གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(ལྔ་བ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ། གཡང་སྒྲོན་དོན་གྲུབ།

རྒྱ་མ་བོད་ཅེས་པའི་བརྡ་ཆད་འདི་དོན་ངོ་མར་མཐའ་མཚམས་ཀྱི་བོད་པ་ཚོར་ལབ་པ་ཡིན་ལ། ད་ལྟ་སྐབས་རེར་བོད་མི་འདྲེས་མ་དག་འགྲེལ་བརྗོད་བྱེད་པར་བཀོལ་བ་རེད། ཨ་མདོ་ཁུལ་དུ་བོད་སྡེ་ཁག་གི་ནང་རྒྱ་མི་གྲངས་མང་པོ་གནས་སྡོད་བྱས་པ་དག་གིས་ག་ལེར་རྒྱ་ནག་གི་སྐད་དང་གོམས་སྲོལ་རིགས་དར་སྤེལ་བྱེད་འགོ་བཙུགས་པ་དང་། སྡེ་པ་ཁ་ཤས་སུ་དཔེར་ན་བོད་མི་ཚོས་ད་དུང་ཡང་ནང་ཆོས་ཉམས་ལེན་བྱེད་མོད། རྒྱ་ནག་གི་མེས་པོར་མཆོད་འབུལ་བྱེད་པ་དང་གཤིན་ཆོག་ལྟ་བུའི་གོམས་སྲོལ་རིགས་དར་སྤེལ་བྱས་ཡོད་ཅིང་། ས་གནས་རྒྱ་མིའི་ཁ་སྐད་བོད་སྐད་དང་མཉམ་དུ་སྦྲགས་ཡོད། རྒྱ་མ་བོད་ཅེས་པའི་བརྡ་ཆད་འདི་བོད་པ་རྩོམ་པ་པོའི་སྡེ་པ་འདི་ལ་བེད་སྤྱོད་པ་ཡིས་ཁོང་ཚོའི་སོམ་ཉི་ཅན་གྱི་གོ་བབ་དེ་དང་རིག་གཞུང་གི་སྡེ་པ་ཕལ་བ་ཞིག་གི་ཛ་དྲག་གི་གནས་བབ་མཐོང་བ་རེད།

ཁོང་ཚོའི་བརྩམས་ཆོས་མི་རབས་རྒན་པ་ལས་ལོགས་སུ་དབྱེ་བ་འབྱེད་བྱེད་ཀྱི་ཁྱད་ཆོས་གཅིག་ནི་ཆབ་སྲིད་ཀྱི་དམ་དྲག་ལྷོད་དུ་ཕྱིན་ཏེ་མི་སྒེར་ལ་དབང་ཐོབ་པས་གཞོན་སྐྱེས་ཚོའི་སྙན་ངག་གི་ནང་དུ་ཁོང་ཚོའི་ཁོར་ཡུག་གི་སྒེར་གྱི་ལྟ་ཚུལ་གང་མང་མང་འཐིམ་ཡོད་པ་དེ་ཡིན་ལ། རང་རྟོག་གིས་ཕྱུག་པའི་བརྩམས་ཆོས་ཡག་ཤོས་ཤིག་ནི་ཨ་ལེ་ཡིས་བརྩམས་པའི་རི་རྒྱུད་དམ་བདག་ཉིད་ཀྱི་གླུ་ཞེས་པ་རང་རྟོག་གིས་རང་ཉིད་འཚོལ་ཞིབ་བགྱིས་པའི་སྐོར་བརྗོད་པ་དེ་རེད།
ང་ནི་རང་ཉིད་ལ་
ང་ནི་རང་ཉིད་ཀྱང་མ་ཡིན་
ང་ནི་རང་ཉིད་ཀྱི་གཅེན་པོ་ལ ང་ནི་རང་ཉིད་ཀྱི་དགའ་མ་
ང་རང་ཉིད་ཀྱི་བུ་ཕྲུག་དང་ ང་རང་ཉིད་ཀྱི་ཟུངས་ཁྲག་གི་འབྲེལ་བ་ཡོད་ཚད་
རྩ་བ་རི་ལ་ཟུག་པའི་ང་ཡི་ལུང་པའི་མི་
ང་ཡི་སྡེ་པའི་སྐྱིད་སྡུག་གཅིག་པའི་སྡེ་མི་དག་
ང་རང་ཉིད་ཡིན་པའི་སྐབས་དེར་ ངས་རང་ཉིད་ལ་ཨ་ཕས་གནང་པའི་མིང་གིས་འབོད་པར་བྱེད་
ང་རང་ཉིད་ཡིན་པའི་སྐབས་དེར་ བདག་མིང་ཨ་ལེ་ཡིན་
འདི་ནི་ལས་དབང་གིས་ང་ལ་ཕུལ་བའི་མིང་ཡིན་

སྙན་ངག་འདི་ཡིས་བོད་ཀྱི་ས་ཁམས་སྣ་ཚོགས་སུ་ཁེར་རྐྱང་ངང་འགྲུལ་བཞུད་བྱས་པ་བརྗོད་པ་དང་། ཨ་ལེ་ཡི་སྐད་བརྡའང་འཕྱོར་ཞིང་བདེ་ལ། བརྩམས་ཆོས་ཀྱི་ནང་དུ་ཁོང་གི་དངོས་མིང་བཀོལ་བ་ལ་བརྟེན་ནས་རྩོམ་པ་པོས་ང་ནི་སྙན་ངག་པ་ཁོང་རང་ཉིད་ཡིན་པ་ཤུགས་ཀྱིས་གོ་བར་བྱས་ཤིང་། (ཨ་ལེ་ཡིས་གང་ཟག་དང་པོས་བྱུང་རིམ་བརྗོད་པའི་སྐོར་ལ་ས་བཅད་བཅུ་བར་གཟིགས།) ང་ནི་རང་རྟོག་གི་བྱུང་རིམ་གྱི་དབྱིབས་རྣམ་ཞིག་མཐར་ཆགས་སུ་བགྲོ་བར་དགོས་ངེས་ཀྱི་ཡོ་ཆས་ཤིག་ཡིན་རུང་། ངས་བོད་པ་གཞོན་སྐྱེས་སྙན་ངག་པ་མང་ཤོས་ཀྱིས་རང་ཉིད་ཐུན་མོང་དུ་གྱུར་ཟིན་པའི་མི་མང་གི་སྤྱི་ཚོགས་ཤིག་དང་རིག་གཞུང་ཞིག ལོ་རྒྱུས་ཤིག་བཅས་ཀྱི་ཁྲོད་དུ་རང་ཉིད་འགྲེལ་བརྗོད་བྱེད་ཀྱིན་པར་ཡིད་ཆེས་བྱེད་ཀྱིན་ཡོད་ལ། དེ་ལྟར་ཁོང་ཚོས་རང་ཉིད་བོད་མི་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱིན་ཡོད། ཡིད་ལ་འཆར་བའི་རྗེས་མཐུན་གྱི་སྣང་བརྙན་འདི་ནི་ཁོང་ཚོས་བོད་ནི་རང་གི་གནས་ཡུལ་ངོ་མར་ཁུངས་གཏུགས་པ་དེ་ཡིས་མཚོན་ནོ།།

ང་འཚོལ་ཞིབ་བྱེད་སྟངས་ཆ་འདྲ་བ་བོད་པ་སྙན་ངག་པ་རྡོ་གྲགས་ལྟ་བུའི་བརྩམས་ཆོས་ཀྱི་ཁྲོད་ནས་ཀྱང་མཐོང་ཐུབ། ཁོང་གི་མི་སྒེར་རིང་ལུགས་ཀྱི་ངོ་བོར་བཅིངས་པའི་སྙན་ངག་ང་ཡི་ནང་སོ་སོའི་དོན་སྙིང་ནི་མི་ཚེ་དང་འཆི་བདག་གི་དོན་སྙིང་གི་ལྗིད་ཤུགས་དང་སྙོམ་པར་བྱས་གདའ། སྙན་ངག་གིས་འཆི་བ་དང་མཐའ་མཇུག་ལ་རྒོལ་ལན་སློག་པ་ཞིག་རེད། སུ་ཞིག་གིས་རྡོ་གྲགས་ཀྱི་སྙན་ངག་དག་གི་བཅོས་སླད་བྲལ་བའི་རང་བཞིན་ངེས་ཅན་ཞིག་ཐག་གཅོད་ཚེ། ཁོས་ཁ་སངས་པོས་ཡིད་དབང་འཕྲོག་དང་གསར་ཐོན་གྱི་སྣང་བརྙན་མངོན་མཚོན་བྱས་ཏེ་གྲུབ་འབྲས་བླངས་ཡོད། སྐྱེས་བ་ཞེས་པའི་ནང་འཇིགས་མེད་ཕུན་ཚོགས་ཀྱིས་ཡངས་པའི་རྩྭ་ཐང་སྟེང་ཁོང་སྐྱེ་དུས་ཀྱི་དུས་ཚོད་དེ་དག་འགྲེལ་བརྗོད་བྱས་ཡོད།

འོད་ཟེར་གྱིས་ལོ་མང་པོའི་རྗེས་སུ་ཞེས་པའི་ནང་ཁོང་གི་དགའ་བོ་དང་མཇལ་འཛོམས་བྱས་པའི་སྐོར་བསྐྱར་དུ་བསྡུས་ཡོད་ལ། སྙན་ངག་ནི་དགའ་བོ་གཉིས་སོ་སོའི་ལམ་དུ་ཕྱིན་པའི་སྐོར་ཡིན་ལ། དེ་རུ་ཁ་བྲལ་བའི་སྒྲུང་དང་གནས་ཡུལ་མི་འདྲ་བ་ནས་འཚར་ལོངས་བྱུང་བ། བསྐྱར་དུ་འདུམ་འགྲིག་གི་སྐྱོ་བ་དང་དགའ་བའི་སྐོར་བརྗོད་ཡོད། སྙན་ངག་པའི་སུ་ཞིག་ལ་གཏོགས་པའི་ཚོར་བ་ནི་ཁོ་མོའི་མཛའ་བོ་དང་ལྷན་དུ་གཅིག་སྒྲིལ་བརྒྱུད་དེ་བསྐྱབས་པ་ཞིག་རེད། འོད་ཟེར་གྱི་ཁྱིམ་ཕྱི་ནང་གི་སྐད་རྒྱ་སྐད་དུ་སོང་བོད་སྐད་བཤད་མི་བཏུབ། གནས་སྟངས་འདི་ཁོ་མོ་རང་གི་སྐྱེས་ཡུལ་ལྷ་ས་ལ་ཕྱིར་ལོག་པ་ནས་འགྱུར་ཡོད། དེ་ནས་རིན་བཞིན་ཁོ་མོས་རང་གི་ཡབ་མེས་ཀྱི་སྐད་ཆ་སྦྱངས་པ་རེད། ཁོ་མོས་རང་གི་ངོ་རྟགས་བསྐྱར་གསོ་ཡི་བྱེད་ལས་འདི་ཡིས་ཁོ་མོ་བོད་ཀྱིོ་སྲོལ་རྒྱུན་གྱི་དཀྱིལ་སྙིང་དུ་ལོག་པར་སྦྲེལ་བ་དང་། ཁོ་མོའི་རྗེས་ཕྱོགས་ཀྱི་བརྩམས་ཆོས་ཁག་ལ་འགོག་ཏུ་མེད་པར་མངོན་གསལ་གྱིས་འགྱུར་བ་བཏང་པ་རེད། ཁོ་མོ་ཆོས་དད་ཆེ་བའི་ནང་པ་ཞིག་ཏུ་གྱུར་བ་དང་ཁོ་མོའི་སྙན་ངག་མང་པོས་ཆོས་ཀྱི་བརྗོད་སྙིང་གསལ་འདོན་བྱས་ཡོད། བླ་བྲང་དང་སྐུ་འབུམ་དགོན་པ་ཞེས་པར་ཁོ་མོས་སྙན་ངག་པ་ཞིག་གི་ཚིག་རྐང་ཞིག་དྲན་གསོ་གནང་ཡོད་དེ།
ང་ཡིས་ཆེས་མཇུག་མཐར་མཐོང་བ་དེས་
མིག་ཟུང་མཆི་མས་བཀང་སོང་
ཁོ་མོའི་མིག་ཟུང་མཆི་མས་ཁེངས་
མཐའ་མཚམས་བརྒལ་ནས་མ་སོང་
ཁོང་ཚོ་གཤིན་པོའི་གྲལ་ཏུའང་མེད་
རྨི་ལམ་གྱི་རྒྱལ་ཁམས་སུ་
ད་དུང་ཡང་ གསེར་གྱི་སྨིག་སྒྱུ་མཐོང་
གསེར་མདོག་གི་ཏཱ་རེས་ཞལ་གྱི་ཟུར་ནས་འཛུམ་
གསེར་མདོག་གི་ཨ་ཕ་ ཚེ་རིང་རྡོ་རྗེ་
བཙུན་པ་ཞིག་གི་ངུར་སྨུག་གིས་གཡོགས་སོང་

སྙན་ངག་པས་བརྗིད་ཉམས་ལྡན་ཞིང་སྙན་གྲགས་ཆེ་བའི་དགོན་སྡེ་ཁག་མཐོང་བའི་སྐྱོ་བ་བརྗོད་ཡོད་ལ། དགོན་སྡེ་ཁག་ལ་རྒྱ་ནག་སླེབས་ཏེ་ཤུགས་རྐྱེན་ཆེན་པོ་འཐེབས་ཡོད། རིག་གནས་གསར་བརྗེ་ཡི་སྐབས་སུ་དགོན་པ་འགའ་ཤས་ཕག་གསོ་ར་བར་བེད་སྤྱོད་བྱས་པ་དང་། ཡང་སྐབས་དེར་ལ་ཤས་དམག་མིའི་སྡོད་ཁང་བྱས་པ་རེད། སྐུ་འབུམ་གྱིས་ད་ལྟ་མར་རྒྱན་དང་རྒྱ་ཕིབས་བསྐྱར་གསོ་བྱས་ཏེ་ཡུལ་སྐོར་བ་རྣམས་བྲེལ་འཚུབ་ཀྱིས་ཁེངས་པའི་གནས་ཤིག་ཏུ་གྱུར་ཡོད། འཚོ་བའི་ཆེད་དུ་གྲྭ་བ་ཚོས་རྒྱ་མི་ཡུལ་སྐོར་བ་ཚོས་བོད་ཀྱི་སྲོལ་རྒྱུན་གྱི་མདུན་དུ་པར་རྒྱག་པའི་སྟངས་སྟབས་ངོམ་སའི་སྡིང་ཆ་བཟོ་དགོས་ཡོད། དེ་འདྲ་སོང་ཙང་དད་ལྡན་འོད་ཟེར་ལྟ་བུས་དགོན་པ་ཁག་ཟིང་ཟིང་གི་ཡུལ་སྐོར་བ་དང་སྐོར་ཚོང་པ་དག་གི་དཔལ་འབྱོར་གྱི་གནས་ཤིག་ཏུ་བསྒྱུར་བ་མཐོང་སྟེ་བར་ཆད་གཏོང་བར་ཚོར་བར་ཡ་མཚན་མི་དགོས། སྙན་ངག་གཞན་ཞིག་གི་ནང་དུ་འོད་ཟེར་གྱིས་གྲྭ་བ་ཞིག་གི་གཏམ་རྒྱུད་བརྗོད་ཡོད་དེ།

ཅི་ལྟ་བུའི་སྨིག་རྒྱུའི་གྲོང་ཁྱེར་ཞིག་ཏུ་
ང་དང་ཁོང་དང་མཇལ་ལམ་
སྐབས་དེར་ནུབ་ཁའི་ཉི་མས་མེ་ལྟར་ངམ་གནག་བསྟན་
ཁ་གྱོན་སྦར་བ་བཞིན་
ངས་ཁོང་གི་ངོ་གདོང་མཐོང་ཡོང་
ཨེ་མ་ ངོ་གདོང་ཕལ་བ་ཞིག་
འདི་ལྟར་དོ་དམ་བྱས་འདུག་
ཁོང་ནི་ཁུ་སིམ་སིམ་གྱི་མིག་ཆུའི་ཁྲོད་ན་འཚར་ལོང་འབྱུང་གིན་གདའ་

དེ་ནི་མནར་གཅོད་ཀྱི་གཏམ་རྒྱུད་ཅིག གཏམ་རྒྱུད་དེ་ནི་དཀའ་རྙོག་ཏུ་ཚུད་པའི་དཔྱོད་ཤེས་ཤིག་གི་སྐད་སྒྲ་དྭངས་མ་དང་ཆོས་ལུགས་ཀྱི་ལྟ་གྲུབ་ཅིག་འཚོལ་ཞིབ་བྱེད་པ་བཅས་སུ་མཐོང་ཡོང་། གྲྭ་པའི་མིག་ཆུའི་འགྲེལ་བཤད་དང་དྲག་གནོན་བྱས་པའིོ་ན་ཟུག་གི་བརྡ་བསྟན་པ་བཅས་བརྒྱུད་ནས། བརྩམས་ཆོས་དེ་སྤྱི་ཚོགས་དོན་དངོས་རྣམས་དྲི་རྟགས་བཀོད་པ་དང་ལེགས་ཉེས་ཀྱི་སྒྲིབ་གཡོག་སེལ་བའི་གནས་ཡུལ་དུ་འགྱུར་གྱིན་འདུག བརྩམས་ཆོས་འདིའི་ནང་མགོ་རྟིང་སློག་པའི་ཁྱད་ཆོས་འདི་བསོ་བྷོ་ཡིས་བསྐྱར་ཟློས་བྱས་ཡོད་དེ། ཁོས་འགྲུལ་པས་གངས་རི་བརྒལ་དུས་ རྐང་རྗེས་ཙམ་ཡང་ལྷག་མི་འདུག་ཅེས་ལོ་རྒྱུས་ཀྱི་ཤུལ་དུ་ལུས་པའི་བོད་ཅིག་འགྲེལ་བརྗོད་བྱས་ཡོད།

བློ་ཡུལ་ལ་འཆར་བའི་བོད།

མི་རབས་གསར་པ་དག་ངོ་རྟགས་དང་ཁ་བྲལ་བ་དང་བར་སྟོང་དེ་ཡིས་ཁོང་ཚོ་འདུ་ཤེས་དང་རིག་གཞུང་གི་རྩ་བ་བསྔོག་པའི་རང་འཚོལ་གྱི་འགྲུལ་བཞུད་ཅིག་གི་གྲུ་གཟེངས་ལ་ཞུགས་སུ་བཅུག གདོད་མ་དང་འདས་སོང་ལ་ཕྱིར་ལོག་པ་དེ་རྩོམ་པ་པོ་འགའ་ཤས་ཀྱིས་དངོས་ཡོད་ཀྱི་གནས་དུས་ཤིག་བསྐྱར་དུ་འདུམ་སྒྲིག་བྱས་པ་བརྒྱུད་ནས་བྱུང་བ་རེད། ཁོང་ཚོས་འགྲུལ་བཞུད་དེ་ཁོང་ཚོ་ཚིག་དོན་དང་ཁ་བྲལ་བའི་གནས་ཡུལ་ལ་བློ་བཀལ་བ་ལས་བྱུང་བ་རེད། ས་ཁམས་ཀྱི་ཁུངས་གཏུགས་ས་དག་ཀྱང་རང་གི་ངོ་རྟགས་འཚོལ་བར་ཛ་དྲག་ཏུ་གྱུར་བ་ཨི་ཝར་ཌི་ཡིས་གསུངས་པ་ལྟར་ཏེ། ས་ཆ་དེ་ནི་ཐོག་མར་འཆར་སྣང་ཁོ་ན་བརྒྱུད་ནས་བསྐྱར་དུ་སོར་ཆུད་བཏུབ་པ་ཞིག་ཡིན། བོད་མི་ཚོའི་བརྩམས་ཆོས་ནི་བོད་ཀྱི་གཟུགས་སུ་བཞེངས་པའི་གངས་རི་དང་རྩྭ་ཐང་། གཙང་བོ། དགོན་པ་བཅས་ཀྱི་འཆར་སྣང་གིས་ཡོངས་སུ་ཁེངས་ཡོད།

མི་སྒེར་དང་རྟོག་འཆར་གཉིས་ཀས་འཆར་སྣང་ཁྲོད་ནས་གནས་ཡུལ་འགྲེལ་བརྗོད་བྱས་ཡོད། ཨ་མདོ་བརྒྱ་དཔོན་མགུ་རུ་རྡོ་རྗེ་ཡི་ཚ་བོ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་རྩོམ་སྒྲིག་པའི་ལས་ཀ་བྱེད་བཞིན་པའི་བན་ཁོ་ཡིས་རྩྭ་ཐང་ནི་རྫུ་འཕྲུལ་གྱིས་བྱས་པ་ལྟ་བུར་འགྲེལ་བརྗོད་བྱེད་བཏུབ་པ་བྱས་ཡོད་དེ།
རྟ་བོ་རྩྭ་ཐང་བརྒྱུད་ནས་འགྲོ་དུས་
རྐང་པ་ནས་བཟུང་ལུས་ཡོངས་ཆུ་ལྟར་གཡོ་ལ་
ལྐོག་གྱུར་གྱི་གཡོ་འགུལ་དེ་ས་གཞི་ཡོངས་ལ་ཁྱབ་འགོ་བཙུགས་ཤིང་
ང་རང་གབ་ཚིག་ཅིག་གི་ཀློང་དུ་ཚུད་
ས་སྲོད་དེར་ ང་ཡི་མིག་ཟུང་མཆི་མས་བཀང་
ང་རང་ཡར་འགྲེང་སྟེ་ཤིང་ཟོམ་རྙིང་པ་དེའི་ཕྱོགས་སུ་ཧུར་རེར་བལྟས་
གབ་ཚིག་དེ་དག་ཀྱང་རྨང་ནས་དབྱིབས་སུ་འགྱུར་
ཡར་ཀླུང་གཙང་པོ་
ཁྱེད་ནི་གློག་དམར་འཁྱུག་པའི་སྒུལ་སྤྲུགས་རེད་
ཁྱེད་ནི་ཡི་མུག་གི་འཚུབ་མ་རེད་
ཚེ་དབང་ནོར་བུས་ཡུན་རིང་བསྒུགས་ཏེ་མཇལ་བའི་པོ་ཏ་ལ་དང་ལྷ་སར་འགྲུལ་བསྐྱོད་བྱས་པའི་སྐོར་འགྲེལ་བརྗོད་བྱས་ཡོད་ལ། དེ་བཞིན་བཀྲ་ཤིས་ཚེ་རིང་གིས་ལྷ་ཕྱོགས་ཀྱི་ཀན་སུའུ་ཞིང་ཆེན་གྱི་ཁོང་གི་ཕ་ཡུལ་སྐོར་གྱི་གླུ་གཞས་ཤིག་བླངས་ཡོད། ཡུལ་ལྗོངས་བསྐྱར་དུ་འགྲེལ་བའི་རྗེས་ལ་སྙན་ངག་པ་ཚོས་ས་གནས་ཀྱི་དཔའ་རྒོད་དག་བསྐྱར་གསོ་བྱེད་འགོ་བརྩམས་ཡོད་དེ།

དཔེར་ན། མེ་སྒྲོན་གྱིས་བོད་ཀྱི་སྙན་གྲགས་ཆེ་བའི་རྒྱལ་པོ་སྲོང་བཙན་སྒམ་པོ་ཕྱིར་དྲན་བྱས་པ་ནི།
ས་རྒོད་གཤིན་པོས་ལྕགས་ཀྱིས་ཤན་པའི་རྨིག་པ་བཞུས་
འོན་ཀྱང་ ཁྱོད་ཀྱིས་ས་མཐོའི་ཁམས་འདི་བླངས་
མཐའ་ཡུལ་བསྐོར་སླད་
ཁ་བ་བཞིན་ བཀྲེས་ལྟོགས་བྱུང་བའི་སྲོག་ཆགས་ཤིག་ལྟར་ མྱོས་པར་བྱེད་པའི་མཚོ་མོ་བཞིན་
ཁྱོད་ཉིད་རྩྭ་ཐང་འདི་ལ་བསྐོས་

ས་མཐོ་འདི་ཡང་མེས་པོའི་གཟུགས་ཀྱིས་བསྐོེས་
མོ་རྩིས་ལ་འབབ་པའི་གླག་རྒོད་དག་
ནགས་ཁྲོད་དུ་སྦས་པའི་སེངྒེ་

ས་ཁྲའི་སྟེང་དུ་ ཁྱེད་ཀྱིས་སྤུངས་པའི་གཤོག་པ་དང་རྨིག་པ་
སུས་ཀྱང་བསྐྱར་ཟློས་བྱེད་མི་བཏུབ་པ་དག་དམར་མདོག་གི་གཏིང་དུ་འཐིམ་
ཉི་མའི་མདངས་ ཁྲག་གི་ཚོས་
མ་འོངས་པའི་མི་རབས་སུས་ཀྱང་ཤེས་རྟོགས་དང་བཟོད་སྒོམ་བྱེད་དཀའ་བའི་མདོག་ཅིག་

སུས་ཀྱང་བཟོད་དཀའ་བའང་ ཉིད་ཀྱིས་བགྱིས་

གནའ་སྔ་མོ་ཞིོག་ལ་ ང་ཡིས་ཁྱེད་ཀྱི་མངའ་ཐང་གི་མཐའ་མཚམས་བརྒལ་བར་
གདོད་མའི་བྱམས་བརྩེ་འཐིལ་ཞིང་
ཁྱོད་ཀྱི་སྔོ་ཞིང་མཛེས་པའི་ནམ་མཁའ་བཙལ་

མཇུག་མཐར་ངས་རྟོགས་སོང་
ཁྱེད་ཀྱི་རབས་ནི་ང་ཚོས་བསྒྱུར་མི་བཏུབ་པའི་རང་བྱུང་གི་གནས་ཡུལ་རེད་
དེ་ཡང་སྤོབས་པ་རུ་མ་གྲུབ་གོང་ལ་ང་ལ་ཉམས་དམའ་བའི་ཚོར་བ་ཡང་ཡང་སླེབས་

མིག་ཆུས་ང་ཡི་མཐོང་ལམ་སྒྲིབ་བཞིན་འདུག་
ངས་རང་གི་ནང་ངོས་སུ་སྟོང་ཕྲག་ཏུ་བྲིས་པའི་མཛེས་སྡུག་དང་དགེ་བའི་རང་བཞིན་མཐོང་དཀའ་
ངས་ཁེར་རྐྱང་གི་འགྲུལ་བཞུད་པར་སེམས་གསོ་བྱེད་པའི་སྒྱུ་འཕྲུལ་སྣང་བརྙན་དེ་ཡང་མཐོང་དཀའ་

ལོ་ངོ་མང་པོའི་རྗེས་སུ་ ཁྱེད་རང་ས་མཐོའི་སྣེ་རུ་ཁེར་རྐྱང་དུ་འདུག་
བཅོས་མ་མིན་པའི་མཛེས་སྡུག་ཁྲོད་ ཁྱོད་ཉིད་གཅེར་བུར་འདུག་
འཛམ་གླིང་ཡང་སྟེང་གི་ཁྱེད་ཀྱི་བླ་མེད་ཀྱི་རང་བཞིན་དང་ལྷན་དུ་བསྐྱོད་

ཁྱེད་ཀྱིས་ཐག་རིང་ནས་བཙུན་མོ་བསུས་
ད་དུང་ཁྱེད་ཀྱི་ཆབ་འབངས་ཀྱིས་གཙུག་ཏུ་བཀུར་བའི་ཇོ་བོ་གདན་དྲངས་
ཁྱེད་ཀྱིས་ཁེར་རྐྱང་དུ་གྱུར་བའི་མི་ཚེ་ཡི་རྒྱབ་རྟེན་བྱས་
ད་དུང་ཁྱེད་ཀྱིས་གསོལ་འདེབས་ཆིག་རྐྱང་དེ་བརྒྱུད་ནས་དམ་པའི་ཆོས་ཀྱང་དྲངས་
མཚོ་མོ་ལས་ཡར་འཕགས་པའི་ཡུལ་ལུང་
ཤེད་ཤུགས་མ་རྒྱས་པར་རྒས་ཤིང་ཉམས་
དེ་ནི་ཁྱེད་ཀྱི་སེམས་ན་འབར་མེ་ལྕེ་ཡིན་ནམ་

སྐབས་རེར་ཁྱོད་ཀྱི་མེས་པོའི་རབས་ན་སད་ཡོད་པ་དེ་དག་
ཁྱོད་ལྟར་ཁོང་ཚོའང་དར་ཞིང་རྒུད་ཡོད་
སྐབས་དེ་དག་ཏུ་ཁྱོད་ཀྱིས་ཅི་ཡང་བརྗོད་མི་ནུས་ལ་ ཁྱེད་ཀྱིས་ན་ཟུག་དྲག་པོ་དེ་ཡང་སྟོན་ག་ལ་ནུས་
རེད་དེ་ ང་རང་ན་ཟུག་གི་ཁྲོད་དུ་ཡོད་
ངས་རང་གི་འགྱོད་བཤགས་དེ་བསྐྱར་ཟློས་ཡང་ཟློས་བྱེད་
ང་རང་ན་ཟུག་གི་ཁྲོད་དུ་ཡོད

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)
(བོད་རིག་པའི་ཆེད་མཁས་གཡང་སྒྲོན་དོན་གྲུབ་ནི་རྒྱ་གར་དུ་སྐུ་འཁྲུངས་ཤིང་སི་བིས་རྫིར་ལན་སྒྲི་(Switzerland)རུ་འཚར་ལོངས་བྱུང་། ལོན་སྒྲོན་གཙུག་ལག་སློབ་ཆེན་(University of London)ནས་རྒྱ་ནག་གི་སྐོར་ལ་རིག་གནས་རབ་འབྱམས་པ་ཐོན། གཙུག་ལག་སློབ་ཁང་དེའི་ཨེ་ཤ་ཡའི་ནང་ཁུལ་དང་རྒྱའི་རིག་གཞུང་དང་སྐད་ཡིག་སྡེ་ཁག་ནས་འབུམ་རམས་པ་ཐོན། ད་ལྟ་སློབ་གྲྭ་དེ་རུ་ཞིབ་འཇུག་པའི་ཕྱག་ལས་གནང་བཞིན་ཡོད། མོའི་ཞིབ་འཇུག་གི་ཁྱབ་ཁོངས་ནི། བོད་ཀྱི་དེང་རབས་རྩོམ་རིག་དང་གླུ་གཞས། མི་སྒེར་བའི་ལོ་རྒྱུས་བཅས་ཡིན། ཁོ་མོ་ནི་སྐར་ཁུང་དྲ་བའི་རྩོམ་ཡིག་ལེགས་འདེམས་ཚོགས་ཆུང་གི་ཚོགས་མི་ཡང་ཡིན།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to གངས་སེང་གི་ངར་སྒྲ། རྒྱ་ཡིག་ནང་གི་བོད་མིའི་སྙན་ངག(ལྔ་བ)

  1. ཀླུ་སྨྱོན་ ནས།

    ང་ནི་ཨ་ལེགས་དང་མེ་སྒྲོན་གྱི་བརྩམས་སྒྲུང་ཧ་ཅང་དགའ། ཨ་ལེགས་ཀྱི་རྡུལ་འཚུབ་དྭངས་སོང་ཞེས་པ་དང་། མེ་སྒྲོན་གྱི་སྲས་མོ་གཡང་སྐྱིད་ཅེས་པའི་སྒྲུང་དེ་གཉིས་ཀྱིས་ཡིད་དབང་འཕྲོགས་སོང་། ཆབ་སྲིད་པ་ཚོས་ཅི་བཤད་ན་བཤད་དུ་ཆུགས།

  2. ང་ལ་གཡང་སྒྲོན་དོན་འགྲུབ་ཀྱི་དབྱིན་ཇིའི་མ་རྩོམ་དྲ་ཐག་གཏོང་རོགས།

Write a Reply or Comment

Your email address will not be published. Required fields are marked *

*