ཁྱེད་ཀྱི་བུ་ཕྲུག་ལ་འདི་ལྟར་ཤོད།

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

ཁྱེད་ཀྱིས་མི་རིགས་དཀར་པོ་རྣམས་ཨ་རི་བ་ཐོག་མའི་མི་ཡིན་ཟེར་མོད། ང་ཚོས་དོན་ངོ་མར་བརྒྱ་ཆ་བརྒྱ་ཡིས་ང་ཚོ་ཁོ་ན་ནི་ཨ་རི་བ་ཐོག་མའི་མི་རུ་ཁས་འཆེ་བ་ཡིན་ལ། དེ་བས་ང་ཚོས་ཁྱེད་ཅག་གིས་སློབ་གྲྭའི་ནང་སློབ་བུ་དག་ལ་ཨ་རི་བ་ཐོག་མའི་མི་ཡི་སྐོར་སློབ་དུས། ཁོང་ཚོར་ཨ་རི་བ་ཐོག་མའི་མིའི་སྐོར་གྱི་བདེན་དོན་ངོ་མ་དེ་སློབ་པའི་རེ་སྐུལ་ཞུ།

ང་ཚོས་སློབ་གྲྭའི་ནང་གི་ལོ་རྒྱུས་དག་དབྱིན་ཇི་དང་མཐུན་ཕྱོགས་ཡིན་མིན་ཆ་མི་འཚལ། འོན་ཀྱང་། ང་ཚོས་དེ་དག་ཐམས་ཅད་ཨ་རིའི་གདོད་མའི་(American Indian)མི་མང་ཚོའི་མི་ཚེ་ལ་དྲང་བདེན་མིན་པ་རྟོགས་ཏེ། དེ་དག་གིས་མི་རིགས་དཀར་པོའི་རྒྱལ་ཁ་ཐམས་ཅད་ལ་གཡུལ་འགྱེད་དང་གདོད་མའི་མིའི་རྒྱལ་ཁ་ཡོད་ཚད་ལ་དམར་གསོད་ཟེར་ཞིང་འབོད། ཁ་སི་ཊར་(Custer)དང་ལྷན་གྱི་གཡུལ་འགྱེད་དེའང་སློབ་གྲྭའི་སློབ་མ་ཚོར་ང་ཚོའི་ཕྱོགས་ཀྱི་འཇིགས་སུ་རུང་བའི་དམར་གསོད་ཅིག་ཏུ་བསླབས་ཡོད། དེ་བས། ང་ཚོས་དོན་རྐྱེན་འདི་དང་ད་དུང་གཞན་དང་གཞན་ཐམས་ཅད་དྲང་བདེན་གྱི་སྒོ་ནས་ཤོད་པའི་རེ་སྐུལ་ཞུ། གལ་སྲིད་ཁ་སི་ཊར་གྱི་གཡུལ་འགྱེད་དེ་དམར་གསོད་ཡིན་ཚེ། བོང་སྒྲེ་སྒྲི ནེ་(Wounded Knee)ཅི་ཞིག་ལགས།

ལོ་རྒྱུས་ཀྱི་དཔེ་དེབ་དག་གིས་གདོད་མའི་མི་རྣམས་དམར་གསོད་པ་རེད་ཟེར་ནས་སློབ་མོད། དེ་ནི་ཉེན་སྲུང་སླད་དུ་དམར་གསོད་བྱས་པ་ལས་ཅི། གདོད་མའི་མི་ཚོས་མི་རིགས་དཀར་པོ་བསད་པའི་རྒྱུ་མཚན་གང་ལགས་ཤེ་ན། མི་རིགས་དཀར་པོ་དག་གིས་ཁོང་ཚོའི་ས་ཆ་འཕྲོག་པ་དང་། རི་དྭགས་རྔོན་ས་དག་ལ་གཏོར་བཤིག་བཏང་ཞིང་། ནགས་ཚལ་དག་མེར་བསྲེགས་པ་དང་། མ་ཧེ་བསད་པ་རེད། མི་རིགས་དཀར་པོ་ཚོས་ང་ཚོའི་མི་དམངས་ལས་གནས་སོགས་ཀྱིོ་སྟེང་དུ་བཀར་འཇུག་བྱས་པ་དང་དེ་ནས་བཀར་འཇུག་གི་ལས་གནས་དེ་ཡང་འཕྲོག་པ་རེད། མི་རིགས་དཀར་པོ་ཞིག་གིས་ཁོང་ཚོའི་ཕ་གཞིས་སྲུང་སྐྱོབས་བྱས་པ་རྒྱལ་གཅེས་པར་བསྙད་ཅིང་། གདོད་མའི་མི་ཚོས་དེ་ལྟར་གཅིག་མཚུངས་སུ་བགྱིས་པ་དམར་གསོད་པ་རུ་བསྟབས་སོང་།

མི་རིགས་དཀར་པོ་ཚོས་གདོད་མའི་མི་ཚོར་ངོ་ལོག་པ་ཟེར། རེད་དེ། མི་རིགས་དཀར་པོའི་ཕྱོགས་ཀྱིས་ཆིངས་དོན་རྩིས་མེད་བྱས་པའི་སྐོར་མི་གླེང་།

མི་རིགས་དཀར་པོ་ཚོས་ང་ཚོ་ཀོ་བའི་གནས་ཁང་རིད་པོ་དག་གི་ནང་སྒོ་ལ་ཟྭ་དང་སྐོར་སྲུང་སོགས་གང་ཡང་མ་དགོས་པར་སྡོད་མོད་ད་དུང་གདོད་མའི་མི་ཚོ་རྐུན་མ་རེད་ཟེར། མི་རིགས་དཀར་པོ་ཚོས་གདོད་མའི་མི་ཚོ་ཀླ་ཀློ་རུ་འབོད། དཔལ་ཡོན་ཟེར་བ་ཡང་སྙིང་ཅི་ཞིག་ལགས། དེ་ཡི་རྟགས་དང་མཚན་མ་ནི་རྩ་ཆེ་བའི་ཆོས་ལུགས་དང་མཚན་ཉིད་རིག་པ། གདོད་མའི་སྒྱུ་རྩལ། རོལ་མོའི་དབྱངས་རིས། སྒྲུང་དང་གཏམ་རྒྱུད་ཕྱུག་པོ་དག་མ་ཡིན་ནམ། དེ་དག་ནི་ངེད་ཅག་ལའང་བདོག

ང་ཚོས་སྲོག་ཆགས་ཀྱི་འབོད་སྒྲ་དང་རླུང་གི་ཤུགས་རིང་། ཆུ་མོའི་ཤང་ཤང་གི་སྒྲ་བཅས་རང་བྱུང་གི་གླུ་སྒྲ་ཡོད་ཚད་དེ་དག་གི་སྒྲ་དབྱངས་ཁྲོད་གྲགས་པ་ལྟར་གྱི་གླུ་དབྱངས་དག་ལེན་གྱིན་ཡོད། འདི་དག་ཁྱེད་ཅག་གི་བུ་ཕྲུག་ཚོར་སློབས་དང་ཁོང་ཚོའང་ང་ཚོ་ཇི་བཞིན་རང་བྱུང་ལ་དགའ་བར་འགྱུར་སྲིད།

ང་ཚོར་དུས་ནམ་ཡང་སྨྲ་བ་ལ་འགྲན་ཟླ་ཡོད་མ་སོང་པའིོ་རང་ཉིད་ཀྱི་དབུ་ཁྲིད་ཡོད་ལ། ཁོང་ཚོའིོ་སྨྲ་ལྕེ་རྒོད་པོ་དེ་ཡི་བླ་མེད་ཀྱི་ཡོན་ཏན་གྱི་སླད་དུ་བུ་ཕྲུག་ཚོར་ང་ཚོའི་མི་བུ་ཚོའི་གདམས་པ་རེ་འགའ་སློབས་ཤིག

ང་ཚོས་རྩེད་རིགས་མང་པོ་འགྲན་པ་ཡིན་ལ། རྩེད་རིགས་ཀྱང་ལུས་བདེ་ཞིང་འཕྲོད་བསྟེན་ཇེ་བཟང་དུ་གཏོང་ཐུབ་པ་ཤ་སྟག་ལགས་ན། འདི་དག་ཁྱོད་ཚོའི་སློབ་གྲྭ་ཁག་གི་ནང་མི་འཇོག་དོན་ཅི་ཡིན་ནམ། ང་ཚོས་སྒྲུང་མང་མང་ཞིག་ཤོད་ཀྱིན་ཡོད། སློབ་གྲྭའི་ནང་གི་བུ་ཕྲུག་ཚོར་ང་ཚོའི་མི་མང་གི་ཕན་ནུས་ལྡན་པའི་གཏམ་དཔེ་དང་གཏམ་རྒྱུད་རིགས་མི་སློབ་དོན་ཅི་ཡིན་ནམ། མཛེས་སྡུག་གིས་གཏམས་པ་ཡོད་ཚད་ལ་ང་ཚོ་ཅི་ཙམ་དགའ་བའི་སྐོར་ཁོང་ཚོར་ཤོད། ང་ཚོས་ རི་དྭགས་སོགས་རྔོན་བྱའི་རིགས་ཁ་ཟས་ཁོ་ནའི་སླད་དུ་བསད་པ་ལས་ཀྱལ་ཀ་དང་ཀུ་རེ་ཡི་ཕྱིར་དུ་གཞར་ཡང་མིན། གདོད་མའི་མི་ཚོས་ཀྱལ་ཀའི་སླད་དུ་གཞན་སྲོག་འཕྲོག་མཁན་གྱི་མི་རིགས་དཀར་པོ་རྣམས་ནི་ལག་དམར་དུ་འདོད་ཀྱིན་ཡོད།

ཁྱེད་ཀྱི་བུ་ཕྲུག་ལ་གདོད་མའི་མི་ཚོས་ཆེས་ཐོག་མར་ས་འདིར་ཡོང་ནས་གཞི་འཛིན་མཁན་གྱི་མི་རིགས་དཀར་པོ་རྣམས་ལ་མཛའ་གཤིས་ཀྱི་རྣམ་འགྱུར་ཅི་ཙམ་བསྟན་པ་ཤོད། ཁོང་ཚོར་ང་ཚོའི་དབུ་ཁྲིད་རྣམ་པ་དང་དཔའ་རྒོད་རྣམ་པ་དང་ཁོང་ཚོའི་རླབས་ཆེ་བའི་བྱ་བཞག་སྐོར་ཤོད། ཁྱེད་ཅག་གི་ལོ་རྒྱུས་སློབ་དེབ་ནང་དུ་གདོད་མའི་མི་ཚོས་འཛམ་གླིང་དམག་ཆེན་གྱི་ཆ་ཤས་བླངས་པའི་སྐོར་ཆུགས་ལ། གདོད་མའི་མི་ཚོས་རང་ཉིད་མངའ་འབངས་སུ་མི་འགྲོ་བའི་ཡུལ་ལུང་ཞིག་གི་ཆེད་དང་། ཁོང་ཚོ་རང་ཉིད་ལ་དགོས་མཁོ་གང་ཡང་མེད་པའི་རྒྱལ་དར་ཞིག་གི་སླད་དང་། རང་ཉིད་ལ་དྲང་སྙོམ་མིན་པའི་ལྟ་སྟངས་འཛིན་མཁན་གྱི་མི་མང་ཞིག་གི་དོན་བཅས་སུ་འཐབ་འཛིང་ཅི་ཙམ་བྱས་པའི་སྐོར་ཤོད།

ང་ཚོས་གཙོ་འཛིན་འདི་ཉིད་ལ་ང་ཚོའི་མི་མང་གི་རྩ་ཆེའི་དྲན་ཐོ་དག་གཅེས་ཉར་བྱེད་པའི་རེ་སྐུལ་ཞུ།

༡༩༢༧

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to ཁྱེད་ཀྱི་བུ་ཕྲུག་ལ་འདི་ལྟར་ཤོད།

  1. ཀླུ་སྨྱོན་ ནས།

    ནུབ་ཕྱོགས་སྤྱི་ཚོགས་སུ་བོད་མི་ནུབ་འགྱུར་འདི་ཧ་ཅང་ཚབས་ཆེ། གཙོ་བོ་ཁྲག་རྒྱུན་འགྱུར་བཞིན་པ་འདི་འཇིགས་སུ་རུང་། མི་རབས་གཉིས་གསུམ་རྗེས་སུ་བོད་པ་ཤུལ་མེད་རེད། ངའི་སྤོ་བོ་རྨོ་བོ་དེ་ཚོ་བོད་པ་རེད་ཟེར་བ་ཙམ་ལས་ཆོས་དང་རིག་གཞུང་གི་རྗེས་ཤུལ་ཕྲ་མོ་ཙམ་ཡང་ལྷགས་རྒྱུ་མ་རེད།

  2. སྦྲ་རིགས་ཐོགས་མེད་ ནས།

    སྐད་ཆ་ཐུང་ནའང་གནད་ལ་ཁེལ་པ་ཁ་ཤས་བཤད་འདུག རྒྱ་བོད་ཀྱི་འབྲེལ་བའི་སྐོར་ནས་ཀྱང་དེ་དང་འདྲ་མཚུང་རང་རེད།

Write a Reply or Comment

Your email address will not be published. Required fields are marked *

*