ངོ་དེབ་འཛམ་གླིང་ལ་དར། བོད་ཡང་དེའི་ཆ་ཤས་ཤིག

འཇིགས་མེད་ནུབ་པ།

ངས་ཐོག་མར་ངོ་དེབ་བེད་སྤྱོད་གཏོང་འགོ་ཚུགས་དུས་ནི། ཕལ་ཆེར་ངོ་དེབ་འཛམ་གླིང་ལ་སླེབས་པའི་ལོ་ཕྱི་མ་དེ་རེད། སྐབས་དེར། ངའི་ངོ་དེབ་སྟེང་དུ་བོད་མི་ལས་ཕྱི་རྒྱལ་གྱི་མི་མང་། བོད་དང་རྒྱ་གར་སོགས་སུ་ཡོད་པའི་ངའི་གྲོགས་པོ་ཚོའི་ཁྲོད་དུ། ངོ་དེབ་ལབ་ན་ཤེས་མཁན་ཡང་ཉུང་། ཕལ་ཆེར་ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་ཡས་མས་ཤིག་ཡིན་དྲན། བོད་པའི་ཁྲོད་དུ་ངོ་དེབ་བེད་སྤྱོད་གཏོང་མཁན་མང་དུ་ཕྱིན་པ་མ་ཟད། ངོ་དེབ་བརྒྱུད་ནས་བོད་ཀྱི་གནས་ཚུལ་འཛམ་གླིང་ལ་སྒྲོག་མཁན་གྱི་གྲངས་འབོར་ཡང་ཇེ་མང་ལ་ཕྱིན། ངེད་ཀྱིས་ཚོད་དཔག་བྱས་ན། དེ་རིང་སང་ཉིན། བོད་པའི་ཁྲོད་དུ་ངོ་དེབ་བེད་སྤྱོད་གཏོང་མཁན་ཕལ་ཆེར་ཁྲི་གསུམ་བཞི་ཡོད་པ་འདྲ། དེའི་ཁྲོད་དུ་ངོ་དེབ་རྫུན་མ་བེད་སྤྱོད་གཏོང་མཁན་ཡང་ཆིག་སྟོང་ཡོད་པ་ཐག་གཅོད་ཐུབ་པ་ཞིག་རེད།

མི་མང་པོ་ཞིག་གིས། སོ་སོའི་ལས་ཀ་དང་སློབ་གྲྭ་སོགས་ཀྱི་ཟུར་དུ་དུས་ཚོད་སྟོང་པ་ཞིག་རག་ཚེ། མི་མང་པོ་ཞིག་གིས་ངོ་དེབ་སྟེང་དུ་དུས་ཚོད་བསྐྱལ་གྱི་ཡོད་ལ། དེ་ཡང་གཙོ་བོ་རང་གི་བཟའ་མི་དང་གྲོགས་པོ་ལ་འབྲེལ་བ་བྱེད་པ་དང་། ངོ་ཤེས་གསར་བ་བསྒྲིག་པ། ཐ་ན་དགའ་རོགས་གསར་བ་འཚོལ་བ་སོགས་བྱེད་ཀྱི་ཡོད་ལ། འདིའི་ཁྲོད་དུ་བོད་མི་རྣམས་ཀྱང་ཚུད་ཡོད། འདི་རུ་ང་ཚོས་ཨང་རྩིས་ཆུང་ཆུང་ཞིག་རྒྱག ཁྱེད་ཀྱིས་ཉིན་གཅིག་ལ་ངོ་དེབ་སྟེང་དུ་དུས་ཚོད་ཅི་ཙམ་སྐྱེལ་གྱི་ཡོད་དམ། དཔེར་ན། ཁྱོད་ཀྱིས་ཉིན་གཅིག་ལ་ངོ་དེབ་སྟེང་དུ་དུས་ཚོད་གཉིས་ཙམ་སྐྱེལ་གྱི་ཡོད་ཚེ། དེ་ལོ་གཅིག་ལ་བསྒྱུར་ཚེ། དུས་ཚོད་༧༣༠ཆགས་ཀྱི་ཡོད། དེ་ནི་དུས་ཚོད་ཉུང་ཉུང་ཞིག་མ་རེད།

ངོ་དེབ་བརྒྱུད་ནས། ང་ཚོས་མི་སྟོང་ཕྲག་མང་པོར་རང་གི་བསམ་ཚུལ་བཤད་དང་འདྲ་པར་སྟོན་པ། གནས་ཚུལ་བགོ་བ་བཅས་བྱེད་ཀྱི་ཡོད་ལ། འདི་ནི་སྔར་བྱུང་མ་མྱོང་བའི་དྲ་ཐོག་གི་འཇིག་རྟེན་གསར་བ་ཞིག་ཡིན་ཞིང་། འཇིག་རྟེན་འདི་བེད་སྤྱོད་མཁན་ཉིན་རེ་ནས་ཉིན་རེར་ཇེ་མང་ལ་འགྲོ་གི་ཡོད། འཇིག་རྟེན་འདི་བེད་སྤྱོད་གཏོང་མཁན་མང་བ་བཞིན། འཇིག་རྟེན་འདི་བདེ་འཇགས་ཅན་དང་ཉེན་སྲུང་ཅན་ཞིག་ཆགས་རྒྱུ་ཡང་གལ་ཆེ། དེར་བརྟེན། བོད་རིགས་ཀློག་པ་པོ་འགའ་ཤས་ཀྱིས་རེ་འདུན་བཏོན་པ་ལྟར། ངེད་ཀྱིས་ངོ་དེབ་ཀྱི་བདེ་སྲུང་དང་དེའི་གལ་གནད་ཀྱི་སྐོར་བརྗོད་པ་ཉུང་ངུར་བསྡུས་ནས་གླེང་གི་ཡིན།

ངོ་དེབ་ཀྱི་སྐོར་བརྗོད་པ་ལ་ངོ་དེབ་ཀྱི་གསང་ཚིག་དེ་གལ་ཆེ། དེ་ནི་ཁང་པ་ཞིག་ལ་མཚོན་ན་ལྡེ་མིག་ལྟ་བུ་ཡིན། ངོ་དེབ་ཀྱི་གསང་ཚིག་དེ་ཡང་། མགོ་རྙོག་པོ་དང་རིང་པོ། ཐུན་མོང་མ་ཡིན་པ་ཞིག་ཡོད་ན། གཞན་གྱིས་ཁྱོད་ཀྱི་ངོ་དེབ་ལ་ལྐོག་འཛུལ་ལས་སླ་བོར་བྱེད་མི་ཐུབ། དེ་ཡང་། མཚམས་ལན་རེར། གཞན་གྱིས་ཁྱོད་ཀྱི་ངོ་དེབ་བསྔོགས་གི་ཡོད་པ་དང་གསང་ཚིག་བརྐུ་ལ་ཤོར་ཡོད་པའི་དོགས་པ་དང་ཐེ་ཚོམ་སོགས་ཡོང་ཚེ། གསང་ཚིག་ངེས་པར་དུ་བརྗེས། ངོ་དེབ་ཀྱི་གསང་ཚིག་བརྗེ་བ་ལ། ཐོག་མར་སྒྲིག་བཟོ་(Settings )ཟེར་བ་དེའི་ཁོངས་སུ་འཛུལ། དེ་ནས་ཐོ་མཛོད་སྒྲིག་བཟོ(Account Settings)ཟེར་བ་དེ་འདེམས།
Screen Shot 2013-09-24 at 1.07.42 AM

དེའི་རྗེས་སུ། གསང་ཚིག(Password )ཟེར་བ་དེའི་སྒང་ལ་ཕྱིན་ནས་གཡས་སྣེ་ཡི་རྩོམ་སྒྲིག་(Edit)ཟེར་བ་དེའི་སྒང་ལ་བསྣུན།
Screen Shot 2013-09-24 at 1.08.59 AM

དེ་ནས། ད་ཡོད་གསང་ཚིག་(Current Password)་དང་གསང་ཚིག་གསར་བ་(New password)གཉིས་ནང་འཇུག་བྱོས།
Screen Shot 2013-09-24 at 1.08.59 AM

དེ་གྲུབ་རྗེས། འགྱུར་བ་ཉར་ཚགས(Save Changes)ཟེར་བ་དེའི་སྒང་ལ་བསྣུན། དེའི་སྒང་ལ་བསྣུན་རྗེས། གཤམ་གྱི་པར་གཞི་འདི་ཐོན་ཡོང་གི་རེད།
Screen Shot 2013-09-24 at 1.15.31 AM
པར་གཞི་འདིའི་ངོས་སུ། དྲ་ངོས་གཞན་ནས་ང་ཕྱིར་འབུད་ཐོངས་ཟེར་བ་(Log me out of other devices)དང་ང་མུ་མཐུད་དུ་ནང་ལ་འཛུལ་བཅུག་(Keep me logged in)ཟེར་བའི་གདམ་ཀ་གཉིས་ཤར་ཡོང་། སོ་སོའི་ངོ་དེབ་ཀྱི་བདེ་སྲུང་གི་སླད་དུ། དུས་རྟག་དུ་དྲ་ངོས་གཞན་ནས་ང་ཕྱིར་འབུད་ཐོངས་(Log me out of other devices)ཟེར་བ་དེ་འདེམས། དེ་ལྟར་བྱས་ན། གལ་སྲིད་ཁྱེད་ཀྱི་ངོ་དེབ་སྟེང་ལ་བརྒྱུད་ལམ་གཞན་པ་ནས་མི་འཛུལ་ཡོད་ཚེ། རང་བཞིན་གྱིས་མི་དེ་ཕྱིར་འབུད་གཏོང་གི་རེད་ལ། ཁྱེད་ཀྱིས་ཀྱང་བསྐྱར་དུ་གསང་ཚིག་གསར་བ་འཇུག་ནས་ནང་འཛུལ་བྱེད་དགོས།

ཁྱེད་ཀྱི་ངོ་དེབ་དེ་ཁྱོད་ཀྱི་གློག་འཕྲིན་དང་སྦྲེལ་ནས་ཡོད། ཁྱེད་རང་ངོ་དེབ་ལ་འཛུལ་ཐེངས་རེར། ཁྱེད་ཀྱིས་རང་གི་གློག་འཕྲིན་ཁ་བྱང་དེ་བེད་སྤྱོད་གཏོང་དགོས། གལ་སྲིད། ཁྱེད་ཀྱི་སོ་སོའི་གསང་ཚིག་བོར་བའམ་བརྗེད་པ་སོགས་བྱུང་ཚེ། ཁྱེད་ཀྱིས་རང་གི་གློག་འཕྲིན་བརྒྱུད་ནས་དེ་སླར་གསོའམ་བསྐྱར་བཟོ་བྱེད་ཐུབ། དེར་བརྟེན། ངོ་དེབ་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། གློག་འཕྲིན་ཁ་བྱང་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ་གློག་འཕྲིན་ཁ་བྱང་བརྟན་པོ་ཞིག་བཟོ་རྒྱུ་དེ་བས་ཀྱང་གལ་ཆེ། ལྷག་པར་དུ། གསང་ཚིག་དང་གློག་འཕྲིན་གཉིས་གལ་ཆེ་བཞིན། ཁྱེད་རང་གློག་ཀླད་དང་ཁ་བྲལ་སྐབས། ངོ་དེབ་སྒོ་རྒྱག་དགོས། དེ་ལྟར་བྱས་ན། ཁྱེད་ཀྱི་གློག་འཕྲིན་དང་གསང་ཚིག་སོགས་བརྐུ་ལ་ཤོར་བའི་ཉེན་ཁ་ཆུང་། སྒེར་གྱི་གློག་ཀླད་མིན་པར་སྤྱི་བའི་གློག་ཀླད་བེད་སྤྱོད་གཏོང་མཁན་ཞིག་ཡིན་ན། ངོ་དེབ་སྒོ་རྒྱག་རྒྱུ་གཏན་ནས་བརྗེད་མི་ཉན། ངོ་དེབ་སྒོ་མ་བརྒྱབ་པར་ཕྱིན་ན། དེ་ནི་སྒོ་ཕྱེས་ནས་རྐུན་མ་ནང་ལ་མགྲོན་ཏུ་བོས་བ་དང་མཚུངས།

གསང་ཚིག་དང་གློག་འཕྲིན་གྱི་གནད་དོན་གཉིས་ངོ་འཕྲོད་པའི་རྗེས་སུ། ངོ་དེབ་སྟེང་དུ་དོ་སྣང་བྱེད་གལ་ཆེ་བ་གཉིས་ཡོད་པ་ནི། ཉེན་སྲུང་སྒྲིག་བཟོ་(Security Settings)དང་སྒེར་གྱི་སྒྲིག་བཟོ་(Privacy Settings)གཉིས་ཡིན། ཉེན་སྲུང་སྒྲིག་བཟོ་ནི། ཐོག་མར་སྒྲིག་བཟོའི་(Settings)སྒང་ལ་བསྣུན། དེ་ནས་ཐོ་མཛོད་སྒྲིག་བཟོའི་(Account Settings)སྒང་ལ་བསྣུན། དེ་ནས་ཉེན་སྲུང་(Security)སྒང་ལ་བསྣུན་དང་ཉེན་སྲུང་སྒྲིག་བཟོའི་གདམ་ཁ་ཆ་ཚང་ཤར་ཡོང་གི་རེད།
Screen Shot 2013-09-24 at 1.16.19 AM

དེའི་ཁྲོད་ཀྱི་གལ་ཆེ་བ་དག་ནི། ཉེན་སྲུང་བཤེར་བ།(Secure Browsing) དང་ནང་འཛུལ་བརྡ་ཁྱབ། (Login Notification) ནང་འཛུལ་ཆོག་མཆན།(Login Approvals) བྱ་ལས་སྡེ་ཚན་(Active Sessions)བཅས་ཡིན།
Screen Shot 2013-09-24 at 1.17.06 AM

ཉེན་སྲུང་བཤེར་བ་(Secure Browsing)ཡིས་ཁྱེད་ཀྱི་ངོ་དེབ་ཀྱི་ཉེན་སྲུང་ཡག་ཏུ་གཏོང་བར་ཕན་ཐོགས། འདི་ཡིས་ཁྱེད་ཀྱི་ངོ་དེབ་ལ་ཉེན་སྲུང་ལ་(HTTPS)ཡི་མཐུན་རྐྱེན་སྦྱར་གི་ཡོད་ཅིང་། དེ་ལྟར་བྱས་ན། ཁྱེད་ཀྱིས་ངོ་དེབ་སྟེང་དུ་ཅི་ཞིག་བཤེར་གི་ཡོད་མེད་ལ་གཞན་གྱིས་ལྐོག་བལྟ་བྱེད་མི་ཐུབ། དེ་ཡང་། ཉེན་སྲུང་བཤེར་བ་ཡི་སྒང་ལ་ཕྱིན་ནས་རྩོམ་སྒྲིག་(Edit)ལ་བསྣུན། དེ་ནས་སྒམ་ཆུང་དེ་ལ་འགྲིག་རྟགས་རྒྱོབས། དེ་ནས་འགྱུར་ཉར་ཚགས་(Save Changes)ཟེར་བ་དེའི་སྒང་ལ་བསྣུན། དེ་ལྟར་བྱས་ན། ཁྱེད་ཀྱི་ངོ་དེབ་རྟག་ཏུ་(HTTPS)ལ་སྦྲེལ་ནས་ཡོད།

Screen Shot 2013-09-24 at 1.17.55 AM

ནང་འཛུལ་བརྡ་ཁྱབ་(Login Notification)ནི་ཉེན་སྲུང་གི་མ་ལག་གཞན་ཞིག་ཡིན། འདི་ཡིས། གལ་སྲིད་མི་གཞན་ཞིག་གིས། གློག་ཀླད་གཞན་པའམ་ལག་འཁྱེར་ཁ་པར་སོགས་ཡོ་ཆས་གཞན་ཞིག་བརྒྱུད་ནས་ཁྱེད་ཀྱི་ངོ་དེབ་ལ་འཛུལ་བར་བརྩམས་ཚེ། ཁྱོད་ལ་ཉེན་བརྡ་གཏོང་གི་རེད། མ་ལག་འདི་བྱེད་ལས་ཅན་བཟོ་བ་ལ། ཐོག་མར་ནང་འཛུལ་བརྡ་ཁྱབ་སྟེང་གི་རྩོམ་སྒྲིག་(Edit)ཐོག་བསྣུན།
Screen Shot 2013-09-24 at 1.18.29 AM

དེའི་རྗེས་སུ། གློག་འཕྲིན་དང་འཕྲིན་ཐུང་ཟེར་བའི་གདམ་ཀ་གཉིས་མངོན་ཡོང་གི་རེད། གཉིས་ཀར་འགྲིག་རྟགས་རྒྱོབས།

Screen Shot 2013-09-24 at 1.19.06 AM

གློག་འཕྲིན་སྔར་ནས་ཁྱེད་ཀྱི་ངོ་དེབ་དང་སྦྲེལ་ནས་ཡོད་པས་བསྐྱར་དུ་ལས་སྣོན་བྱེད་མི་དགོས། ཁ་པར་ཨང་གྲངས་དེ་སྔོན་ཆད་བཅུག་མེད་ན། སྐུ་མཁྱེན། ཁྱེད་ཀྱི་གསང་ཚིག་བསྐྱར་འཇུག་གནང་རོགས་(Please,Re-enter Your Password)ཟེར་བའི་སྒམ་ཆུང་འདི་ཤར་ཡོང་གི་རེད། དེ་རུ་ཁྱེད་ཀྱི་གསང་ཚིག་བསྐྱར་དུ་བཅུག དེ་ནས་ཡར་སྤྲོད(Submit)ཟེར་བ་དེའི་སྒང་ལ་བསྣུན། དེའི་རྗེས་སུ་སྒམ་ཆུང་གཉིས་པ་དེའི་ངོས་སུ། སོ་སོ་སྡོད་སའི་རྒྱལ་ཁབ་དེའི་ཨང་ཚབ་(Country code)བཅུག སོ་སོའི་ལག་འཁྱེར་ཁ་པར་ཨང་གྲངས་(Phone number)བཅུག ང་ལ་འཕྲིན་ཐུང་ཐོངས་(Sending me a text)ཟེར་བ་དེར་རྟགས་རྒྱོབས། དེ་ནས་མུ་མཐུད(Continue)ཟེར་བ་དེའི་སྒང་ལ་བསྣུན།
Screen Shot 2013-09-24 at 1.19.43 AM

མུ་མཐུད(Continue)ཀྱི་སྒང་ལ་བསྣུན་རྗེས། ཁྱོད་ལ་ངོ་དེབ་ཀྱི་ཨང་གྲངས་32665བརྒྱུད་ནས་ཨང་གྲངས་དྲུག་འབྱོར་གི་རེད། ཨང་གྲངས་དྲུག་དེ་གཤམ་གྱི་སྒམ་ཆུང་ནང་བཅུག་རྗེས། གཏན་འཁེལ་(Confirm)ཟེར་བའི་སྒང་ལ་བསྣུན། གཏན་འཁེལ་སྒང་ལ་སྣུན་རྗེས། ངོ་དེབ་ཀྱིས་བསྐྱར་དུ་ཁྱོད་ཀྱི་གསང་ཚིག་འདྲི་གི་རེད། གསང་ཚིག་བསྐྱར་དུ་བཅུག་དང་གཞི་ནས་ནང་འཛུལ་བརྡ་ཁྱབ་ཀྱི་རིམ་པ་འདི་རྫོགས་པ་རེད།

Screen Shot 2013-09-24 at 1.20.24 AM

བྱ་ལས་སྡེ་ཚན་(Active Sessions)འདི་ཡང་ཉེན་སྲུང་གི་མ་ལག་གལ་ཆེན་ཞིག་ཡིན། སྡེ་ཚན་འདི་བརྒྱུད་ནས་ཁྱོད་ཀྱིས། སོ་སོའི་ངོ་དེབ་ཀྱི་ལོ་རྒྱུས་ལ་བལྟ་ཐུབ་གི་རེད། དེ་ཡང་། ངོ་དེབ་ལ་འཛུལ་བའི་དུས་ཚོད་དང་ས་གནས། བཤེར་ཆས། བཀོལ་སྤྱོད་མ་ལག་བཅས་ཚང་མར་བལྟ་ཐུབ་གི་རེད། དཔེར་ན། ཁྱེད་རང་རྒྱ་གར་དུ་སྡོད་ཅིང་ཁྱེད་ཀྱིས་གྷོ་རྒལ་ཁུ་རོམ་(Google Chrome)བརྒྱུད་ནས་ངོ་དེབ་སྟེང་འཛུལ་ཡོད་རུང་། ངོ་དེབ་ཀྱིས་བྱ་ལས་སྡེ་ཚན་གྱིས་ཁྱེད་ཀྱི་སྡོད་གནས་ཧོང་ཀོང་དང་བཤེར་ཆས་(Internet Explorer)ལྟ་བུ་ཡིན་ཚེ། ཁྱེད་ཀྱི་ངོ་དེབ་ཁོངས་སུ་མི་གཞན་ཞིག་སིམ་འཛུལ་བྱས་ཡོད་པ་རེད། གནས་སྟངས་འདི་འདྲའི་འོག་ཏུ། བྱ་ལས་སྡེ་ཚན་གྱི་རྩོམ་སྒྲིག(Edit)སྒང་ལ་བསྣུན་ནས། བྱེད་ལས་ཚང་མ་མཚམས་ཞོག(End All Activity)ཟེར་བའི་སྒང་ལ་བསྣུན། དེའི་རྗེས་སུ། ངོ་དེབ་ཀྱི་གསང་ཚིག་ངེས་པར་དུ་བརྗེས།

Screen Shot 2013-09-24 at 1.21.05 AM

ད་ནི་སྒེར་གྱི་སྒྲིག་བཟོའི་(Privacy Settings)སྐོར་དེ་ཡིན། ང་ཚོ་སྒེར་གྱི་མི་ཚེའི་ནང་དུ། ང་ཚོར་སྒེར་གྱི་རང་དབང་གི་ཁོར་ཡིག་དང་གཏམ་སྤྱོད་ཞིག་དགོས་བ་བཞིན། ངོ་དེབ་ཀྱིས་ཀྱང་ང་ཚོར་མཐུན་རྐྱེན་བསྐྲུན་གྱི་ཡོད། དེ་ཡང་གཙོ་བོ། ངོ་དེབ་སྟེང་གི་ང་ཚོ་སྒེར་བའི་གནས་ཚུལ་དང་བསམ་ཚུལ། འདྲ་པར། འབྲེལ་ཐག་བཅས་ལ་སུས་བལྟ་ཆོག་པ་དང་བསམ་ཚུལ་བཤད་ཆོག་པ། བགོ་འགྲེམས་བྱེད་ཆོག་པ་བཅས་ཀྱི་གདམ་ཀའི་སྐོར་དེ་ཡིན། སྒེེར་གྱི་སྒྲིག་བཟོའི་ཁོངས་སུ་གདམ་ཀ་གཙོ་བོ་གསུམ་ཡོད་ཅིང་། དེ་ཚོ་ནི། ༡) སུས་ངའི་བྱེད་ལས་ད་བལྟ་ཆོག་གམ།(Who can see my stuff)། ༢)སུས་ང་ལ་འབྲེལ་བ་བྱས་ཆོག་གམ(Who can contact me)། ༣)སུས་ང་བཙལ་ཐུབ་བམ(Who can look me up)། གསུམ་ཡིན།

Screen Shot 2013-09-24 at 1.21.42 AM

དཔེར་ན། སུས་ངའི་བྱེད་ལས་ལ་བལྟ་ཆོག་གམ་ཟེར་བའི་ཁོངས་ཀྱི། སུས་ཁྱོད་ཀྱི་འབྱུང་འགྱུར་གྱི་བསྒྲགས་ཡིག་ལ་བལྟ་ཆོག་གམ་(Who can see your future posts)ཟེར་བ་ལྟ་བུར་མཚོན་ན། གལ་སྲིད་ཁྱོད་ཀྱིས་དེའི་རྩོམ་སྒྲིག་(Edit)གི་སྟེང་ལ་བསྣུན་དང་། ཁྱོད་ལ་ཡོད་པའི་གདམ་ཀ་ནི། མི་མང་(Public)། གྲོགས་པོའི་གྲོགས་པོ(Friends of friends)། གྲོགས་པོ(Friend)། ང་རང་གཅིག་པོ(Only me)། གྲོགས་པོ་ཉེ་ཤོས(Close friend)། བརྗེ་སྣོན་(Custom)བཅས་ཡོད་ཅིང་། ང་རང་གཅིག་པོའི་སྒང་ལ་བསྣུན་ན། ཁྱེད་རང་མ་གཏོགས་སུ་གང་གིས་ཀྱང་ཁྱོད་ཀྱི་ངོ་དེབ་སྟེང་གི་བསྒྲགས་ཡིག་དག་མཐོང་མི་ཐུབ། བརྗེ་སྣོན་(Custom)ཟེར་བ་ནི། དམིགས་སུ་བཀར་ནས་མི་སུ་དང་སུ་ལ་བལྟ་འཇུག་མིན་དེ་ཡིན་ཞིང་། དེ་ལག་ལེན་བྱེད་པ་ལ། མིའི་མིང་འབྲི་དགོས། གོང་གི་བྱེད་སྟངས་སྤྱི་ཙམ་པ་འདི་གདམ་ཀ་གཞན་དག་ལ་ཡང་རྒྱས་འགེབས་བྱས་ཆོག
Screen Shot 2013-09-24 at 1.22.19 AM
ངོ་དེབ་སྐོར་གྱི་ཉེན་སྲུང་གི་གནད་དོན་གལ་ཆེ་བ་ཁག་ཕལ་ཆེར་གླེང་ཚར་བ་ཡིན། ཚིག་གཅིག་རང་ཞུ་འདོད་པ་ནི། གལ་སྲིད་ཁྱོད་ཀྱི་ངོ་དེབ་གྲོགས་པོའི་ཁོངས་སུ། གཞན་ལ་དོན་མེད་དུ་ཚིག་རྩུབ་དང་སྐུར་འདེབས། ཀླན་ཀ་འཚོལ་མཁན་ཡོད་ཚེ། དེ་ཚོ་འགོག་པའི་ལམ་ཁ་གཅིག་ནི། ཁྱེད་ཀྱི་ཐོ་མཛོད་སྒྲིག་བཟོའི་ཁོངས་ཀྱི་གཡོན་ངོས་སུ་བཀག(Blocking)ཟེར་བ་ཞིག་ཡོད་པ་དེ་ཡིན།

Screen Shot 2013-09-24 at 1.23.15 AM
བཀག(Blocking)གི་སྟེང་ལ་བསྣུན་ན། བེད་སྤྱོད་གཏོང་མཁན་ཁོག་(Block users)ཟེར་བའི་སྒམ་ཆུང་དེ་མཐོང་ཞིང་། དེའི་ནང་དུ་མི་དེས་མིང་བྲིས་ནས་ཁོག(Block)ཟེར་བའི་སྒང་ལ་བསྣུན་ན། མི་དེས་ཁྱོད་ཀྱི་ངོ་དེབ་སྟེང་གི་བྱེད་ལས་རྐང་གཅིག་ཀྱང་མཐོང་མི་ཐུབ་པ་མ་ཟད་ཁྱོད་དང་གྲོགས་བསྒྲིགས་ཀྱང་བྱེད་མི་ཐུབ། འདི་ཡང་ཞོར་ནས་འཕྲོས་བ་ཡིན། ངོ་དེབ་ཀྱི་སྐོར་ལ་འདི་ཙམ་གྱིས་འཐུས་བར་གྱིས།

(འཇིགས་མེད་ནུབ་པ་ནི། རྩོམ་སྒྲིག་དང་ཡིག་སྒྱུར། རྩོམ་འབྲི་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན།)


རྩོམ་འདིའི་ནང་མཆན་བཀོད་མི་འདུག

Write a Reply or Comment

Your email address will not be published. Required fields are marked *

*