གནའ་སྔ་མོར་རྩོམ་རིག་ཟེར་བ་ཞིག་ཡོད། དེང་སྐབས་ཅི་ཞིག་རེད།(སྔ་མ)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་རྗམ་སི་སལ་ཊར།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

མི་ཚེའི་ནང་ཆེས་གལ་འགངས་ཆེ་བའི་བྱ་གཞག་དང་པོ་དེ་ཚིག་གྲུབ་གཅིག་གི་ནང་ལ་ཞིབ་འབྲི་བྱེད་ཐུབ་ཅིང་ཡོད་ཚད་བྱ་གཞག་དེའི་སྟེང་དུ་རག་ལས། ཆེས་གོ་སླ་བོའི་ཐོག་ནས་བརྗོད་ན། དེ་ནི་སྐད་ཆ་བཤད་པ་སྦྱོང་དགོས་པ་དེའོ།། དབྱིན་ཡིག་དང་སི་བཱ་ཧེ་ལེ། འཇར་པན་ཡི་གེ་སོགས་གང་ཡིན་རུང་སྐད་ཡིག་ནི་འགྲོ་བ་མིའི་གནས་སྟངས་ལ་མེད་ཐབས་མེད་པ་ཞིག་ཡིན། སྐད་ཡིག་མེད་ན་དེ་རུ་ཅི་ཡང་མེད། འཇིག་རྟེན་གྱི་མཛེས་སྡུག་དང་འཚོ་གནས་ཀྱི་མཛེས་སྡུག གལ་ཏེ་ཁྱོད་དགའ་ན་འཚོ་སྡོད་ཀྱི་སྡུག་བསྔལ་ཡང་ཟེར་ཆོག ཡིན་ཡང་། སྐད་ཡིག་མེད་ན་དེ་དག་མཚོན་ཐབས་བྲལ།

སེམས་ཅན་དུད་འགྲོ་དག་ནི་ང་ཚོའི་རོགས་ཟླ་རེད། ཡིན་ཡང་། ཇི་ལྟར་བསྡུར་ཡང་ཁོང་ཚོས་སྐད་ཆ་བརྗོད་ཐུབ་ཀྱི་མེད། ཐ་ན་ཆེས་གཟི་བརྗིད་ཅན་ནམ་རིག་པ་ཅན་གྱི་ཉ་བོ་ཆེ་དང་གླང་ཆེན། སེངྒེ་བཅས་ལའང་དཀོན་མཆོག་གམ་འཇིག་རྟེན་བྱེད་པོ་ཞིག་མེད། ངོ་བོའི་རྣམ་པ་གང་ཞིག་ཡིན་རུང་། ང་ཚོའི་དཀོན་མཆོག་གི་གོ་རྟོགས་དང་ཕྱག་མཆོད་བཅས་ཡོངས་སུ་སྐད་ཡིག་ལ་བརྟེན་ཡོད་སྟེ། གསོལ་འདེབས་དང་གསུང་ཆོས། མགུར། དམ་པའི་གསུང་རབ་བམ་གཞུང་གཞན་ཚང་མ་སྐད་ཡིག་ལ་བརྟེན་ཡོད་པའི་ཕྱིར། སྐད་ཡིག་མེད་ན་དཀོན་མཆོག་བཞུགས་ཡོད་ངེས་ཀྱང་། ཡིན་ཡང་། ཁོང་ཞིབ་འབྲི་བྱེད་མི་ཐུབ།

ཕུན་སུམ་ཚོགས་པའི་སྐད་ཡིག་དེའི་གཟི་བྱིན་དང་ཁྱབ་རྒྱ། སྒྱུ་རྩལ་བཅས་ཀྱི་སྟེང་དུ་སྐད ཡིག་དེའི་ནུས་ཤུགས་གནས་ཡོད། གསལ་རིག་སྡུད་གསུམ་ལྡན་པའི་ཐོག་ནས་སྐད་ཆ་བརྗོད་པ་ནི་ལག་ཏུ་གློག་དམར་ཞིག་བཟུང་ཡོད་པ་དང་མཚུངས། ང་ཚོ་མཁྱེན་རྒྱ་ཆེ་ཞིང་ཁོང་ཚོ་སོ་སོ་མཚོན་ནུས་པའི་སྐྱེས་བུ་དག་གི་ཕྱོགས་སུ་ཤོར་འགྲོ་གི་ཡོད། དཔེར་ན། ཊོག་ཊར་རྗོན་སིན་དང་ཤེད་ཁུ་སི་ཕེ་ཨར་ལྟ་བུའོ།། ཁོང་ཚོ་ལྟ་བུ་དག་གི་སྐད་ཡིག་གིས་སྙན་ངག་པ་དང་དཔའ་བོ་ཚོའི་སྐད་ཡིག་ལ་རོལ་དབྱངས་ཞུགས་འཇུག་གི་ཡོད། གཏོར་བཅོམ་བྱེད་མི་ནུས་པའི་ཚེ་སྲོག་གམ་འཚོ་བའི་གནས་ཚད་ངེས་ཅན་ཞིག་ཁོང་ཚོ་ལ་དབང་།

ཡིན་ན་ཡང་། དེ་རུ་སྐད་ཡིག་གཅིག་ཙམ་ལས་མི་ཚད། གཉིས་ཡོད་སྟེ་བཤད་འབྲི་ཡི་སྐད་ཡིག་བཅས་སོ།། བཤད་བརྗོད་སྐད་ཡིག་ནི་དབུགས་གཏོང་ལེན་བྱེད་པ་དང་མཚུངས། འབད་རྩོལ་བྱེད་མི་དགོས་པར་བརྗོད་ཐུབ། འབྲི་རྩོམ་གྱི་སྐད་ཡིག་ནི་གནད་དོན་གཞན་ཞིག་རེད། འབྲི་ཀློག་སྦྱོང་བ་ནི་དཀའ་ངལ་ཅན་གྱི་ལས་དོན་ཞིག་ཡིན། དེ་ནི་གཞུང་སྒོ་གཉིས་པ་ཞིག་དང་འདྲ། ཁྱོད་རང་སྒོ་མོ་དེ་བརྒྱུད་བ་དང་ཁྱེད་རང་ཡངས་ཤིང་རྫོགས་མཐའ་མེད་པའི་འཆར་ཡན་གྱི་གཞུང་ལམ་ཞིག་གི་སྟེང་ལ་འགྲུལ་འགོ་ཚུགས་ཡོད། ཁྱོད་ལ་biblios ཡི་རྔམ་སྟོན་བཤམས་བསྡད་ཡོད། ངས་ biblios ཞེས་པའི་ཐ་སྙད་འདི་བཟོས་བ་ཡིན། དེ་ནི་དཔེ་ཁང་དང་ཡིག་ཚང་ཀུན་བཏུས་ཆེན་མོའི་དོན་ཡིན། ཕྱོགས་གང་སར་ཐ་སྙད་བཟོས་བ་མང་པོ་མི་འདུག ཤེད་ཁུ་སི་ཕེ་ཨར་གྱིས་ཁྱོན་ཡོངས་ཐ་སྙད་ཉིས་ཁྲི་ལས་མང་བ་བེད་སྤྱོད་བྱས་ཡོད་ཅིང་ཕལ་ཆེར་ཐ་སྙད་བཅུ་གཉིས་ནང་གི་གཅིག་ཁོ་རང་གིས་བཟོས་ཡོད་པ་རེད། ཉུང་མཐར་དེའི་སྔོན་བེད་སྤྱོད་བྱས་པ་ཤེས་རྟོགས་བྱུང་མེད། རྒྱལ་པོ་རྗམ་སིའི་ཡི་ཤུའི་གསུང་རབ་དང་བསྡུར་ན་ཕྱི་མའི་ནང་དུ་ཐ་སྙད་མི་འདྲ་བ་བརྒྱད་སྟོང་ཙམ་འདུས།

Biblios ནང་དུ་དཔེ་དེབ་དག་དང་ལག་བྲིས་མ་དག ཚགས་པར་དག དྲྭ་ཚིགས་དག་གི་པར་སྐྲུན་དག འཕྲིན་ཡིག་དག བྱ་དངོས་ཀྱི་བྱེད་ལུགས་ཚང་མ་འདུས་ཡོད། དེའི་ཁྲོད་ནས་དཔེ་དེབ་དག་ནི་ཆེས་གལ་ཆེ་ཤོས་རེད། དེ་དག་བཀླགས་པ་ན་ཁྱོད་རང་འབྲི་རྩོམ་པ་ཞིག་བྱེད་པའི་སྐུལ་ལྕག་རག་གི་རེད། དེ་འདྲའི་གོམས་གཤིས་ཤིག་སྔོན་ཆད་ནས་རྒྱུད་ལ་གོམས་ཡོད། ང་རང་སྒེར་ངོས་ནས་ཆ་ཚང་བཀླགས་པའི་དཔེ་དེབ་དང་པོ་ནི་“ནུབ་གླིང་གི་མདུན་ལྗོངས་སུ་ཡོད་ཚད་ཁུ་སིམ་སིམ”་ཞེས་པ་དེ་ཡིན། ངས་དཔེ་དེབ་དེ་བཀླགས་རྗེས་དེ་ཡིས་ང་རང་འབྲི་རྩོམ་པ་ཞིག་ཏུ་འགྱུར་འདོད་བཅུག་སོང་ངམ་ཡང་ན་དེབ་དེ་བཀླགས་པ་དང་ང་རང་ཀློག་པ་པོ་འདོད་པ་ཆེན་པོ་ཞིག་ལ་གྱུར་སོང་ཞེས་སྨྲ་མི་ཐུབ། ཡིན་ཡང་། ལྷུག་རྩོམ་དེའི་ནང་གི་གསང་བའི་གཏམ་དང་གོ་སླ་བའི་འབྲི་ཐབས་དེས་ང་ལ་ཤུགས་རྐྱེན་གཏིང་ཟབ་པོ་ཞིག་སྤྲད་སོང་།

ལོ་རྒན་དྲུག་ཅུ་འགོར་ཚར་བ་རེད། ཐ་ན་དེང་སྐབས་ཡང་ངས་དེའི་ནང་གི་ཐིག་ཕྲེང་དག་དྲན་སོས་ཀྱི་འདུག རྗེས་སུ་ངས་རྣ་བས་གོ་བ་ཡིན་ན་རྗར་མེན་ཐོན་གསར་དུས་དེབ་ཅིག་གི་རྩོམ་སྒྲིག་པ་བྱས་མྱོང་བའི་ཨེ་རི་ཆི མཱ་རའི རེ་མར་ཁུ་ཡིས་ཁོང་གི་ལས་ཀ་བསྐྱུར་ཏེ་རྟོག་སྒྲུང་ཞིག་འབྲི་བར་ཐག་གཅོད་བྱས་འདུག ཁོང་ཚོས་ཁོང་ལ་ཁྱོད་སྨྱོས་འདུག་ཅེས་བརྗོད་ཡོད་པ་རེད། ཡིན་ན་ཡང་། ཌའི་ཌེ་མེ་ཡི་གནད་དོན་དག་དང་ཟ་མའི་རིགས ༼ཡང་ན་གང་ཡིན་རུང་༽་བཅས་ཀྱི་མ་དཔེ་ཕལ་ཆེ་བ་ཡོངས་རྫོགས་རྩ་བརླག་ཏུ་ཕྱིན་ཡོད། ཡིན་ཡང་། རྟོག་སྒྲུང་ད་དུང་མི་སྣང་བར་གྱུར་མེད།

དོན་དམ་པའི་ཤེས་ཡོན་ཞིག་ནི་དཔེ་ཀློག་ཡག་པོ་བྱེད་པའི་སྒང་ལ་བཞག་འདུག་པ་ངས་རྟོགས་ཡོད། དེ་ནི་ལྟ་བ་ཞིག་ཡིན་པ་སྨྲོས་ཅི་དགོས། ལོ་ངོ་བཅུའམ་ཡང་ན་དེ་ལས་མང་བ་་ཞིག་གི་རིང་ལ་ངས་དཔེ་ཆ་བཀླགས་ཐུབ་པ་ཚང་མ་བཀླགས་པ་ཡིན། ལོ་ངོ་འདི་ཚོ་ནི་དཔེ་ཆའི་འཇིག་རྟེན་ལ་འགྲུལ་བཞུད་བྱས་པའི་ངོ་མཚར་ཆེ་བའི་ལོ་ཟླ་ཞིག་ཡིན། བརྒྱུད་རིམ་འདིའི་ཁྲོད་དུ་ང་ལ་གསར་རྟོགས་མང་པོ་བྱུང་སོང་ལ། རང་མཐོང་ཡང་ཡར་རྒྱས་སུ་ཕྱིན་སོང་། དཔེ་ཀློག་ནི་མེད་ཐབས་མེད་པའི་བྱ་འགུལ་ཞིག་ཏུ་ཆགས་ཡོད་པའི་མི་བུ་དག་གི་སྔུན་ལ་ང་རང་གཏན་ནས་འབྱོར་ཐུབ་མེད་ནའང་། ང་ཁོང་ཚོ་ལས་ལྷག་པའི་སྒང་ལ་འཛེགས་ཡོད།

ད་ལྟ་ངས་ཉུང་ངུ་ཀློག་གི་ཡོད། ཕལ་ཆེར་དཔེ་ཀློག་གི་ཡི་ག་འགག་པས་ཡིན་ས་རེད། དཔེ་ཀློག་ནི་སྤྲོ་སྐྱིད་ཅིག་རེད་འདུག་ཅིང་། ༼ངས་དཔེ་དེབ་ཉུང་ངུ་ཞིག་བཀླགས།༽ ད་ལྟ་ཁོ་བོས་ལས་ཀ་བྱེད་བཞིན་པའི་ཁུལ་ཡིན། ཡིན་ཡང་། ང་རང་དཔེ་དེབ་ལ་དབྱིངས་བརླགས་མེད། ངའི་མི་ཚེའི་ནང་གི་དཔེ་ཀློག་གི་གནས་བབ་གཙོ་བོ་ལ་འགྱུར་བ་ཐེབས་མེད།

སྐབས་ཤིག་ངས་འཆི་བའི་སྐོར་ལ་བསམ་བློ་ཡང་ཡང་བཏང་བ་ཡིན། ང་ཕལ་ཆེར་ལོ་ན་སུམ་ཅུ་ལ་སོན་སྐབས་ངས་རང་ཉིད་ལ་“ཁྱོད་ཀྱི་མི་ཚེའི་སུམ་ཆ་གཅིག་ལས་མང་བ་འདས་ཟིན་པ་རེད”་ཅེས་བརྗོད་པ་ཡིན། རྒྱུ་མཚན་མི་འདྲ་བ་གཞན་ཞིག་གི་ཆེད་དུ་ངས་དེའི་སྐོར་ལ་ཡང་བསྐྱར་བསམ་གཞིགས་གཏོང་འགོ་བརྩམས་ཡོད། ང་རང་གནའ་བོའི་སྣང་བརྙན་དང་གཙང་བོ་ལ་བརྒལ་བའི་གཟུགས་བརྙན་ལ་དགའ། མཚམས་རེར་དུས་ལ་ཐོན་དུས་ངས་རང་ཉིད་རང་ཉིད་དང་ལྷན་དུ་ཅིག་བསྡད་ན་བསམ། རིན་གོང་ཆེ་བའི་ལག་འདོགས་ཆུ་ཚོད། དངུལ་དང་གྱོན་ཆས། སོ་བཀྲུ་བཅས་མེད་ཀྱང་ཆོག འདི་དག་མེད་ཀྱང་ང་འགྲོ་ཐུབ་ཀྱི་ཡོད། ཐ་ན། ཁ་སྤུ་མ་བཞར་ཡང་ཆོག ཡིན་ཡང་། ངེས་ཅན་གྱི་དཔེ་དེབ་དག་༼དཔེ་དེབ་འདི་དག་ལས་ཀྱང་བརྒལ་བའི་ངའི་བྲིས་རྩོམ་ཐམས་ཅད་དང་པར་སྐྲུན་བྱས་མེད་པ་དག༽མེད་པར་ང་རང་འགྲོ་ཐུབ་བམ།

ཁ་སྔོན་ངས་དྷ་བྷོད ཨེ་སན་བྷར་གྷུ་ཡི་རྩོམ་ཡིག་ཅིག་ཀློག་བཞིན་ཡོད། འབྲི་རྩོམ་པ་དེར་ང་གཏན་ནས་ཐུག་མ་མྱོང་། ཁོང་གི་རྩོམ་ཡིག་དེའི་མིང་ལ་“འགོག་རྒོལ”་ཟེར། རྩོམ་ཡིག་དེ་ཧ་ཅང་ཡག་པོ་བྲིས་འདུག དེ་ཡིས་ང་ལ་རྩོམ་པ་པོ་གྲགས་ཅན་བཱར་རྗིན་ནེའུ ཝུའུ་ལི་ཧྥུ་ཡི་རང་ཚུགས་དང་གདེང་སྤོབས། རྟོགས་བདེ་བའི་རང་བཞིན་གྱི་འབྲི་ཐབས་དག་བཅས་དྲན་དུ་བཅུག་སོང་། རྩོམ་ཡིག་དེ་བཀླགས་ནས་དཀྱིལ་ལ་བསླེབས་དུས་ངས་རྩོམ་ཡིག་དེའི་བརྗོད་བྱ་“གཅིག་མཚུངས་ཀྱི་རྐྱེན་ངན་གོད་ཆགས་དེས་དངོས་དོན་དུ་དགོས་འདུན་རེ་རེའམ་ཡང་ན་རྙོག་འཛིངས་ཆེ་བའི་འབྲི་རྩོམ་གྱི་ཉམས་མྱོང་དེ་ང་ཚོའི་རིག་གཞུང་གི་ས་མཚམས་དག་ལས་བརྒལ་བའི་སར་བཞག་ཡོད”་ཅེས་པའི་ཐིག་ཕྲེང་གིས་མཇུག་རྫོགས་པར་བྱས་ཡོད་པ་མཐོང་།

དེ་རུ་ངས་ཀློག་མཚམས་བཞག ང་ལ་བསམ་བློ་མང་པོ་ཞིག་འཁོར་སོང་། དེ་དག་མ་སེལ་བར་དུ་ངས་བཀླགས་མ་ཐུབ། “གཅིག་མཚུངས་ཀྱི་རྐྱེན་ངན་གོད་ཆགས”་ཟེར་བ་དེས་ང་ལ་ཀཱ་གཟན་གཟའ་ཁེ་ Kazantzakis ཡིས་ཞིབ་རྟོགས་བྱས་པའི་འཇིག་རྟེན་འདིའི་ Apollonian ཕྱི་ཤུན་དེང་སྐབས་ཀྱི་དུས་རབས་ནང་ཆག་གྲུམ་ཤོར་འདུག་ཅིང་། ག་ཤེད་ཅིག་གི་གཤམ་འོག་ནས་ Dionysian གྱི་ཕྱི་ཤུན་དེ་མདུན་ངོས་སུ་བླུགས་སོང་ཞེས་ཟེར་པ་དེ་དྲན་པ་སོས་སུ་བཅུག་སོང་།

དེའི་རྗེས། ཚིག་གྲུབ་དེའི་མཇུག་མཐའི་ཐ་སྙད་དག་སྟེ་“ང་ཚོའི་རིག་གཞུང་གི་ས་མཚམས་དག”་ཅེས་པའི་སྐོར་རེད། དེ་ལས་ལྡོག་མི་ནུས་པའི་དྲི་བ་སྟེ་ཅི་ཞིག་ལ་རིག་གཞུང་ཟེར་ཞེས་བ་དང་ཅི་ཞིག་ང་ཚོའི་རིག་གཞུང་དུ་གྱུར་ཡོད་ཅེས་པ་དེ་ཡོང་གི་ཡོད། ཚིག་མཛོད་ནང་“འཐོབ་བྱ་དག་བསྡོམས་པའི་ཁྱོན་བསྡོམས་དང་ཤེས་རྟོགས་བྱུང་བའི་དུས་ཡུན་ངེས་ཅན་ཞིག་གམ་མི་རྣམས་ཀྱི་སྤྱོད་ལུགས་ཀྱི་སྒྲོམ་གཞི་དག”་ཅེས་འགྲེལ་བརྗོད་བྱས་འདུག དེ་ནི་ཁ་གསལ་བོ་མི་འདུག དེའི་ཚབ་ལ་ངས་རིག་གཞུང་གི་གྲུབ་ཆ་དག་ཅི་ཞིག་ཡིན་པ་བསམ་གྱི་ཡོད་པ་དེ་བརྗོད་ཆོག ཁོ་བོས་རིག་གཞུང་ནི་སྐད་ཡིག་དང་སྒྱུ་རྩལ། ལོ་རྒྱུས་དང་གོམས་སྲོལ་དག་རེད་ཅེས་བརྗོད་ངེས།

ང་ཚོས་དར་ཁྱབ་ཆེ་བའི་རིག་གཞུང་ནི་ཅི་ཞིག་ཡིན་པ་དང་དེ་ཡིས་མཐོ་རིམ་རིག་གཞུང་དབང་འོག་ཏུ་བསྡུས་ཡོད་པ་ཤེས་ཀྱི་ཡོད་པ་རེད། དེའི་མཇུག་འབྲས་དག་ཅི་ཞིག་ཡིན་པ་ད་དུང་ཡོངས་སུ་ཤེས་རྟོགས་བྱུང་མེད། ཕོབ་ Pop རིག་གཞུང་གི་མགོ་འདོན་གནང་མཁན་སྔ་མའི་གཞོན་སྐྱེས་ཧ་ཅང་མང་པོ་ཞིག་དང་དེང་སྐབས་ཀྱི་གཞོན་སྐྱེས་དག་གིས་དེ་ནི་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཏུ་བཏང་ཡོད་ཅིང་མུ་མཐུད་དུ་དར་རྒྱས་གོང་འཕེེལ་དུ་གཏོང་གི་ཡོད་པ་རེད། གད་སྙིགས་ལྟ་བུའི་སྐུ་ཞབས་རྗོར་རྗི ལུའུ་ཁཱ་ཡི་མུ་འབྲེལ་བརྙན་འཕྲིན་ཏེ་“སྐར་ཆེན་དམག་འཁྲུག”ནི་ཆེས་ལྟ་མཁན་མང་པོ་བྱུང་བའི་གློག་བརྙན་ཞིག་དང་འཛམ་གླིང་ཡོངས་ཁྱབ་ཀྱིས་གླེང་མོལ་བྱུང་བ་ཞིག་རེད། མཚམས་རེར་དེ་ནི་སྒྱུ་རྩལ་བརྩམས་ཆོས་ལེགས་པོ་ཞིག་ལ་འོས་འཚམས་སུ་བརྩི་གིན་ཡོད། ང་ཚོས་བྲོ་བ་ཇེ་སྡུག་ལ་འགྲོ་བ་ཁོ་ན་ཞིག་དངོས་སུ་མཐོང་གི་ཡོད་པ་རེད་དམ། ཡང་ན་ཁྲོ་ཅན་དམག་འཁྲུག་རྙིང་བའི་ཚབ་བྱེད་ནུས་པའི་རྟོག་སྒྲུང་གསར་པ་ཞིག་གི་ཐོག་མའི་འབྱུང་ཁུངས་མཐོང་གི་ཡོད་པ་རེད། ཡང་ན། ཁྲོ་ཅན་དམག་འཁྲུག་གི་འགྲམ་དུ་གྱེན་དུ་འགྲེངས་ཡོད་པ་མཐོང་གི་ཡོད་པ་རེད། སྤྱི་པའི་མ་དངུལ་གྱི་གཟི་བྱིན་དར་ཁྱབ་བྱུང་བ་དང་ལྷན་དུ་ཡུན་རིང་ལོ་རྒྱུས་ལྡན་པའི་ཁྱད་ནོར་གྱི་རིན་ཐང་ཚད་གཞི་དག་དུས་འདི་ནས་བཟུང་ཟུར་དུ་གཡུག་གི་རེད།

མུ་འགོད།
(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་ 1 བཀོད་འདུག

One Response to གནའ་སྔ་མོར་རྩོམ་རིག་ཟེར་བ་ཞིག་ཡོད། དེང་སྐབས་ཅི་ཞིག་རེད།(སྔ་མ)

  1. ཀླུ་སྨྱོན་ ནས།

    རྩོམ་རིག་དཔྱད་བརྗོད་གཅིག་པོ་མ་ཡིན་པར་གནའ་དེང་གི་རྩོམ་ཡིག་གྲགས་ཅན་རེ་ཟུང་བསྒྱུར་ཐུབ་ན་ཡག་པོ་འདུག

Write a Reply or Comment

Your email address will not be published. Required fields are marked *

*