ཅིའི་ཕྱིར་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་སྤྲོད་དགོས་སམ།

(གཞི་རིམ་ཤེས་ཡོན་སྲིད་བྱུས་དང་ཕ་སྐད་ནང་ལ་བསྒྱུར་པའི་སྒྲིག་སྲོལ་གཏན་འབེབས། ཅིའི་ཕྱིར་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་སྤྲོད་དགོས་སམ།)

སྐར་ཁུང་རྩོམ་སྒྱུར་ཚོགས་ཆུང་གིས།
རྩོམ་པ་པོ་སྐལ་བཟང་དབང་འདུས།

མ་རྩོམ་ལ་གཟིགས་ན་འདི་རུ་བསྣུན།

༢༠༠༤ལོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་རྡ་རམ་ས་ལ་རུ་“བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས”་ཡོངས་ཁྱབ་གསལ་བསྒྲགས་བསྐྱངས་ཡོད་པ་རེད། འདིས་འོས་བསྡུའི་ཐོབ་ཐང་ཡོད་པའི་བཙན་བྱོལ་བོད་མིའི་ས་ཁུལ་འདྲ་མིན་ནང་ལ་དགའ་སྤྲོ་འཕེལ་བཅུག་སོང་ལ་སེམས་འཚབ་ཀྱང་གང་འཚམ་ཞིག་བསླངས་སོང་། དེ་ལྟ་ནའང་། མི་དམངས་ཀྱི་གླེང་སྟེགས་དག་གི་ནང་དུ་བཀའ་མོལ་མང་ཆེ་ཤོས་ཤིག་ནི་གཏན་འབེབས་སློབ་ཚན་དང་སློབ་ཁྲིད་གཉིས་ཀ་རང་གི་ཕ་སྐད་ནང་ཁྲིད་དགོས་པའི་གནད་དོན་སྐོར་རེད། དེ་ལ་བརྟེན་ནས་སྲིད་བྱུས་འདིའི་ཅུང་གལ་ཆེ་བའི་ཁྱད་ཆོས་དག་གཏིང་བརྗེད་དུ་འགྲོ་བཞིན་ཡོད་པ་རེད། དེའི་འབྲས་བུར་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་འདི་ཕ་སྐད་ནང་དུ་བསྒྱུར་བ་ཁོ་ན་ལ་ནན་བཤད་རྐྱང་བ་བྱེད་པའི་ལམ་ལུགས་དང་མི་མཐུན་པའི་བྱེད་སྟངས་ཤིག་གིས་བཙན་ཁྲིད་བྱས་ཡོད་ཅིིིང་། འདིས་བཙན་བྱོལ་བོད་མིའི་སློབ་གྲྭ་དག་སྟངས་འཛིན་བྱེད་མཁན་ཤེས་ཡོན་གྱི་སྡེ་ཚན་དག་གི་ཁྲོད་ལ་དགོས་མེད་ཀྱི་འགལ་ཟླ་ཞིག་སློང་གིན་ཡོད།

ཐ་ན་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཡིག་ཆའི་དགོངས་དོན་ལག་བསྟར་བྱེད་བཞིན་པའི་སློབ་གྲྭ་དག་གི་ནང་དུ་ཡང་༼སྔོན་འགྲོ་སློབ་གྲྭ་ནས་རང་གི་ཕ་སྐད་ནང་ལ་སློབ་ཚན་གཏན་འབེབས་དང་སློབ་ཁྲིད་བྱེད་དགོས་པར་བསྒྱུར་ཡོད་པ་ཕུད། འདི་ནི་ཕྱི་ལོ་༡༩༨༠ལོའི་ལོ་མཇུག་དང་༡༩༩༠ལོའི་ལོ་འགོ་ནས་བཟུང་འགོ་འཛུགས་བྱས་ཡོད་པ་རེད།༽ སློབ་གྲྭའི་དགེ་རྒན་དག་གི་སློབ་ཁྲིད་སྦྱོང་བརྡར་དག་ལ་འགྱུར་བ་ཕྲན་བུ་ལས་འགྲོ་གི་མེད་པ་རེད། ཚིག་ཐག་ཆོད་པའི་ཐོག་ནས་བརྗོད་དགོས་པ་ཞིག་ལ་རྩོམ་ཡིག་འདིའི་བརྗོད་སྙིང་ནི་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་རང་གི་ཕ་སྐད་ནང་ལ་བསྒྱུར་དགོས་པར་ཁུངས་བཅོལ་གྱི་ཡོད་ནའང་ཕ་སྐད་ཅན་དུ་བསྒྱུར་བ་ནི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དམིགས་བསལ་ཁྱད་ཆོས་ཡིན་པའི་དོན་གཏན་ནས་མིན་ནོ།། རྩོམ་པ་པོས་བཙན་བྱོལ་བོད་མིའི་གཞི་རྩའི་ཤེས་ཡོན་སྲིད་བྱུས་ཕ་སྐད་ཅན་དུ་བསྒྱུར་བ་དང་བོད་པའི་འདུ་ཤེས་ཡོད་མཁན་ཅན་དུ་བསྒྱུར་བ་གཉིས་ཀ་འདྲ་མཉམ་བཟོ་བའི་ཡོངས་གྲགས་ཀྱི་རྟོག་སྒྲུང་ཞིག་ཡུན་གནས་བཟོ་བཞིན་ཡོད་པ་དེའི་ཉེན་ཁ་རྟོགས་ཀྱི་ཡོད།

(འདི་ནི་དཔེ་སྟོན་སློབ་གྲྭའི་སློབ་མ་ཞིག་རེད། རྡ་སར་ཡོད་པའི་སློབ་གྲྭ་འདི་ནི་བཙན་བྱོལ་བོད་མིའི་གཞི་རྩའི་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ས་གཙོ་བོའོ།།)

འབྲིང་རིམ་སློབ་གསོ་ཕ་སྐད་ནང་ལ་བསྒྱུར་བར་དགག་པ་བྱེད་མཁན་རྣམས་ཀྱིས་རྒྱུ་མཚན་འདྲ་མིན་འདྲེན་གྱི་ཡོད་སྟེ། དཔེར་ན། རྒྱུན་རིང་བོར་ཞིབ་འཇུག་སློབ་གཉེར་བྱེད་པ་དང་བོད་ཡིག་གི་སྟེང་ནས་ལས་ཀ་འཚོལ་བའི་གོ་སྐབས་དབེན་པ། བོད་ཡིག་ནང་ལ་སློབ་ཁྲིད་བྱེད་ཐུབ་པའི་དགེ་རྒན་དཀོན་པ། ཤེས་ཡོན་དང་འབྲེལ་བའི་རྒྱུ་ཆ་དག་བོད་ཡིག་ནང་ལ་བསྒྱུར་བ་དཀོན་པ་སོགས་ལུང་འདྲེན་བྱེད་ཀྱི་ཡོད། འདི་དག་ནི་རྒྱུ་མཚན་ལྡན་པའི་གནད་དོན་ཞིག་རེད། དཀའ་ངལ་འདི་དག་སེལ་བར་ཐབས་བྱུས་དང་འབད་རྩོལ་ཆེན་པོ་བྱེད་དགོས། ཕ་སྐད་ཅན་དུ་བསྒྱུར་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་སྒང་ལ་རྒྱབ་སྐྱོར་བྱེད་མཁན་མང་ཆེ་བར་དེའི་སློབ་གྲྭའི་དགེ་རྒན་གྱི་དགེ་མཚན་ཐད་ལ་ཞིབ་འཇུག་པ་དག་གིས་ཅི་ཞིག་བརྗོད་ཀྱི་ཡོད་མེད་སྐོར་ལ་ཁུངས་སྣེ་མི་འདུག ཁོང་ཚོའི་རྩོད་གླེང་དག་ནི་རྨོངས་དད་དང་ཡང་མིན་ན་ཕལ་ཆེ་བ་ཚོར་ཤུགས་དྲག་པོའི་དབང་དུ་སོང་བ། ཆབ་སྲིད་དང་མི་རིགས་རིང་ལུགས་ཀྱི་སྙིང་དོན་དག་ལ་གཞིར་འཇོག་གི་འདུག འདི་ན་ཤེས་ཡོན་སློབ་སྟོན་པའི་འབོད་སྐུལ་གྱི་སྟོང་ཆ་ཤིན་ཏུ་ཆེན་པོ་ཞིག་ལྷག་ཡོད་པ་རེད། དེར་བརྟེན། འདི་ནི་ཆེད་སྦྱོང་མ་ཡིན་པའི་སྐད་ཡིག་ཅིག་གི་ནང་དུ་ཤེས་ཡོན་རང་གི་ཕ་སྐད་ཅན་ལ་བསྒྱུར་དུས་སློབ་གསོ་དང་སློབ་གྲྭའི་དགེ་རྒན་གྱི་ལྟ་ཚུལ་སྐོར་ལ་འགྲེལ་བརྗོད་བྱེད་པར་འབད་བརྩོན་བྱེད་པའི་རྩོམ་ཡིག་ཅིག་ཡིན།

ལྟ་གྲུབ་ཀྱི་སྒྲོམ་གཞི་དག

མྱུར་མགྱོགས་ཅན་གྱི་གོ་ལ་གཅིག་གྱུར་དང་རིག་གཞུང་དང་སྐད་རིགས་ལ་སྣང་ཆུང་གཏོང་བ་ཇེ་ཆེར་འགྲོ་བཞིན་པའི་དུས་རབས་འདིའི་ནང་རང་གི་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་ནི་དུས་རབས་ཉེར་གཅིག་གི་སའི་གོ་ལའི་མི་སེར་གཞི་རྩ་ནས་སྐྱེད་སྲིང་བྱེད་པར་ཕན་ནུས་ལྡན་པའི་སྲིད་བྱུས་ཤིག་ཡིན་པ་ཆ་འཇོག་གནང་གི་ཡོད་པ་རེད། དེས་མཐོ་རིམ་ཤེས་ཡོན་ལེགས་འགྲུབ་འབྱུང་བར་ངེས་བརྟན་བཟོ་བ་མ་ཟད། ཕུགས་རྒྱང་རིང་བོའི་དུས་ཡུན་ནང་ཕན་ནུས་ཐོན་པ་དང་མི་ཚོགས་ཧྲིལ་བོ་སློབ་གསོའི་ལས་དོན་ནང་འཛུལ་ཞུགས་བྱེད་དུ་འཇུག་པའི་ནུས་པ་ལ་སྙན་གྲགས་ཆེ། ངས་འདི་ནས་ཞིབ་འཇུག་གྲུབ་འབྲས་དག་དང་འབྲེལ་བའི་གནད་དོན་གཙོ་བོ་གཉིས་ཀྱི་སྒང་ལ་ཞིབ་ཚགས་པོའི་ཐོག་ནས་འགྲེལ་བརྗོད་བྱེད་འདོད།

ཀ༽ གོ་དོན་ཡག་པོ་རྟོགས་ཐུབ་པའི་ཁག་ཐེག་བྱེད་པ།
ཤེས་ཡོན་གྱི་སློབ་ཚན་དག་ལ་སློབ་གཉེར་དང་འབྲེལ་བ་བྱེད་པར་རང་གི་ཕ་སྐད་ནི་ཆེས་ལས་སླ་ཤོས་དང་རྒྱུད་ལམ་ཡག་ཤོས་ཡིན་པའི་དོན་དངོས་འདི་རྟོགས་པར་ཤེས་ཡོན་པའི་སྦྱངས་སྟོབས་ཀྱི་ཡོན་ཏན་ཆེན་པོ་ཞིག་དགོས་ཀྱི་མེད། ཕ་སྐད་ནི་ལྷན་སྐྱེས་དང་རང་བཞིན་ཞིག་རེད། འདི་འདྲ་ཡིན་སྟབས་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་གྱིས་སློབ་མ་ཚོར་སློབ་ཚན་གྱི་བརྗོད་སྙིང་ཡག་པོ་རྟོགས་པར་རོགས་རམ་གནང་གི་ཡོད། ཕ་སྐད་ནི་སློབ་གཉེར་གྱི་རྒྱུད་ལམ་ཆེས་ཡག་ཤོས་ཡིན་པ་གཅིག་པུ་མ་རེད། སྤྱིར་བཏང་བྱས་ན།ཕ་སྐད་ཅན་དུ་བསྒྱུར་བ་འདིས་གཏན་འབེབས་སློབ་ཚན་ནང་ལ་ས་ཁུལ་གྱི་ཤེས་བྱ་མང་པོ་འཇུག་པར་སྣེ་ཁྲིད་ཀྱི་ཡོད་ཅིང་། གཏན་འབེབས་སློབ་ཚན་འདི་ནི་བྱིས་པའི་ཁོར་ཡུག་དང་རིག་གཞུང་། ལོ་རྒྱུས་ཀྱི་གནས་སྟངས་དག་དང་ཐག་ཉེ་བ་ཡོད། ང་ཚོའི་གནས་བབ་འདིའི་འོག་ནས་བརྗོད་ན་གཞི་རྩའི་ཤེས་ཡོན་ཕ་སྐད་ཅན་དུ་བསྒྱུར་བ་འདིས་བོད་པའི་འདུ་ཤེས་ཡོད་མཁན་དུ་བསྒྱུར་བར་བྱེད་པ་ལ་དངོས་ཡོད་ཀྱི་བདེན་དཔང་སྟོན་རྒྱུ་ཡོད།༼༡༽ འདིས་དགེ་སློབ་གཉིས་ཀས་བརྗོད་དོན་སློབ་གཉེར་བྱེད་པར་ས་ཁུལ་གྱི་སློབ་གཉེར་རྒྱུ་ཆ་དག་ཕུན་སུམ་ཚོགས་པར་གཏོང་གིན་ཡོད། དེ་ལ་བརྟེན་ནས་ཁྱིམ་ཚང་དང་སློབ་གྲྭ་དབར་གྱི་དབྱེ་འབྱེད་དང་མཐུད་མཚམས་ཁ་འཕྲལ་དེ་ཇེ་ཉུང་དུ་གཏོང་གི་ཡོད་པ་རེད།

ཁ༽ འདིས་སྐད་ཡིག་གཉིས་པ་སྦྱོང་བར་རམ་འདེགས་བྱེད་ཀྱིན་ཡོད།
ད་དུང་། ཞིབ་འཇུག་པ་དག་གིས་བསྟན་དོན་ལྟར་ན། རང་གི་ཕ་སྐད་ནང་སློབ་ཁྲིད་གནང་པ་ཡིན་ན་དེས་བྱིས་པ་ཚོས་ཚན་རིག་དང་ཨང་རྩིས། སྤྱི་ཚོགས་ཞིབ་འཇུག་སོགས་ཀྱི་སློབ་ཚན་དག་ལ་གྲུབ་འབྲས་གཡར་དུ་ཟ་བ་ལེན་པར་རམ་འདེགས་བྱེད་པ་མ་ཟད། སྐད་ཡིག་གཉིས་པ་ཞིག་གམ་གསུམ་པ་ཞིག་སྦྱོང་བ་ལའང་གཞོག་འདེགས་གནང་གི་ཡོད་པ་བསྟན་འདུག སྐད་རིགས་སྨྲ་བ་དཔེར་ན་ཁུ་རོབ་ཧྥོབ་སྒྲི་Crawford༼༢༽ཡིས་འདི་འབྲི་ཀློག་གི་ནུས་རྩལ་ཕན་ཚུན་བརྗེ་ལེན་དང་སྐད་ཡིག་འདྲ་མིན་བར་གྱི་ཤེས་བྱ་བརྗེ་ལེན་གྱི་དཔེ་མཚོན་ཐོག་ནས་འགྲེལ་བཤད་བརྒྱབས་ཡོད། སྐད་ཡིག་དག་ལ་མངོན་གསལ་གྱི་མི་འདྲ་ས་ཡོད་པ་ལ་མ་བལྟོས་པར་དེ་དག་གི་བར་དུ་ལྷན་སྐྱེས་ཀྱི་མཐུན་ཆོས་དང་འདྲ་ཆོས་ཤིན་ཏུ་ཕྲ་མོ་མང་པོ་ཡོད་པ་རེད། འདི་ནི་གང་འཚམ་ཞིག་“ཀུན་ཁྱབ་བརྡ་སྤྲོད”་ཅེས་པའི་བརྡ་ཆད་ཀྱིས་འགྲེལ་བཤད་གནང་འདུག་སྟེ་སྐད་ཡིག་མང་ཆེ་ཤོས་ལ་བརྡ་སྤྲོད་ཀྱི་ཐུན་མིན་མ་ཡིན་པའི་འདྲ་མཚུངས་ཀྱི་ཁྱད་ཆོས་ངེས་ཅན་འགའ་ཡོད་པ་རེད། དཔེར་ན། དབྱངས་དང་གསལ་བྱེད། ཐ་སྙད་ཀྱི་གཞི་རྩའི་གོ་རིམ། བྱེད་པ་པོ་དང་བྱ་བའི་ཡུལ། མིང་ཚིག་དང་བྱ་ཚིག སྒྲ་གདངས་བཅས་ཡོད་པ་དག་གོ།

ཁཱ་མིན་སུ༼༣༽་ཡིས་གཤེར་གཟུགས་ཀྱི་རང་བཞིན་དང་འདྲ་བར་ལས་སླ་བོའི་ཐོག་བརྗེ་ལེན་བྱེད་ནུས་པའི་སྐད་ཡིག་དག་གི་ཁྱད་ཆོས་འདི་ལ་““སྐད་ཡིག་ཐུན་མོང་གི་ཕུལ་དུ་བྱུང་བའི་གཞི་རྩའི་ཁྱད་ཆོས””་ཞེས་འདོགས་ཀྱིན་ཡོད་པ་རེད། དཔེར་ན། བོད་ཡིག་ནང་གི་““བྱ་ཚིག””་གི་གོ་བ་དང་འགྲོ་སྟངས་དག་ཡག་པོ་ཤེས་བའི་བོད་པའི་སློབ་མ་ཞིག་གིས་ཨིན་ཇི་སྐད་ཡིག་ནང་གི་““བྱ་ཚིག””་དག་ལས་སླ་བོར་རྟོགས་ཐུབ་པ་ལྟ་བུ་རེད། འདི་ལ་““སྐད་ཡིག་བརྗེ་ལེན””་ཟེར། ང་རང་གིས་བོད་པའི་སློབ་གྲྭ་དག་གི་འཛིན་ཁང་ནང་དུ་སོང་ནས་རྟོགས་ཞིབ་ཐེངས་མང་བྱས་སྐབས་ཨིན་བོད་སྐད་ཡིག་དབར་ལ་འདི་ལྟ་བུ་བརྗེ་རེས་བྱེད་ཆོག་པའི་དཔེ་མཚོན་མང་པོ་ཞིག་མཐོང་སོང་།


(ཁཱ་མིན་སུ་ཡི་“སྐད་ཡིག་ཐུན་མོང་གི་ཕུལ་དུ་བྱུང་བའི་གཞི་རྩའི་ཁྱད་ཆོས”་ཀྱི་འདྲ་མཚུངས་རེའུ་མིག)

སྐད་གཉིས་སྨྲ་བའི་རིང་ལུགས་ཀྱི་བློའི་འཛིན་རྣམ་བཞག་དག་སྟེ། དཔེར་ན། མངོན་འགྱུར་ལྟོས་གྲུབ་ཚོད་དཔག་རྣམ་བཞག༼Developmental Interdependence Hypothesis༽་གིས་བྱིས་པ་ཞིག་གི་སྐད་ཡིག་གཉིས་པའི་ཤེས་ཚད་དེ་ཁོང་སྐད་ཡིག་དང་པོར་བྱང་ཆ་ཇི་ཙམ་ཐོན་ཡོད་པ་ལ་ཕྱོགས་ཙམ་རག་ལུས་ཡོད་པའི་དགོངས་ཚུལ་བཏོན་ཡོད། དེ་ཡིས་སྐད་ཡིག་གི་དགོས་མཁོ་ནི་ཁྱོད་ཕམ་ང་རྒྱལ་གྱི་རྩེད་མོ་ཞིག་མིན་པ་དང་སྐད་ཡིག་ཅིག་ནས་སྐད་ཡིག་གཞན་ཞིག་ལ་ཕན་ཚུན་གྱི་སྦྱང་གོམས་དང་གོ་དོན་དག་བརྗེ་ལེན་བྱེད་ཆོག་པ་ཞིག་ཡོད་པ་དངོས་ཡོད་ཡིན་པ་སྟོན་གྱི་ཡོད། སྐད་ཡིག་དང་པོའི་ནང་གི་འབྲི་ཀློག་གི་རྨང་གཞི་ཡིས་འཐོབ་བྱ་སྐད་ཡིག་གཉིས་པ་གཞི་འཇོག་སའི་དགོས་ངེས་ཀྱི་གོ་རྟོགས་འཕེལ་རྒྱས་དེ་སྐྲུན་གྱིན་ཡོད། འཛམ་གླིང་ས་ཕྱོགས་འདྲ་མིན་ནས་ཞིབ་འཇུག་༼༥༽བྱས་པ་དག་གིས་བསྟན་དོན་ལྟར་ན། ཐོག་དང་པོར་རང་གི་ཕ་སྐད་ནང་ལ་སློབ་སྦྱོང་སྤྲད་པའི་བྱིས་པ་དག་འཛམ་གླིང་སྐད་ཡིག་གི་ཤེས་ཡོན་སློབ་སྦྱོང་མང་བ་ཐོབ་ཡོད་པའི་ཁོ་རང་ཚོའི་ན་མཉམ་བྱིས་པ་དག་དང་བསྡུར་ན་གྲུབ་འབྲས་ཡག་པོ་བླངས་ཡོད་པའམ་ལེན་ཐུབ་ཀྱི་ཡོད་པ་སྟོན་གྱིན་ཡོད།

ཞིབ་འཇུག་གི་གྲུབ་འབྲས་དག

ལྟ་གྲུབ་འདི་ཚོའི་བསམ་བློའི་སྒྲོམ་གཞི་དག་གི་ཡོལ་བའི་ལྡོག་ཕྱོགས་ནས་ཞིབ་འཇུག་པ་དག་གིས་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་སློབ་གསོའི་ཤུགས་རྐྱེན་དག་གི་སྐོར་ལ་ཞིབ་འཇུག་བྱས་པའི་གྲུབ་འབྲས་དག་ལ་བལྟས་ན་དགའ་སྤྲོ་འཕེལ་ངེས་པ་ཡིན། རྒྱལ་སྤྱིའི་རང་བཞིན་གྱི་ཞིབ་འཇུག་བྱས་པའི་གནད་དོན་ཉུང་ཤས་ཤིག་དང་དེ་བཞིན་དུ་བོད་པ་ཚོའི་ཉམས་མྱོང་འགའ་ཁོ་ན་འདིར་ལུང་འདྲེན་བྱས་ཡོད།

ཀ༽ རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་ཞིབ་འཇུག

འཛམ་གླིང་དངུལ་ཁང་ཞིག་གིས་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བྷར་ཁི་ནཱ་ཧྥ་སོ་ལ་ཞིབ་འཇུག་བྱས་ཏེ་༼༦༽ཤེས་རྟོགས་བྱུང་བ་ལྟར་ན། དང་ཐོག་ནས་མོར་རེས་སྐད་ཡིག་ Moore language ནང་ལ་འབྲི་ཀློག་ཤེས་པའི་བྱིས་པ་དག་ལ་ཧྥ་རན་སི་སྐད་ཡིག་ནང་སློབ་ཁྲིད་བྱེད་འགོ་བརྩམས་སྐབས་ཁོང་ཚོས་ཧྥ་སྐད་ཀྱི་ཤེས་ཡོན་སློབ་གསོ་ཁོ་ན་ནང་ལ་འཛུལ་ཞུགས་བྱས་པའི་སློབ་མ་ཚོ་དང་བསྡུར་ན་ཧྥ་རན་སི་སྐད་ཡིག་དང་ཨང་རྩིས་ལ་གྲུབ་འབྲས་ཡག་པོ་བླངས་ཡོད་པ་རེད། ཧོང་ཀོང་དུ་རྒྱ་ཡིག་ནང་ལ་སློབ་ཁྲིད་བྱས་བའི་རྒྱ་མི་སློབ་མ་དག་གིས་ཨིན་ཇི་སྐད་ཡིག་ནང་ལ་སློབ་སྦྱོང་བྱས་པའི་སློབ་མ་ཚོ་དང་བསྡུར་ན་གྲུབ་འབྲས་ཡག་པོ་བླངས་ཡོད་པ་རེད།༼༧༽ དེ་བཞིན་དུ། བྷི་རཱ་ཛིལ་དུ་ཞིབ་འཇུག་བྱས་པ་༼༨༽ལྟར་ན་ས་གནས་ཀྱི་སྐད་ཡིག་དང་རྒྱལ་ཁབ་ཀྱི་སྐད་ཡིག་སྟེ་པོར་ཅི་གལ་ནང་ལ་འབྲི་ཀློག་གི་ཤེས་ཚད་མཐོར་འདེགས་གཏོང་བར་བྱིས་པ་ཚོའི་ཕ་སྐད་བེད་སྤྱོད་གནང་བ་ཡིན་ན་གྲུབ་འབྲས་ལྡན་པ་འབྱུང་ཐུབ་ཀྱི་ཡོད་པ་དངོས་སུ་ར་སྤྲོད་བྱས་ཡོད་པ་རེད།

ཁ༽ བོད་པའི་ཉམས་མྱོང་དག

༡༩༨༧ནང་དུ་པཎ་ཆེན་རིན་པོ་ཆེ་དང་ང་ཕོད་གཉིས་ཀྱི་དཀའ་སྤྱད་འབད་རྩོལ་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་ཏང་ཨུ་ཡིས་ཤེས་ཡོན་དང་འཛིན་སྐྱོང་། གཞན་སྤྱི་དམངས་ཀྱི་མངའ་ཁོངས་དག་ཏུ་བོད་ཡིག་བེད་སྤྱོད་བྱེད་དགོས་པའི་བཅའ་ཁྲིམས་གཏན་འབེབས་བྱས་ཡོད། དེའི་འབྲས་བུར་༡༩༨༩ལོར་བོད་པ་སློབ་ཕྲུག་ཁྱོན་བསྡོམས་༡༦༡་བསྡུས་ཏེ་སྔོན་འགྲོའི་ལས་འཆར་ལ་ལྷ་ས་ནས་འབྲིང་རིམ་སློབ་གྲྭ་གཉིས་དང་གཞིས་ཀ་རྩེ་དང་ལྷོ་ཁ་ནས་རེ་རེ་བཞིན་བཅས་བསྡོམས་ན་འབྲིང་རིམ་སློབ་གྲྭ་བཞི་དེ་སྔ་འགོ་འཛུགས་བྱས་ཡོད་པ་རེད། ༡༩༩༥ལོར་སྔོན་འགྲོའི་ལས་འཆར་ནང་གི་སློབ་མ་ཚོ་སློབ་མ་གཞན་དག་དང་མཉམ་དུ་སློབ་གྲྭ་ཆེ་བའི་ཡིག་རྒྱུགས་ལ་ཞུགས་ཡོད་པ་རེད། གྲུབ་འབྲས་ཀྱིས་དེ་སྔ་ཁ་གྲགས་ཀྱིན་འདུག ཁེད་ཁྲི་རོ་ནཱ་བྷ་སིས་༼༩༽་ཡིས་གསུངས་བ་ལྟར་ན་སློབ་ཁྲིད་ཀྱི་སྐད་བརྡ་བོད་ཡིག་ཡིན་པའི་སློབ་མ་ཚོའི་ཡིག་རྒྱུགས་འཕྲོད་ཚད་༨༠%་དང་། དེའི་ལྡོག་ཕྱོགས་ནས་སློབ་ཁྲིད་ཀྱི་རྒྱུད་ལམ་རྒྱ་ཡིག་ཡིན་པའི་སློབ་མ་ཚོའི་རྒྱུགས་འཕྲོད་ཚད་༣༩%་ཡིན་འདུག ཐ་ན། རྒྱ་ཡིག་གི་ཡིག་རྩལ་ནང་དུའང་སློབ་ཁྲིད་ཀྱི་རྒྱུད་ལམ་བོད་ཡིག་ཡིན་པའི་སློབ་མ་ཚོའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་ནི་སློབ་ཁྲིད་ཀྱི་སྐད་བརྡ་རྒྱ་ཡིག་ཡིན་པའི་སློབ་མ་ཚོ་ལས་བརྒལ་ཡོད་པ་རེད། སྔ་མའི་རྒྱུགས་འཕྲོད་ཚད་ནི་༦༦%་དང་ཕྱི་མའི་རྒྱུགས་འཕྲོད་ཚད་ནི་༦༡%་ཡིན་པ་རེད། འདི་ལྟ་བུ་གྲུབ་འབྲས་བླངས་བའི་གཏམ་རྒྱུད་བོད་རང་སྐྱོང་ལྗོངས་ཁོ་ན་ནང་ལ་ཚོད་འཛིན་བྱས་ཡོད་པ་མ་རེད། དེ་ནི་ད་དུང་བོད་པའི་ས་ཁུལ་གཞན་དག་སྟེ། མཚོ་སྔོན་དང་ཀན་སུའུ། སི་ཁྲོན་ཞིང་ཆེན་ནང་དུའང་ཁྱབ་ཡོད་པ་རེད། དཔེར་ན། ཆུང་པ་གཞི་རིམ་སློབ་གྲྭ་༢༠༠༢ལོར་སི་ཁྲོན་ཞིང་ཆེན་ནང་གི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལི་ཐང་རྫོང་དུ་བཙུགས་ཡོད་ཅིང་། རྒྱ་ཡིག་སྐད་ཡིག་གཉིས་པའི་ཁོངས་སུ་བཞག་ཡོད་ཅིང་སློབ་ཚན་ཡོངས་རྫོགས་བོད་ཡིག་ནང་ཁྲིད་ཀྱི་ཡོད། ༢༠༠༨ནང་དུ་གཞི་རིམ་སློབ་གྲྭ་དེའི་སྐབས་དང་པོའི་སློབ་མ་ཚོ་སློབ་མཐར་ཕྱིན་འདུག་པ་དང་རྫོང་གི་རྒྱུགས་སྤྲོད་ནང་དུ་ཨང་རིམ་དང་པོ་བླངས་འདུག ཁོང་ཚོས་སློབ་ཚན་ཡོངས་རྫོགས་ནང་ཨང་རིམ་དང་པོ་བླངས་ཏེ་རྫོང་གི་བྱ་དགའ་ཚང་མ་འཁྱེར་འདུག ཐ་ན་རྒྱ་ཡིག་ཡིག་རྒྱུགས་ནང་གི་རྒྱ་རིགས་སློབ་མ་ཚོ་ལས་ཀྱང་བརྒལ་ཡོད་པ་རེད།༼༡༠༽


(རྒྱབ་ཤོག་བྲིས་མའི་སྙན་ཐོ་འདི་ནི་གཞིས་ཀ་རྩེ་ཚོད་ལྟའི་སློབ་གྲྭ་ཡིས་ཕུལ་འདུག)

དེར་བརྟེན། ཤེས་ཡོན་སློབ་གསོ་དང་སློབ་གྲྭའི་དགེ་རྒན་གྱི་བརྡ་ཆད་ཕྱོགས་ནས་སྤྱིར་བཏང་ཞུ་ན། སློབ་མ་དག་གི་སློབ་གཉེར་གོང་འཕེལ་དུ་གཏོང་བ་དང་བྱིས་པ་ལ་ཤེས་ཡོན་དེ་དོན་དང་ལྡན་པ་བཟོ་བར་བྱེད་པའི་ཐབས་ཤེས་གཙོ་བོ་ནི་རང་གི་ཕ་སྐད་གཞིར་བཞག་པའི་ཤེས་ཡོན་སྤྲོད་དགོས་པ་དེ་ཡིན་པ་ཐེ་ཚོམ་གཏན་ནས་ཟ་མི་དགོས་བའོ།། དེས་བརྗོད་བྱའི་གོ་དོན་ཡག་པོ་རྟོགས་པ་དང་དེ་བཞིན་དུ་སྐད་ཡིག་གསར་པ་དག་སྦྱངས་བར་གཞོག་འདེགས་བྱེད་ཀྱིན་ཡོད། ཡིན་ནའང་། འདིར་ངོས་ལེན་མི་བྱེད་ཀ་མེད་ཅིག་ནི་ང་ཚོ་བཙན་བྱོལ་བའི་གནས་བབ་འདི་འདྲའི་འོག་ཤེས་ཡོན་ཕ་སྐད་ཅན་དུ་བསྒྱུར་བ་ནི་དཀའ་ཚེགས་ཆེ་བའི་བྱ་གཞག་ཅིག་ཡིན་པ་ངེས་གཏན་ཡིན་པ་དེའོ།། ཐབས་བྱུས་དང་རྒྱན་དངུལ་ཧ་ཅང་མཁོ། ཕ་སྐད་གཞིར་བཞག་པའི་སློབ་གསོ་འདི་ལས་ཁེ་ཕན་ལེན་པར་བོད་ཀྱི་བྱིས་པ་ཚོ་གནོད་སྐྱོན་ཆེ་བའི་གནས་བབ་ཅིག་གི་འོག་ལ་མ་བཞག་པར་གཞི་རྒྱ་ཧ་ཅང་ཆེ་བའི་ཐོན་ཁུངས་དང་དཀའ་སྤྱད་འབད་རྩོལ། གསར་སྐྲུན་གྱི་རང་བཞིན་ལྡན་པའི་བར་འདུམ་དག་དགོས་ངེས་ཡིན། འདི་ཡིས་སྲིད་བྱུས་དང་མི་དམངས་ཀྱི་གླེང་སྟེགས་དག་གི་ནང་ནས་ཤེས་ཡོན་སློབ་གསོའི་སྒང་ལ་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བགྲོ་གླེང་ཞིག་བྱེད་དགོས་པར་འབོད་སྐུལ་བྱེད་ཀྱི་ཡོད་ཅིང་། ད་དུང་སློབ་སྟོན་པ་དག་གིས་ང་ཚོའི་འབོད་སྒྲ་དག་ཐོས་སུ་འཇུག་པའི་དུས་ལའང་བསླེབས་ཡོད།

ཞབས་མཆན།
[1] Those interested can browse through primary textbooks produced by TCV and DoE, and compare them with textbooks published by CBSE.
[2] See Crawford, J. (2008). Ten common fallacies about bilingual education. In advocating for English learners: Selected essays (pp. 51‐56). Clevedon: Multilingual Matters.
[3] See Cummins, J. (1984). Bilingualism and special education: Issues in assessment and pedagogy. Clevedon: Multilingual Matters.
[4] See Baker, C. (2011). Foundations of bilingual education and bilingualism (5th ed.). Clevedon, UK: Multilingual Matters.
[5] See Dutcher, N. & Tucker, G. R. (1997). The use of first and second languages education: A review of international experience. Pacific Islands Discussion Paper Series 1; Brisk, M. E. (2006). Bilingual education: From compensatory to quality schooling (2nd ed.). Mahwah, NJ: Lawrence Erlbaum Associates; Wang, S. (2007). The failure of education in preparing Tibetans for market participation. Asian Ethnicity, 8(2), 131-148.
[6] See The World Bank. (2005). In their own language…education for all. Retrieved from http://siteresources.worldbank.org/EDUCATION/Resources/Education-Notes/EdNotes_Lang_of_Instruct.pdf
[7] See Wang, S. (2007). The failure of education in preparing Tibetans for market participation. Asian Ethnicity, 8(2), 131-148.
[8] See Baker, C. (2011). Foundations of bilingual education and bilingualism (5th ed.). Clevedon, UK: Multilingual Matters.
[9] Bass, C. (1998). Education in Tibet – policy and practice since 1950. London: Tin/Zed Books.
[10] See Machik. (2008). Graduating Chungba kids placed first. Retrieved from http://www.machik.org/index.phpoption=com_content&task=view&id=107&Itemid=73; Rabgey, T. (2009). Tibet: Hope through engagement. Zeidman Memorial Lecture [Video file]. Retrieved from http://www.youtube.com/watch?v=8BVRmuqb9

(བསྒྱུར་རྩོམ་འདིའི་པར་དབང་སྐར་ཁུང་དྲ་བར་ཡོད།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*