བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་བོད་དང་བསྡུར་ཐབས་མེད་པ་ལྟ་བུར་མཐོང་།

Sangya Tendar

བཅར་འདྲི་ཞུ་ཡུལ། ན་ག་སངས་རྒྱས་བསྟན་དར།
བཅར་འདྲི་ཞུ་མཁན། སྐར་ཁུང་དྲ་བ།

གཅིག
དྲི་བ། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ལ་འཕྲད་ཀྱིན་པའི་ཉེན་ཁ་ཆེ་ཤོས་དེ་གང་རེད་དགོངས་ཀྱིན་ཡོད་དམ།།

ལན། བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ལ་འཕྲད་ཀྱིན་པའི་ཉེན་ཁ་ཆེ་ཤོས་ནི། བོད་ཀྱི་སྐད་ཡིག་ལ་ངོས་འཛིན་ནོར་བ་དང་། དེ་ཡི་དགོས་མཁོ་ངོས་འཛིན་མ་ཐུབ་པ། བོད་ཡིག་གི་གནས་ཚད་གང་འཚམ་ཞིག་མ་སླེབས་བར་བོད་ཡིག་དེབ་མང་པོ་སྤྱོད་རྒྱུར་དཀའ་ངལ་འཕྲད་པ། འཚོ་བའི་ནང་དུ་དབྱིན་ཇིའི་གོ་སར་སླེབས་མ་ཐུབ་པ། ཐ་སྙད་ཡོངས་སུ་གྲགས་པ་དང་གཅིག་མཚུངས་ཆགས་དཀའ་བ། འཛིན་སྐྱོང་དང་མང་ཚོགས་གཉི་གས་བོད་ཀྱི་སྐད་ཡིག་ཐད་ཆགས་ན་ཞོ་དང་མ་ཆགས་ད་རའི་ཚུལ་དུ་ངོས་འཛིན་བྱས་དང་བྱེད་བཞིན་པ་སོགས་ཡིན།

གཉིས།
དྲི་བ། བཙན་བྱོལ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་ཕྱག་ལས་གནང་བཞིན་པ་དག་བོད་ནང་དང་བསྡུར་ཐབས་ཡོད་དམ།

ལན། བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་བོད་དང་བསྡུར་ཐབས་མེད་པ་ལྟ་བུར་མཐོང་། ཕྱོགས་གཅིག་ནས་བོད་ནང་ཡོད་པ་དེ་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉི་ག་རྒྱ་ནག་དམར་པོའི་གཞུང་གིས་འཆར་གཞི་དང་ལྡན་པའི་ཐོག་ནས་མངོན་ལྐོག་གཉི་ག་ཤེས་ཀྱི་ཡོད། དེ་ལ་བརྟེན་ནས་ཁོང་རྣམས་ལ་རིག་གཞུང་རྨེག་མེད་དུ་འགྲོ་བཞིན་པ་མིང་སྔའི་གནས་ཚུལ་དུ་གྱུར་ཡོད། དེར་བརྟེན་ཁོང་རྣམས་རང་རེ་ལས་འབུམ་འགྱུར་གྱིས་འདི་ཐད་བློ་སྟོབས་དང་སེམས་ཤུགས་ཆེ་བ་ཡོད། གཉིས་ནས་བོད་མི་ས་ཡ་དྲུག་ཡོད་པའི་དབང་དུ་བཏང་ན་བཙན་བྱོལ་ནང་དུ་འབུམ་གཉིས་སྐོར་ཞིག་ལས་མེད་ཅིང་། བོད་དུ་བོད་མི་འབུམ་ལྔ་བཅུ་ང་བརྒྱད་ཡོད། དེར་བརྟེན་ཀློག་པ་པོ་ཡང་དེ་མཚུངས་ཀྱི་མང་བ་ཡོད། བརྒྱ་ཆ་བརྒྱ་བརྒྱ་ཆ་བཞི་ཡི་ནུས་པ་དང་བརྒྱ་ཆ་དགུ་བཅུ་གོ་དྲུག་གི་ནུས་པ་རྣམ་གཉིས་དབར་བསྡུར་ཐབས་ཡོད་པར་དགོངས་པ་ནི་རྟོག་པ་རྩིང་བའི་རྣམ་ཐར་ཁོ་ནར་ཟད།

.

གསུམ།
དྲི་བ། བོད་སྐད་ཡིག་ལ་བཀས་བཅད་རིམ་པ་བཞི་བ་ཞིག་དགོས་ངེས་ཀྱི་བསམ་ཚུལ་འདོན་མཁན་ཡོད་རེད། དེའི་སྐོར་དགོངས་ཚུལ་ག་རེ་ཡོད་དམ།

ལན། བཀས་བཅད་དངོས་འབྲེལ་དགོས་པའི་དབང་དུ་བཏང་ན་གསུམ་པར་མ་ཟད་བཞི་པ་ལྔ་པའང་བཏང་ཆོག་ཅིང་། འོན་ཀྱང་ཕན་མེད་ཀྱི་སྐད་ཆ་བཀས་བཅད་དུ་མིང་གདགས་པར་འགྱུར་ན་ནི་དགོས་པ་མེད་པར་སེམས། ཀྲུང་གོའི་རྒྱ་སྐད་ལྟ་བུ་ནི་རིག་གཞུང་ཉམས་ཟིན་པའི་རྒྱའི་སྐད་ཡིག་ཅིག་ཡིན་ཅིང་། དེ་ཡིས་སྔོན་གྱི་གསུང་རབ་རྒྱ་སྐད་ནང་ཡོད་པ་དེ་དག་གོ་མི་ཆོད། དེ་དག་ལ་བཀས་བཅད་བྱས་ཀྱང་དོན་གོ་ཆུང་། ཐེ་ཝན་གྱི་རྒྱ་སྐད་ནི་རིག་གཞུང་མ་ཉམས་པའི་རྒྱ་སྐད་ཅིག་ཡིན་ཅིང་། དེ་དག་ལ་ནི་བཀས་བཅད་མི་དགོས་ཏེ་རིག་གཞུང་དང་སྐད་ཡིག་མ་ཉམས་པ་ལ་བརྟེན་ནས་རིག་གཞུང་རྙིང་པའི་གསུང་རབ་ཇི་མ་ཇི་བཞིན་ཀློག་སྟེ་དོན་གོ་ཐུབ་པའི་ཕྱིར། འབྲུག་གོ་རྫོང་གའི་སྐད་ཡིག་ལྟ་བུ་ནི་བཀས་བཅད་བྱས་ཀྱང་དོན་གོ་ཆུང་། ད་ལྟའི་བོད་དང་བཙན་བྱོལ་ནང་བོད་ཀྱི་སྐད་ཡིག་ལ་ནི་བཀས་བཅད་མི་དགོས་ཏེ་ད་ལྟ་གྲ་མ་ཉམས་གྲུ་མ་ཞིག་པར་ལོངས་སྤྱོད་ཐུབ་པའི་ཕྱིར། སྤྱིར་ན་སྐད་ཡིག་མི་རྟག་པ་ཡིན་པའི་ཕྱིར་ན་འགྱུར་བ་ཇི་སྙེད་ཅིག་འགྲོ་གི་ཡོད་ཀྱང་དེ་དག་ནི་བོད་ཀྱི་བརྡ་སྤྲོད་འགྲེལ་གསར་དེ་དག་གི་ནང་དུ་རིམ་བཞིན་སླེབས་དང་སླེབས་བཞིན་པ་ཡིན། དེར་མ་ཟད་གསར་འགྱུར་དང་གློག་བརྙན་རྣམས་ནས་ཀྱང་འགྱུར་བ་གསར་པ་མང་པོ་སློབ་ཀྱི་ཡོད་པ་རེད། ལན་འདེབས་རྣམས་སྤྱི་རྟོལ་བསྐྱེད་དེ་འཕྲལ་མར་ཞུ་དགོས་བྱུང་སོང་བས་ཐལ་ཆ་སོང་བ་བྱུང་ཡོད་ཚེ་དགོངས་སེལ་ཞུ།


རྩོམ་འདིའི་ནང་མཆན་ 2 བཀོད་འདུག

2 Responses to བཙན་བྱོལ་ནང་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཐད་བོད་དང་བསྡུར་ཐབས་མེད་པ་ལྟ་བུར་མཐོང་།

  1. ཀླུ་སྨྱོན་ ནས།

    ད་ཡིན་ན་ན་ག་ཡང་ཉོག་འདུག ཤུ་རེ་ཁོ།

  2. ངག་དབང་ཡེ་ཤེས་ ནས།

    སྐར་ཁུང་དྲ་བ་འདི་རང་རེ་གངས་ཅན་པའི་སྐད་ཡིག་ལ་ཕན་ཐོགས་ཡོངས་བའི་སྨོན་འདུན་ཡོད་
    བཀྲིས་བདེ་ལེགས།

Write a Reply or Comment

Your email address will not be published. Required fields are marked *

*