྙན་མོ་ཡོད་པ་དང་། གཉིས་ནས་ཚིག་འབྲུ་རེ་རེའི་རྒྱབ་ཕྱོགས་དེར་བོད་མི་རིགས་ཀྱི་ཤ་གསེང་རུས་གསེང་ལ་ཐིམ་བསྡད་ཡོད་པའི་མི་ལོ་སྟོང་ཕྲག་མང་པོའི་སྲོལ་རྒྱུན་ནམ་བག་ཆགས་རྙིང་པས་བསྐྱེད་པའི་སྤྱི་ཚོགས་དང་མི་ཚེ། རང་བྱུང་ཁོར་ཡུག་དང་གནམ་གཤིས་སོགས་ལ་འཛིན་པའི་འདུ་ཤེས་དྲག་པོ་ཞིག་མེ་ལྕེ་བཞིན་འབར་གྱིན་ཡོད་པ་དང་། དེ་ཡང་ཉི་འོད་འོག་གི་མེ་ལྕེ་ལྟ་བུ་མ་ཡིན་པར་མུན་ནག་ཁྲོད་ཀྱི་མེ་ལྕེ་བཞིན་རང་གཞན་གཉིས་ཀའི་ངོ་གདོང་གསལ་བོར་མཐོང་ཐུབ་པ་ཞིག་ཡིན།

Write a Reply or Comment

Your email address will not be published. Required fields are marked *

*