བོད་མི་ཏང་ཡོན་ཞིག་གིས་བོད་ནང་གི་གནས་བབ་ཐེར་འདོན་བྱེད་པ།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས
རྩོམ་པ་པོ་ཨན་སྒྲི་རེ་སི་ལོ་རན་རྫི།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

རྒྱ་ནག་དམར་གཞུང་གི་གོ་གནས་མཐོ་བའི་དཔོན་རིགས་ཤིག་གིས་རྒྱ་གཞུང་གིས་བོད་མིར་མནར་གཅོད་བཏང་བའི་ནག་ཉེས་ཕྱི་བསྒྲགས་བྱེད་པའི་དཔེ་དེབ་ཅིག་བརྩམས་འདུག་ཀྱང་། ཁོང་གི་མཐུན་གྲོགས་ཏང་ཡོན་ཚོས་ད་དུང་ཁོང་དམར་ཤོག་ཚོགས་པ་ནས་ལོགས་སུ་ཐོན་ཏེ་ཁ་གཏད་དུ་ལངས་བའི་དོགས་པ་བྱེད་ཀྱི་མེད། སྐབས་ཤིག་ལ་རྒྱ་ནག་དམར་ཤོག་ཚོགས་པར་བློ་ཁ་གཏད་པ་དང་། པེ་ཅིང་གི་དཔོན་རིགས་ཚོའི་གྲལ་དུ་ལས་དོན་བསྒྲུབས་པའི་བོད་མི་ཞིག་གིས་ད་ལྟ་རང་གི་རྒྱལ་ཁབ་ཀྱི་ནང་དུ་རྒྱ་མིའི་སྲིད་ཇུས་ཀྱི་བཟོད་ཐབས་མེད་པའི་སྡུག་བསྔལ་གྱི་སྐོར་ལ་དཔེ་དེབ་ཅིག་དཔར་སྐྲུན་བྱེད་པའི་སེམས་ཐག་བཅད། ཁོང་གིས་རང་གི་མི་རིགས་ལ་དྲག་གནོན་བྱས་པའི་སྐོར་གྱི་ཟིན་ཐོ་དག་ནུབ་ཕྱོགས་ནས་དཔར་ཏུ་གདབ་ནས། པེ་ཅིང་གི་མགོ་ཁྲིད་ཚོར་གནོན་ཤུགས་སྤྲོད་པའི་རེ་བ་བྱེད་ཀྱི་འདུག

༢༠༡༡་ལོའི་ཟླ་གསུམ་པ་ནས་བཟུང་བོད་མི་བརྒྱ་ལྷག་གིས་རང་ལུས་མེ་རུ་བསྒྲོན་ཏེ། བོད་ནང་གི་རྒྱ་མིའི་དབང་བསྒྱུར་ལ་ངོ་རྒོལ་བྱས་པའི་ཁྲོད་ཀྱི་གཅིག་ནི་དཔའ་བོ་རྡོ་རྗེ་རེད། ཉི་མ་ཁ་ཤས་ཀྱི་རྗེས་སུ། རང་ལུས་མེ་རུ་སྒྲོན་མཁན་གྱི་མི་གཞན་པ་ཞིག་གིས་ཤུལ་དུ་ཡི་གེ་ཞིག་བཞག་སྟེ། བཀྲ་མི་ཤིས་བའི་རྒྱ་མི་དག་ལ་བཅིངས་བའི་འཁོན་སེམས་རྡོག་ཏུ་སྒྲིལ་ཡོད། “བོད་ནང་དུ་རང་དབང་མི་འདུག གོང་ས་ཏཱ་ལའི་བླ་མ་ཕྱིར་རང་ཡུལ་དུ་ཕེབས་འཇུག་དགོས། པན་ཆེན་རིན་པོ་ཆེ་རྒྱ་མིའི་བཙོན་ཁང་ནས་གློད་གྲོལ་གཏང་དགོས།”

“འཛམ་གླིང་ཡང་རྩེ”་ཞེས་གྲགས་པའི་གངས་ལྗོངས་སུ་བོད་མི་ཚོའི་སེམས་པ་འ་ཆད་འུ་ཐུག་གི་གནས་སུ་ལྷག་འདུག བོད་མི་མང་པོ་ཞིག་གིས་རང་གི་ཚེ་སྲོག་འདི་ལྟར་བློས་བཏང་བྱས་ཏེ་རྒྱལ་སྤྱིའི་དོ་སྣང་འདྲེན་ཐབས་དེ་ད་སྔར་བྱུང་མྱོང་མེད་ཀྱང་། མི་ཀུན་གྱིས་འདི་ནི་ཐབས་ལམ་ཡང་དག་ཅིག་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད། མདོ་སྨད་བླ་བྲང་དགོན་པ་ནས་ཀི་ལོ་མི་ཌར་བརྒྱ་ཕྲག་ཁ་ཤས་ཀྱི་མཚམས་སུ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཤིག་གིས་རང་སྲེག་གི་ལས་འགུལ་འདི་ལ་མོས་མཐུན་མེད་པའི་མགོ་བོ་གཡུག་གཡུག་བྱས། “རང་སྲེག་ནི་ཚད་ལས་བརྒལ་བའི་རྒོལ་ལན་སྤྲོད་སྟངས་ཀྱི་བྱ་སྤྱོད་ཅིག་རེད། ནང་ཆོས་ཀྱིས་རང་སྲོག་གཅོད་པ་བཀག་ཡོད།”

ཡིན་ཡང་ཁོང་གིས་རང་སྲེག་བྱེད་མཁན་ཚོས་ཀུན་སློང་ཤེས་ཀྱི་ཡོད་ཅེས་སྨྲས། བོད་ཁུལ་གྱི་གནས་སྟངས་འཇིགས་སུ་རུང་བ་ཞིག་རེད། “བོད་ནང་གི་དཔལ་འབྱོར་གནས་སྟངས་དང་། འཚོ་བའི་གནས་བབ། ལེགས་བྱང་དང་ཤེས་ཡོན་བཅས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། རྒྱ་གཞུང་གིས་བོད་མི་ཚོའི་ལག་ནས་ཡར་རྒྱས་འདིའི་རིན་གོང་ཕྱིར་བཙན་ལེན་བྱེད་ཀྱི་ཡོད། པེ་ཅིང་གིས་དྲག་སྤྱོད་ལ་བརྟེན་ནས་བོད་མི་ཚོ་སྒྲིག་ལམ་གྱི་འོག་ཏུ་བཅུག་པར་བརྟེན། བོད་ཁུལ་དུ་ལྟ་རྟོག་ནན་པོ་བྱེད་ཀྱི་ཡོད་པས་རང་དབང་གི་ཚད་ངེས་ཅན་ཞིག་མ་གཏོགས་མེད། ”

རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་རྒན་གྲས་འདི་བོད་ཁུལ་ཙམ་མིན་པར་རྒྱ་ནག་ཧྲིལ་བོར་མཚན་སྙན་རྒྱས་ཡོད་པས། མི་གཅིག་གིས་ཀྱང་ཁོང་ནི་དམར་ཤོག་ཚོགས་པར་ཁ་གཏད་གཅོག་མཁན་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་མེད། ཁོང་ནི་དུས་ཡུན་རིང་པོར་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་རྒྱ་ནག་གིས་ཁས་ལེན་བྱས་པའི་དམིགས་བྱ་སྟེ། རྒྱ་རིགས་ཙམ་མིན་པར་བོད་རིགས་དང་གྲངས་ཉུང་མི་རིགས་ཀུན་གྱིས་འཚོ་བ་ལེགས་པོ་ཞིག་སྐྱེལ་ཐུབ་པའི་དམ་བཅའ་ལ་ཡི་རངས་གོང་བཀུར་ཞུ་མཁན་གྱི་མི་སྣ་ཁེ་དབང་ཅན་ཞིག་ཡིན། འོན་ཀྱང་། ད་ལྟའི་དུས་སུ་ཁོང་གིས་ལངས་ཕྱོགས་ཤིག་འཛིན་པའི་དམིགས་ཡུལ་འཛིན་གྱི་འདུག “ང་ནི་བོད་མི་ཞིག་ཡིན་ཞིང་། གཞུང་གི་ནང་དུ་ལས་ཀ་སྒྲུབ་ཀྱི་ཡོད་པས། ང་ལ་དངོས་ཡོད་ཐོག་དོན་དག་ཅི་ཞིག་འབྱུང་གི་ཡོད་མེད་འགྲེལ་བརྗོད་བྱེད་པའི་དབང་ཆ་ཡོད། ”ཅེས་ཟེར།

ནུབ་ཕྱོགས་པ་ཚོས་ཚོད་དཔག་བྱས་པ་ལས་འགོངས་ཡོད།

ཁོང་ནི་བོད་རིགས་གཞན་པ་མང་པོ་ལྟར། ༡༩༥༠་ལོ་ནས་བཟུང་སོ་སོའི་རྒྱལ་ཁབ་རྒྱ་དམག་གིས་བཙན་བཟུང་བྱས་པའི་དངོས་ཡོད་གནས་བབ་ལ་ངོས་ལེན་གྱིས་དར་མའི་དུས་ནས་རྒྱ་ནག་གཞུང་གི་ནང་དུ་ཕྱག་ལས་གནང་ཡོད། བོད་རིགས་འདི་དག་གི་ནང་དུ་དམར་ཤོག་ཚོགས་པའི་དཔོན་རིགས་དང་། ཉེན་རྟོག་པ། དྲིལ་བསྒྲགས་བྱེད་མཁན། གསར་འགོད་པ། བཟོ་ལས་འཆར་འགོད་པ་བཅས་ཚུད་ཡོད། ཁོང་ཚོ་ཚང་མས་རྒྱལ་ཁབ་གཞན་པ་ཞིག་གིས་དབང་བསྒྱུར་འོག་ཞི་བདེའི་འཚོ་བ་རོལ་འདོད་པའི་མི་དམངས་ཇི་བཞིན་བྱ་སྤྱོད་སྤེལ་ཡོད།

ཁོང་གིས་མིག་ཟུང་ལས་མཐོང་ཐུབ་པ་ལྟར། ཉེ་དུས་ཀྱི་མིག་མཐོང་ལག་ཟིན་གྱི་གནད་དོན་འདི་དག་གིས་ཅིའི་ཕྱིར་བོད་ཀྱི་ཉེ་བའི་ལོ་རྒྱུས་ཀྱི་རྒྱུ་ཆ་དག་ཟིན་བྲིས་སུ་བཏབ་པའི་དགོས་དམིགས་འགྲེལ་བརྗོད་བྱེད་པར་ཕན་ཐོགས་ཀྱི་རེད། ཁོང་གིས་དམིགས་པ་གཙོ་བོ་གཞུང་གི་དྲིལ་བསྒྲགས་གནང་མཁན་དང་། ལོ་རྒྱུས་འབྲི་མཁན་ཚོས་ཇི་ལྟར་གནས་བབ་དངོས་མ་དག་གསང་ཉར་དང་གབ་སྦས་བྱེད་པའི་བྱ་སྤྱོད་ལ་གཏད་ཡོད། “སྔོན་མ་ནས་བཟུང་ད་དུང་ཡང་བོད་ནང་གི་གནས་བབ་ནི་ནུབ་ཕྱོགས་ཡུལ་གྲུར་ཡོད་པའི་མི་མང་ཚོས་ཚོད་དཔག་བྱེད་པ་ལས་ཇེ་ཞན་ཇེ་སྡུག་རེད།”

ཁོང་གིས་དུས་ཡུན་རིང་པོར་གང་ཐུབ་ཇི་ཐུབ་ཀྱིས་གཞན་གྱིས་ཧ་གོ་མི་གོ་བའི་གནས་སྟངས་འོག་སྡོད་པའི་ཐག་གཅོད་བྱས་འདུག “ངས་ཁྱེད་རང་གི་མིང་དང་ལས་གནས་བཤད་འདོད་མེད། ཁྱེད་ཀྱིས་སྤྱིར་བཏང་གི ཆ་རྐྱེན་འོག་ང་ས་གནས་གང་ནས་ཡིན་མིན་གྱི་འགྲེལ་བརྗོད་བྱས་ན་འགྲིག་གི་རེད།”

ཁོང་གིས་བརྩམས་ཆོས་དེ་ཕྱི་ལོགས་ནས་པར་སྐྲུན་བྱེད་པའི་དམིགས་ཡུལ་འཛིན་གྱི་འདུག་ལ། དེ་ནི་ཁོང་གི་འདམ་ཀ་ཁོ་ན་ཡིན་པ་སྨྲོས་མ་དགོས་པ་ཞིག་རེད། གལ་ཏེ། ཀུན་གྱིས་གོང་དུ་བཀུར་བའི་དམར་ཤོག་དཔོན་རིགས་ཁོང་བོད་མི་ཚོའི་ལས་དབང་ན་རྫེས་(Nazi)་འོག་གི་འཇེའུ་མི་རིགས་ཀྱི་ལས་དབང་དང་བསྡུར་མཁན་གྱི་བོད་མི་ཕྱོགས་འགལ་བ་ཞིག་ཡིན་པ་ལྷང་ལ་བུད་ན། ཁོང་གི་སྐྱིད་སྣང་དོད་པོའི་འཚོ་བ་དེ་མཇུག་སྒྲིལ་རྒྱུ་ཡིན་པ་ངེས་པ་རེད། མ་ཟད་ཁོང་གིས་ཁྲིམས་ཆད་དང་ཐ་ན་སྲོག་ཁྲིམས་ཀྱི་ཉེས་བའང་འཁུར་དགོས་འབྱུང་སྲིད།

ཁོང་གིས་དཔེ་དེབ་དེ་པེ་ཅིང་གི་དབང་བསྒྱུར་བ་ཚོའི་སྐད་ཡིག་རྒྱ་ཡིག་ནང་བྲིས་འདུག རྩོམ་པ་པོས་རང་གི་རིགས་མཐུན་སྤུན་ཟླ་ཚོར་ཕྱི་ཕྱོགས་ཀྱི་མི་རིགས་ཚོས་རྟོག་འཆར་གྱིས་བཞེངས་བའི་རྫོགས་ལྡན་གླིང་གི་ལྟ་བ་དང་། ཁྲག་གི་རྫིང་བུ་དང་སྡིག་སྦྱོང་གི་མེ་དཔུང་དུ་ཟུག་པའི་དངོས་ཡོད་གནས་ཚུལ་གཉིས་བརྗེ་བོ་བརྒྱབ་སྟེ། མི་མང་གང་མང་ཞིག་གིས་རང་གི་མི་རིགས་ཀྱི་གནས་སྟངས་རྟོགས་ཐུབ་ན་འདོད་ཀྱི་འདུག

བཙན་གནོན་དང་གདུག་རྩུབ་ཅན་གྱི་སྲིད་ཇུས་ཁག

འབྱོར་མེད་གྲལ་རིམ་གྱི་རིག་གནས་གསར་བརྗེ་ཆེན་མོའི་(༡༩༦༦་ནས་༡༩༧༦)་དུས་སྐབས་སུ་བོད་མི་ཚུད་པའི་དམར་སྲུང་དམག་གིས་ཁོང་ཚོའི་སེམས་སུ་བཟོ་བཅོས་རིང་ལུགས་པ་དང་བཙན་རྒྱལ་རིང་ལུགས་པའི་ལྟ་སྟངས་བཟུང་བའི་བོད་མི་རྣམས་ལ་དྲག་གནོན་བྱས། གྲྭ་བ་སྟོང་ཕྲག་མང་པོ་གཅར་རྡུང་བྱས་ཏེ་བསད་པའམ་ངལ་རྩོལ་བསྒྱུར་བཀོད་ར་བར་བཅུག་ཅིང་། གནའ་བོའི་ཤུལ་དངོས་རྣམས་གཏོར་བཤིག་བཏང་
ཡོད། མ་ཟད་དམར་སྲུང་དམག་གིས་ཁོང་ཚོའི་མེ་སྒྱོགས་ཀྱིས་དགོན་པ་བརྒྱ་ཕྲག་མང་པོ་ཐལ་བའི་རྡུལ་ཏུ་བརླགས་ཡོད།

རྒྱ་ནག་གི་དམར་ཤོག་ཚོགས་པའི་དཔོན་རིགས་ཚོའི་རང་གི་མི་སེར་གྱི་ལེགས་བྱང་རྩ་གཏོར་གཏོང་འདོད་པ་རེད། དཔེར་ན། བོད་ཀྱི་བུད་མེད་ཚོར་རྒྱ་མོ་ཚོས་གྱོན་པའི་གོས་ཐུང་གྱོན་བཅུག་ཅིང་། སྐྲ་འཆིང་ཡང་གཏུབས། སྡེ་ཤོག་གི་རྒན་རབས་པ་དང་དགོན་པའི་མཁན་པོ་རྣམས་སློབ་སྦྱོང་ར་བར་བཏང་སྟེ། ཉིན་ལྟར་མོའི་ཡི་གསུང་རྩོམ་ལ་སློབ་སྦྱོང་བྱེད་བཅུག

རྒྱ་ནག་གི་དམག་མི་ཚོས་གདུག་རྩུབ་ཆེན་པོའི་སྒོ་ནས་གྱེན་ལོག་པ་རྣམས་ཚར་གཅོད་བཏང་ཡོད། ༡༩༥༦་ལོར་གྲྭ་བ་རྣམས་ཀྱིས་མི་དམངས་བཅིངས་འགྲོལ་དམག་གི་བཅུ་དཔོན་ཞིག་བསད་པས། རྒྱ་ནག་གི་རྟ་དམག་རུ་ཁག་གི་ཀན་སུའུ་ཞིང་ཆེན་གྱི་ཆོས་རྗེ་ན་བ་( Qiuji Nawa)་གྲོང་ཚོ་ཡོངས་རྫོགས་སུ་དགྲ་ཤ་བརྩད་དེ་ཉེས་མེད་ཀྱི་བུད་མེད་དང་བྱིས་པ་༢༠༠་ལྷག་ལ་བཙན་གནོན་བྱས་ཡོད། ཁོང་ཚོས་སྦྲ་གུར་ཞིག་གི་མཐའ་བསྐོར་ཏེ་ལག་ཐོགས་མེ་སྒྱོགས་གཡུགས་པ་མ་ཟད། མེ་མདའི་སོ་ཁ་གཏད།

༡༩༨༠་ལོའི་མགོ་སྟོད་དུ། དམར་ཤོག་ཚོགས་པས་ཁོང་ཚོའི་གདུག་རྩུབ་ཆེ་བའི་སྲིད་ཇུས་ཀྱིས་མི་དམངས་ཀྱི་ཁེ་ཕན་ལ་དོ་ཕོག་ཆེན་པོ་བཏང་ཡོད་པ་ངོས་ལེན་བྱེད་དགོས་བྱུང་། དུས་སྐབས་དེར་བོད་ནི་གཏན་འཇགས་ཀྱི་སྒོ་ནས་ལྷིང་འཇགས་ཀྱི་ས་ཁུལ་ཞིག་ཆགས། “པེ་ཅིང་གིས་དམར་ཤོག་ཚོགས་པའི་མགོ་ཁྲིད་འོག་ཏུ་བོད་ཀྱི་ཞིང་པ་ས་ཡ་མང་པོ་རང་ཉིད་ཀྱི་གཞིས་ཀའི་བདག་པོ་ཆགས་ཡོད་ཚུལ་བརྗོད་ཀྱི་ཡོད་ཀྱང་། དེ་ནི་དྲིལ་བསྒྲགས་ལས་གཞན་སྙིང་པོ་ཅི་ཡང་མེད་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད།”

ཁོང་གིས་བོད་མི་རྣམས་ཁོང་ཁྲོ་ལངས་པ་དང་ཞི་འཇགས་མིན་པར་རྒྱུ་མཚན་མང་པོ་ཡོད་རེད་སྙམ་གྱི་འདུག རྒྱུ་མཚན་གཅིག་ནི་གོང་ས་ཏཱ་ལའི་བླ་མ་མཆོག་བཙན་བྱོལ་བོད་གཞུང་གི་བསྟི་གནས་རྒྱ་གར་ནས་ནམ་ཞིག་ཕྱིར་རང་ཡུལ་དུ་ཕེབས་པའི་ཡུན་རིང་སྙིང་ལ་བརྣག་པའི་འདོད་དོན་དེ་ཐག་ཇེ་རིང་འགྲོ་བཞིན་པས་རེད། པེ་ཅིང་གིས་ཁོང་ལ་རྒྱལ་འཚོང་བའི་མིང་ངན་གཡོག་སྟེ། ཐ་ན་བོད་རྒྱ་གྲོས་མོལ་ཆ་འཇོག་ཙམ་ཡང་བྱེད་ཀྱི་མེད།

༡༩༨༧་ལོར་གོང་ས་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིན་ཌོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་འཐུས་མིར་གཏམ་བཤད་སྤེལ་ཏེ། ཞི་བའི་གྲོས་འཆར་དོན་ཚན་ལྔ་སྤྱི་བསྒྲགས་བྱས་པ་དེས་པེ་ཅིང་ལ་ཁོང་ཁྲོ་བསླངས་ཡོད། ཁོང་གིས་པེ་ཅིང་གིས་རྒྱ་མི་འབོར་ཆེན་བོད་སར་གནས་སྤོར་བྱེད་བཞིན་པ་དང་། བོད་མཐོ་སྒང་ནི་རྡུལ་ཕྲན་སྙིགས་རོ་གསོག་ས་ཞིག་ཏུ་བེད་སྤྱོད་བྱེད་ཀྱིན་པ་དེ་མཚམས་འཇོག་པའི་དགོས་འདུན་བཏོན་ཡོད། རྩོམ་པ་པོ་ལྟར་ན། “གོང་ས་མཆོག་གིས་ཨ་རིར་འཚམས་གཟིགས་གནང་བའི་རྗེས་སུ། བོད་ཀྱི་གཞོན་སྐྱེས་ཤེས་ལྡན་པ་དང་། དཔོན་རིགས་ཁ་ཤས། དེ་ག་ནང་བཞིན་ངལ་རྩོལ་བ་དང་། ཞིང་པ། ལུག་རྫི་བཅས་ཀྱི་ཁྲོད་དུ་རྒྱ་གཞུང་ལ་ཁ་གཏད་གཅོག་པའི་སྙིང་སྟོབས་གསར་བ་ཞིག་སྐྱེ་མགོ་ཚུགས་སོང་།”

དངོས་མཐོང་ལག་ཟིན་གྱི་གནས་ཚུལ་ཟིན་ཐོར་འབེབ་པ།

དེ་ཡང་༡༩༨༨་ལོར་རྒྱ་མི་ཚོས་ནོར་འཁྲུལ་གཞན་པ་ཞིག་བཟོས། ལོ་དེའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་མཇུག་སྒྲིལ་ཉེ་བའི་སྐབས་སུ། རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཁག་ཅིག་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དུ་འཛོམས་ཏེ། སྨོན་ལམ་ཆེན་མོར་བལྟས་པ་རེད། དོན་དག་དེ་བྱུང་སྐབས་དཔོན་རིགས་ཚོ་ཐད་ཀར་གྲྭ་བ་རྣམས་ཀྱིས་རྩ་ཆེན་དུ་བརྩི་བའི་ཁང་མིག་ཅིག་གི་སྟེང་དུ་འགྲེངས་ནས་ཡོད། སྔ་དུས་སུ་ཁང་མིག་ཏེ་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་སྐབས་ཀྱི་གོང་ས་མཆོག་གི་གཟིམ་ཁང་རེད།དེར་འདུས་ཀྱི་དཔོན་རིགས་ཚོར་རྡོ་ཡིས་གཞུས་ནས་ཅང་མ་འགོར་བར། དམག་མི་རྣམས་མི་ཚོགས་ཀྱི་ཁྲོད་དུ་སིམ་འཛུལ་བྱས། སྐབས་དེའི་ལྷ་སའི་དམར་ཤོག་དྲུང་ཆེ་གཞོན་པ་གཙོས་པའི་དཔོན་རིགས་ཁག་ཅིག་སྒེའུ་ཁུང་ཞིག་ནས་ཐག་པ་ལ་བསྟེན་ཏེ་ས་ལ་འབབ་དགོས་བྱུང་ཡོད།

མཐའ་མར་པེ་ཅིང་གིས་ལྷ་ས་ཡོངས་སུ་དྲག་པོའི་ཁྲིམས་གཞི་མ་བསྡམས་བར་དུ་དོན་རྐྱེན་དེའི་རྗེས་ཀྱི་བདུན་ཕྲག་ཁ་ཤས་རིང་གྲྭ་བཙན་རྣམས་ཡང་ནས་བསྐྱར་དུ་ཁྲོམ་ལ་འཛོམས་ཏེ་རྔམ་སྟོན་བྱས། རྒྱ་ནག་དབུས་གཞུང་གིས་བོད་རིགས་དཔོན་པོ་རྣམས་གོ་ས་ནས་ཕྱུང་སྟེ། ཁོང་ཚོའི་ཚབ་དུ་ཧོའོ་ཅེན་ཐོ་གཙོས་པའི་རྒྱ་རིགས་དཔོན་པོ་ཁག་བསྐོ་འཇོག་བྱས། ཕྱིས་སུ་ཧོའོ་ཅེན་ཐོ་དམར་ཤོག་ཚོགས་པའི་དྲུང་ཆེ་དང་རྒྱ་ནག་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་པ་རེད། ལོ་ངོ་གཅིག་གི་རྗེས་སུ། ཧོའོ་ཡིས་དམག་མིར་བཀའ་རྒྱ་བཏང་སྟེ། ངོ་རྒོལ་བ་རྣམས་ལ་མེ་མདའ་གཞུ་བཅུག རྩོམ་པ་པོ་ལྟར་ན། དོན་རྐྱེན་འདིས་བོད་མི་༡༣༨་ལྔ་ལམ་དུ་བཏང་བ་དང་། ༣༨༧༠་ཙམ་འཛིན་བཟུང་། ད་དུང་གང་མང་ཞིག་གར་སོང་ཆ་མེད་དུ་གྱུར་བའི་རྐྱེན་བྱས་ཡོད།

བོད་མི་ཚོས་འདོད་བློ་མ་ཁེངས་བའི་གནད་དོན་གྱི་ཆ་ཤས་གཞན་ཞིག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་ཁག་ནས་བོད་དུ་གནས་སྤོར་བྱས་པའི་རྒྱ་མིའི་གྲངས་ཀ་ཇེ་མང་སོང་བ་ལས་བྱུང་ཡོད། རྩོམ་པོ་པོའི་བསམ་ཚུལ་ལ། འཕེལ་ཕྱོགས་འདིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཏང་། གང་ཡིན་ཟེར་ན། རིམ་བཞིན་རྩ་སའི་རྒྱ་ཇེ་ཆུང་དུ་སོང་བ་དང་བསྟུན་ནས་ས་གཞི་བྱེ་ཐང་ཅན་ཏུ་འགྱུར་བཞིན་ཡོད། “བོད་པ་ཚོར་འཚོ་གནས་ཀྱི་ས་ཁྱོན་ཇེ་ཆུང་ནས་ཇེ་ཆུང་དུ་འགྲོ་བཞིན་པ་དང་། ཁོར་ཡུག་ཇེ་འཁྱག་དང་ཇེ་ཞན་དུ་འགྲོ་གི་ཡོད།”

རྒྱ་ནག་གི་བརྩི་མེད་ཀྱི་ཁོར་ཡུག་སྲིད་ཇུས་ཀྱི་དཔེ་མཚོན་མངོན་གསལ་དོད་ཤོས་ཤིག་ནི་མཚོ་སྔོན་པོ་རེད། གང་ཡིན་ཟེར་ན། གཞི་རྒྱ་ཆེ་བའི་སྤང་ཐང་རྣམས་ཞིང་སར་བསྒྱུར་བ་དང་། ཞིང་ལ་ཆུ་འདྲེན་པའི་མ་ལག་ཆེན་པོ་ཞིག་འཛུགས་སྐྲུན་བྱས་པས། དེང་གི་དུས་སུ་མཚོ་མོར་འདྲེས་བཞིན་པའི་ཆུ་ཕྲན་༡༠༨་ཀྱི་ཁྲོད་ནས་ཆུ་ཕྲན་༨་ཁོ་ན་མ་གཏོགས་མེད།

སྲང་ལམ་གྱི་དངངས་སྐྲག

བོད་ཀྱི་རྒྱལ་ས་ལྷ་སར་ངོ་རྒོལ་རིམ་པར་བྱས་པའི་རྗེས་ནས་༡༩༨༩་ལོའི་དབར་གྱི་ལོ་ངོ་ཁ་ཤས་རིང་ལ་གནས་བབ་ཞི་འཇགས་བྱུང་བ་རེད། ཕྱིས་སུ་དམར་ཤོག་ཚོགས་པའི་མགོ་ཁྲིད་ཧོའོ་ཡིས་བོད་མི་ཚོའི་ཡིད་སེམས་མགུ་རུ་འཇུག་ཆེད་ཨ་སྒོར་ཐེར་འབུམ་མང་པོའི་མ་རྩ་བཙུགས། པེ་ཅིང་ལ་བོད་ཁུལ་དུ་གསར་རྙེད་བྱུང་བའི་རང་བྱུང་གཏེར་རྫས་དང་། བོད་ནི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་འགྲན་ཟླ་ཆེ་ཤོས་རྒྱ་གར་གྱི་བར་གནས་ས་ཆ་ཡིན་པའི་ཆ་ནས་འཐབ་ཇུས་ཀྱི་གལ་ཆེན་རང་བཞིན་གཉིས་ཀ་ཧ་ཅང་གལ་ཆེན་ཆགས་ཡོད།

འོན་ཀྱང་། ད་ལྟའི་དུས་སུ་ལྷ་སའི་ཁྲོམ་གྱི་ཛ་དྲག་གི་གནས་བབ་ནི་མིག་མཐོང་ལག་ཟིན་རེད། གང་ཡིན་ཟེར་ན། སྲང་ལམ་གང་སར་དབང་བསྒྱུར་བ་ཚོའི་བྱ་སྤྱོད་ཅན་གྱི་རྒྱ་མིའི་བདེ་འཇགས་མི་སྣ་ཡོད། “གོ་མཚོན་ཐོགས་པའི་ཉེན་རྟོག་རུ་ཁག་གི་བྱ་སྤྱོད་སྤེལ་སྟངས་ནི་མི་སྤྱོད་ལས་འདས་ཤིང་། ཁོང་ཚོས་མི་གསོད་སྟངས་ནི་དུག་སྦྲུལ་ཇི་བཞིན་ཡ་ང་སྙིང་རྗེ་དང་བྲལ་བ་ཞིག་རེད། ” ཅེས་དམར་ཤོག་ཚོགས་པའི་ཁོངས་མིས་རང་གི་དཔེ་དེབ་ཀྱི་མ་་ཟིན་ནང་དུ་འཁོད་འདུག

༢༠༠༨་ལོའི་ཕྱི་ཟླ་༣་པར་པེ་ཅིང་གིས་དབྱར་ཁའི་ཨོ་རྩེད་འགྲན་བསྡུར་ལ་གྲ་སྒྲིག་བྱེད་བཞིན་པའི་སྐབས་སུ། ཡང་བསྐྱར་ལྷ་སའི་མི་མང་གིས་ཡར་ལངས་བྱས་ཀྱང་། ཐེངས་འདིར་ཡར་ལངས་བྱེད་མཁན་གྱི་གྲྭ་བ་ཚོའི་རྒྱབ་རྩར་སློབ་ཕྲུག་དང་གཞུང་གི་ལས་བྱེད་ཚོ་ལངས་ཡོད། དེ་མིན་བོད་ཀྱི་ས་ཁུལ་གཞན་ཁག་ལའང་དེ་མཚུངས་ཀྱི་ཡར་ལངས་བྱས་ཡོད་པས། ཉེན་རྟོག་པ་དང་དམག་མི་ཚོས་བོད་མི་༦༠༠༠་ཙམ་འཛིན་བཟུང་
བཙོན་འཇུག་བྱས།

ད་ལྟ་དཔོན་རིགས་ཚོས་བོད་པ་རྣམས་ཞི་འཇམ་བཟོ་བའི་ཐབས་ལམ་ཁོ་ན་ནི། མ་འཛུགས་མང་པོ་བྱེད་པ་དང་མཉམ་དུ་གདུག་རྡུབ་ཅན་གྱི་དྲག་གནོན་ཐབས་ལམ་ལག་ལེན་བསྟར་གྱི་ཡོད། དགོན་སྡེ་ཁག་ཏུ་སྤེལ་བཞིན་པའི་རྒྱལ་གཅེས་ཆོས་གཅེས་ཞེས་པའི་ལས་འགུལ་ཁྲོད་དུ་དགེ་འདུན་པ་ཚོ་གོང་ས་མཆོག་དང་རྒྱང་ཐག་རིང་དུ་འདུག་དགོས། གྲྭ་བ་མང་པོ་ཞིག་གཏན་འཇགས་དང་གཏན་འཇགས་མ་ཡིན་པའི་སྒོ་ནས་དགོན་པར་འཛུལ་མི་ཆོག་པ་བཟོས་པ་མ་ཟད། བླ་མ་ཁ་ཤས་བཙོན་འཇུག་དང་སློབ་སྦྱོང་ར་བར་བརྫངས་ཡོད། བླ་བྲང་བསང་ཁོག་ནས་ཡིན་པའི་རང་སྲེག་ངོ་རྒོལ་བ་རྡོ་རྗེ་རིན་ཆེན་དང་འབྲེལ་བ་ཡོད་པའི་མི་དྲུག་ཚུད་པའི་རང་ལུས་མེར་སྲེག་ལ་བསྟེན་ནས་རང་སྲོག་འདོར་མཁན་རྣམས་ལ་རྒྱབ་སྐྱོར་བྱས་པའི་དོགས་གཞི་ཅན་གྱི་མི་རྣམས་བཙོན་འཇུག་བྱས་ཡོད།

པེ་ཅིང་གི་དབང་བསྒྱུར་བ་ཚོས་ཁོང་ཚོའི་བོད་ཀྱི་སྲིད་ཇུས་སྐོར་ལ་མང་ཚོགས་ནང་བགྲོ་གླེང་བྱེད་འཇུག་གི་མེད། ཐ་ན་ཧོང་ཀོང་ཁོ་ནའམ་ཕྱི་རྒྱལ་གྱི་གསར་ཁང་ཁག་བརྒྱུད་ནས་བོད་ཀྱི་གནད་དོན་གླེང་སློང་བྱེད་ཕོད་མཁན་གྱི་རྒྱ་རིགས་ཁ་ཤས་ལས་མེད། བོད་ཀྱི་གཞས་ཚིག་རྩོམ་པ་པོ་ཚེ་རིང་འོད་ཟེར་ལ་གཉེན་སྒྲིག་བྱས་པའི་རྩོམ་པ་པོ་ཝང་ལི་ཞུང་ནི་རྟུལ་ཕོད་ཀྱི་རྒྱ་རིགས་ཁ་ཤས་ནང་གི་གཅིག་ཡིན། ཁོང་གིས་སེམས་སུ་ཇི་སྲིད་གོང་ས་ཏཱ་ལའི་བླ་མར་བཅིངས་བའི་འཁོན་སེམས་དེ་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་སྒྲིག་འཛུགས་ནང་གི་དཔོན་རིགས་སྟོང་ཕྲག་མང་པོའི་འཚོ་ཐབས་སུ་འགྲེལ་བ་དེ་སྲིད་དུ་འགྱུར་བ་ཅི་ཡང་མི་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད།

བོད་མི་རྩོམ་པ་པོ་དེས་སྡོམ་ཚིག་འདི་འདྲ་ཞིག་བཀོད། “ང་ཚོའི་སེམས་སུ་མདུད་པ་ཞིག་ཡོད། དབང་འཛིན་པ་ཚོས་གྲྭ་བ་རྣམས་ཕྱི་མི་ལྟ་བུར་ངོས་འཛིན་གྱི་འདུག ཁོང་ཚོར་རང་གི་བསལ་ཚུལ་བརྗོད་པའི་རང་དབང་སྟེར་གྱི་མེད་ཅིང་། སྲིད་དོན་གྱི་ཐག་གཅོད་ཁག་གི་ནང་དུ་འཛུལ་ཞུགས་བྱེད་འཇུག་གི་མེད་པ་སྨོས་མ་དགོསཔ་ཞིག་རེད།”

བོད་ཀྱི་དཀའ་སྡུག་སེལ་བའི་ཐབས་ལམ་ཞིག་ཡོད་དམ། རྩོམ་པ་པོས་རང་གིས་འཚར་ལོངས་ལ་བློ་བརྟན་འགྱུར་མེད་ཀྱིས་བརྗོད་རྒྱུར། དགོན་པའི་མཁན་པོ་ཚོས་འགན་ཁུར་ཞིང་། ཆོས་སྲིད་གཉིས་ངོ་བོ་གཅིག་ཏུ་ཡོད་པའི་བོད་ཀྱི་སྐུ་དྲག་ལམ་ལུགས་ཀྱི་གཞུང་ཞིག་བསྐྱར་གསོ་ཡོང་བཅུག་ན་ནོར་འཁྲུལ་ཞིག་ཡིན་པར་ངེས། གྲྭ་བ་མང་པོ་ཞིག་གིས་འདི་འདྲའི་ལམ་ལུགས་ལ་དགའ་མོས་བྱེད་སྲིད།

བོད་ཀྱི་མ་འོངས་བར་འདམ་ཀ་གཞན་པ་ཡོད་མེད་ཀྱི་ཐད་ནས། “ ང་ཚོས་ངེས་པར་དུ་མང་གཙོ་ལམ་ལུགས་ལག་བསྟར་བྱེད་དགོས། དེ་ཡང་མང་གཙོའི་ལམ་ལུགས་ཏེ་ཡིན་གཅིག་མིན་གཉིས་ནུབ་ཕྱོགས་པའི་མང་གཙོའི་ལུགས་སྲོལ་ཡིན་དགོས་དོན་མེད་པར། བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་མང་གཙོའི་ལམ་ལུགས་ཤིག་ཡིན་ཆོག་གི་རེད། འདི་ལྟར་མ་བྱུང་ན་ང་ཚོའི་གནས་སྟངས་ཁག་པོ་ཞིག་གི་ནང་དུ་ལྷག་སྲིད། ”

(ཨན་སྒྲི་རེ་སི་ལོ་རན་རྫི་ནི་ལྗར་མན་གྱི་གསར་འགྱུར་དུས་དེབ་སྒྲེར་སི་པེའེ་རྒལ་གྱི་གསར་འགོད་པ་ཞིག་ཡིན།)

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to བོད་མི་ཏང་ཡོན་ཞིག་གིས་བོད་ནང་གི་གནས་བབ་ཐེར་འདོན་བྱེད་པ།

  1. ཀླུ་སྨྱོན་ ནས།

    འདི་དང་ཆ་འདྲ་བ་ཞིག་མཐོང་སོང་དྲན།

Write a Reply or Comment

Your email address will not be published. Required fields are marked *

*